མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་ཀྱི་ངོ་བོ་མི་རིགས་གང་དེའི་སྐད་ཡིག་ཡིན་ཚུལ་ལས་ཉུང་ངུར་གླེང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

                                                                                                                      
 མགོན་པོ་བསོད་ནམས།
 

འཛམ་གླིང་ལོ་རྒྱུས་ཁྲོད། མི་རིགས་མི་ཉུང་བ་ཞིག་རྩ་བརླག་ཏུ་སོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ནི་མི་རིགས་སོ་སོས་རང་ཉིད་ཀྱི་སྐད་ཡིག་ཤོར་བ་ལས་གནས་ཚུལ་དེ་བྱུང་བ་ཞིག་རེད། དེའང་མི་རིགས་གང་དེས་རང་ཉིད་ཀྱི་སྐད་ཡིག་གི་གླེགས་བམ་ལ་བཞི་ཤད་བྲིས་ནས་ཕྱིར་མི་ལྡོག་པའི་ས་ལ་སྐྱེལ་རྫོང་བྱས་ཏེ། སྐད་ཡིག་གཞན་ཞིག་རང་དབང་ངམ་གཞན་དབང་གིས་(གཙོ་ཤུགས་སྐད་ཡིག)རང་གི་སྐད་ཡིག་གི་ཚབ་སྟེ་སྐད་ཡིག་དང་པོར་བཟུང་བས་རེད། ལྟོས་དང་། དེ་རིང་ཡང་སྐད་ཡིག་ཡོད་པའི་མི་རིགས་ཤིག་སྐད་ཡིག་མེད་པའི་མི་རིགས་སུ་འགྱུར་བཞིན་འདུག  དེ་ནི་ང་ཚོ་སྟེ། ཐུ་བྷོད་གངས་ཅན་པའི་མི་རིགས་མ་རེད་དམ། རང་རེ་བོད་ཀྱི་སྤྱི་ཚོགས་ཕྱི་ནང་གང་ས་ན་གོ་མེད་ཚོར་མེད་ཀྱི་ངང་ནས་གད་པ་ཆུ་ཟོས་ལྟར་རང་ཉིད་ཀྱི་སྐད་ཡིག་ནི་རིམ་གྱིས་འཐུས་ཤོར་དང་ཉམས་རྒུད་དུ་འགྲོ་བཞིན་པ་ལ་འགལ་རྐྱེན་མི་ཉུང་བ་ཞིག་བགྲང་རྒྱུ་ཡོད་ངེས་མོད། འོན་ཀྱང་། གཙོ་བོ་ནི་བོད་པ་རང་ཉིད་མི་རེ་ངོ་རེའི་བསམ་བློའི་གོ་རྟོགས་དང་། རང་ཚུགས་ཀྱི་མི་གཤིས་དང་འབྲེལ་བ་ཏན་ཏན་ཡོད་ངེས་རེད། དེ་ཡང་ང་ཚོ་རང་ངོས་ནས་གང་ཞིག་གལ་ཆེན་དང་གང་ཞིག་གལ་ཆུང་ཡིན་པའི་གནས་ལུགས་དང་དོན་དངོས་ལ་བསམ་གཞིག་གིས་མ་འདང་བའི་དབང་གིས་རེད་ལ། ཐུན་མོང་གི་ལས་དོན་ཐོག་གི་རྣམ་པ་དང་ངོ་བོའི་དབྱེ་མཚམས་ལ་ཕུ་ཐག་ཆོད་པའི་ལངས་ཕྱོགས་མི་གསལ་བ་ལ་བརྟེན་ནས་སྐབས་རེར་གཙོ་བོ་བཞག་ནས་ཕལ་བའི་རྗེས་སུ་རྒྱུགས་པས་རེད།

 

སྐྱེ་བོ་རེ་ཟུང་དང་གྲོང་སྡེ་ཁ་ཤས་ཤིག་ཏུ་ལོ་རྒྱུས་དང་གནས་བབས་ཀྱི་རྐྱེན་དབང་གིས་མི་རིགས་རང་གི་སྐད་ཡིག་དེ་མི་རིགས་གཞན་གྱི་སྐད་ཡིག་ལས་མགོ་འཕང་དམའ་བའི་གནས་སྟངས་དེ་འདྲ་ཡོང་སྲིད་མོད། འོན་ཀྱང་། མི་རིགས་ཧྲིལ་བོ་ཞིག་གི་རང་ཉིད་ཀྱི་ཐུན་མིན་བརྡ་སྤྲོད་རིག་པའི་འཚོ་གནས་ཀྱི་སྤུས་ཚད་དང་ཁྱབ་རྒྱ་ཉམས་རྒུད་དུ་ཕྱིན་ཏེ། ་རྒྱུན་སྤྱོད་དམ་གཙོ་ཤུགས་སྐད་ཡིག་གི་གནས་བབས་ལས་བརྒལ་ཟིན་ན་དེ་ནི་གཞི་རྩའི་ཆ་ནས་མི་རིགས་རྩ་མེད་དུ་འགྲོ་བའི་ལམ་བུ་ཉག་ཅིག་དང་། མི་རིགས་ཤིག་གི་ལོ་རྒྱུས་རང་བཞིན་ཅན་གྱི་ཤུལ་བཞག་རིག་གནས་ཧྲིལ་བོ་ཉམས་རྒུད་དུ་འགྲོ་བར་ཅི་འདྲའི་ཉེན་ཚབས་ཆེ་ཞིང་ཡ་ང་བའི་གནས་སྟངས་ཤིག་རེད་ཨང་། དེར་བརྟེན། ཐོག་མར་མི་རིགས་ཤིག་གི་གཞི་རྩའི་འགན་འཁྲི་སྐད་ཡིག་ཡིན་པ་དང་། སྐད་ཡིག་གི་གལ་ཆེའི་གནས་བབས་ལས་འཕྲོས་ཏེ་མི་རིགས་མཚན་ཉིད་གང་དུ་ངོས་འཛིན་དགོས་མིན་ཐད་གླེང་མོལ་རོབ་ཙམ་ཞིག་བྱེད་འདོད།

དང་པོ། མི་རིགས་ཤིག་གི་རང་བྱུང་གི་གཞི་རྩའི་འགན་འཁྲི་གང་རེད་དམ། སྤྱིར་མི་རིགས་ཤིག་གི་འགན་འཁྲི་ནི་སྣ་མང་རང་བཞིན་ཅན་ཞིག་ཡིན་ནའང་། མི་རིགས་ཀྱི་ངོས་ནས་གླེང་ན། མི་རིགས་ཤིག་གི་རང་བྱུང་ལྷན་སྐྱེས་ཀྱི་གཞི་རྩའི་འགན་འཁྲི་ནི་མི་རིགས་རང་ཉིད་ཀྱི་ངོ་བོ་མ་འགྱུར་བ་གནང་རྒྱུ་དེ་རེད། མི་རིགས་ཤིག་གི་ངོ་བོ་ནི་མཐར་གཏུག་ན་མི་སྒེར་རེ་རེའི་ངོ་བོ་ལ་ཐུག་ཡོད་པ་དང་། མི་སྒེར་གྱི་ངོ་བོ་ནི་རང་ཉིད་ཀྱི་སྐད་ཡིག་ལ་ཐུག་ཡོད། དེས་ན། མི་སྒེར་བྱེ་བྲག་པ་རང་ཉིད་ཀྱི་སྐད་ཡིག་ནི་ཁྱོན་ཡོངས་ནས་གལ་འགངས་ཅན་དང་། མི་རིགས་ཀྱི་གྲུབ་ཆའི་གཙོ་གནད་དུ་གྱུར་ཡོད།  དེའང་མི་རིགས་ཀྱི་ངོ་བོ་ནི་སྐད་ཡིག་གང་དེས་བསྡུས་པའི་རིག་གནས་དང་། ཐུན་མིན་གྱི་རིག་གནས་དེས་སྐྱེད་ཅིང་སྐྲུན་པའི་སེམས་ཁམས་ཀྱི་ཁྱེར་སོ་ཡིན་པ་དང་། དེའང་སྐད་ཡིག་ཉིད་ལ་རག་ལས་ཡོད་པ་འདིའི་ཐོག་ནས་ཀྱང་སྐད་ཡིག་ནི་འགན་སྲུང་བྱེད་དགོས་པའི་གནས་རིམ་ལས་ཚད་མཐོ་ཤོས་དེ་ཡིན་པའི་གནས་ལུགས་རྟོགས་ངེས།དེ་ལྟ་བུའི་བྱེད་ལས་ཀྱི་ཆ་ནས་རླབས་ལྕི་ལ། རིན་ཐང་གི་ཆ་ནས་མི་རིགས་གང་གི་བླ་སྲོག་དང་ངོ་བོར་གྱུར་བའི་བརྒྱུད་རིམ་ལས། སྐད་ཡིག་གི་མེ་རོ་གསོ་རྒྱུ་ནི་རང་རེའི་མིག་སྔར་ལྷག་པའི་འགག་རྩའི་འགན་འཁྲི་ཡིན་པ་དང་། སྐད་ཡིག་དེ་འགན་ལེན་དང་སྲུང་སྐྱོབ་བྱེད་རྒྱུ་ནི་རང་སྒེར་མི་རེ་ངོ་རེའི་རང་བྱུང་ལྷན་སྐྱེས་ཀྱི་འགན་འཁྲི་དང་། མི་རིགས་ཤིག་གི་མ་རྩ་དང་རྨང་གདན་ཉག་གཅིག་ཡིན་ནོ།

གཉིས་པ།  ཅིའི་ཕྱིར་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་ངོ་བོ་དང་། བླ་སྲོག་ཏུ་གྱུར་བ་རེད་དམ། མི་རིགས་སུ་འདྲ་ཞིག་ཡིན་ནའང་རུང་། མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྲོག་དང་རིགས་ཀྱི་ངོ་བོར་འགྱུར་མཚམས་ཀྱི་འབྱུང་རྩ་དངོས་གནས་དེ་སྐད་རེད་ལ་ཡི་གེ་ནི་སྐད་དེ་སྲ་བརྟན་དང་། འགན་སྲུང་། འཐུས་ཚང་དུ་གཏོང་བྱེད་ཅིག་ཡིན་པ་དང་། སྐད་ཀྱི་གཞི་འཛིན་ས་དང་། མ་ཡུམ་དུ་གྱུར་ཡོད། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་མི་རིགས་ཀྱི་རིག་གནས་ཞེས་ཡོངས་གྲགས་ཅན་དེའང་གཙོ་བོ་མི་རིགས་དེའི་སྐད་ཡིག་གིས་བསྡུས་པའི་ཤེས་བྱར་ངོས་འཛིན་དགོས་པ་ལས་གཞན་མི་རིགས་ཀྱི་ངོ་བོའི་ཆ་ནས་གླེང་ན་ཐུན་མིན་གྱི་འཚོ་བ་དང་། རུས་བརྒྱུད། སྒྱུ་རྩལ། དད་མོས། མཛེས་རྟོག་སོགས་ནི་ཕལ་བ་ཞིག་ཡིན་པ་དང་། སྐད་ཡིག་བྱེ་བྲག་པ་དེ་མི་རིགས་དེའི་རང་སྐྱ་ཕེར་མིན་གྱི་གཞི་རྩའི་ཆ་རྐྱེན་ཉིད་རེད། མི་རིགས་ཀྱི་ཁྱད་ཆོས་གཞན་དག་ནི་སྐད་ཡིག་གིས་ཤུགས་རྐྱེན་ཐེབས་པ་ལ་བརྟེན་ནས་གྲུབ་པ་དང་སྐད་ཡིག་འཕོ་འགྱུར་ལ་ལྟོས་ཤིང་སྐད་ཡིག་གི་དར་རྒུད་གནས་བབས་ལ་ཤས་ཆེར་བརྟེན་ཡོད།དེས་ན། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་ངོ་བོ་དང་། དེའི་སྤྱོད་རྒྱའི་ཁྱབ་ཚད་ནི་སྐད་ཡིག་འགན་སྲུང་གི་ལྕགས་རི་རེད་ལ་མི་རིགས་ཀྱི་ཁྱད་ཆོས་གཞན་དག་གི་རྩ་བའི་སྒུལ་ཤུགས་ཀྱང་རེད། དེར་བརྟེན། གནའ་དེང་མཁས་པ་མང་བོའི་མགྲིན་གཅིག་རྩོད་མེད་ཀྱིས། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་གང་དེའི་བླ་སྲོག་རེད་ཅེས་སྡོམ་ཚིག་བཀོད། དེས་ན་རང་རེ་བོད་མི་རིགས་གནས་དང་མི་གནས་ཀྱི་སོ་མཚམས་དེ་བོད་ཀྱི་སྐད་ཡིག་གནས་མིན་ལ་རག་ལས་བ་དང་། གནད་དོན་འདི་ཁོ་ནས་མི་རིགས་འདིའི་ཤི་གསོན་གྱི་གནས་བབས་དབྱེ་ཐག་གཅོད་ཀྱིན་ཡོད།

 

གསུམ་པ། མི་རིགས་ཤིག་གི་ངོ་བོ་སོར་གནས་ཐོག་སྐད་ཡིག་བརྗེ་བསྒྱུར་བྱེད་ཐུབ་བམ། མི་རིགས་ཀྱི་ཁྱད་ཆོས་གང་ཞིག་ཡིན་ནའང་དུས་དང་འཚམ་པར་ལེགས་བཅོས་དང་། འདོར་ལེན་བྱེད་ཆོག་ལ་དེ་ལྟར་དུས་ལྟར་བྱེད་དགོས་ངེས་ཤིག་ཀྱང་ཡིན་མོད། འོན་ཀྱང་། མི་རིགས་གང་དེའི་ངོ་བོ་མ་ཉམས་པར་སྐད་ཡིག་བརྗེ་བསྒྱུར་ཐུབ་པ་ཞིག་མེད།གལ་སྲིད་མི་རིགས་ཤིག་གིས་རང་གིི་སྐད་ཡིག་དེ་སྐད་ཡིག་གཞན་ཞིག་ལ་བརྗེ་བསྒྱུར་བྱེད་པའི་སྦྱོར་བ་བརྩམས་ན་དེ་ནི་མི་རིགས་གང་དེའི་བླ་སྲོག་ལ་རྒོལ་ཞིང་ངོ་བོ་རྨེག་མེད་ཀྱི་ལས་ལ་ཞུགས་པ་དང་། རང་རིགས་མིང་གི་ལྷག་མར་བསྒྱུར་བའི་ལས་རྩོམ་པ་ཞིག་ཡིན་ཏེ། སྐབས་དེར་མི་རིགས་དེའི་ངོ་བོ་ནི་གཞན་ཞིག་ཏུ་འགྱུར་བས་སོ།  དེས་ན་མི་རིགས་ཀྱི་བླ་སྲོག་རང་སོར་གནས་ཤིང་མ་ཉམས་པའི་ཐོག་ནས་སྐད་ཡིག་གསར་པ་ཞིག་གམ། དེ་བས་ཀྱང་མི་རིགས་གཞན་ཞིག་གི་སྐད་ཡིག་ཏུ་བརྗེ་བསྒྱུར་བྱེད་ཐུབ་པ་ཞིག་མེད་དེ། དཔེར་ན། དངོས་པོ་གང་ཞིག་གི་བཟོ་ལྟ་བཅོས་ཆོག་པ་ལས་གལ་སྲིད་དངོས་བོ་གྲུབ་བྱེད་ཀྱི་རྒྱུ་ཆ་བསྒྱུར་ཐབས་ཀྱི་ལས་རྩོམ་པ་ནི་དང་ཐོག་གི་ངོ་བོ་དམིགས་མེད་ཀྱི་དབྱིངས་སུ་འཕོ་བར་གཡབ་མོ་བྱེད་པ་ལས་མ་འདས་པ་བཞིན་ནོ།  ངོས་གཞན་ཞིག་ནས་གླེང་ན། མི་རིགས་བྱེ་བྲག་པ་ཞིག་དང་། དེའི་སྐད་ཡིག་དང་།  སྐད་ཡིག་དེས་བསྡུས་པའི་རིག་གནས་ལྟ་གྲུབ་ཀྱིས་སྐྱེད་ཅིང་སྐྲུན་པའི་ཐུན་མིན་སེམས་ཀྱི་ཁྱེར་སོ་བཅས་ནི་ཆུ་ལ་ཆུ་བསྲེས་པ་བཞིན་དུ་ཡོད་པས་མཉམ་ཤི་མཉམ་གསོན་གྱི་སྲོག་རྩ་གཅིག་ཏུ་འབྲེལ་ནས་ཡོད་ལ་དངོས་པོའི་གཤིས་ལུགས་དེ་ནི་བདེན་གྲུབ་ཡིན་གྱི་ལྟོས་གྲུབ་མིན།

 བཞི་བ། སྐད་ཡིག་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་དགོས། སྐད་ཡིག་གང་འདྲ་ཞིག་ཡིན་ནའང་དང་ཐོག་གསར་གཏོད་ཀྱི་རིམ་པ་ནས་བཟུང་སྟེ་དུས་ཀྱིས་འགྲོས་དང་། དགོས་མཁོ་ལ་ལྟོས་ཏེ་ལེགས་བཅོས་དང་། བཀས་བཅད། འདོར་ལེན། འཐུས་ཚང་བཅས་བརྒྱུད་ཡོང་བ་ཞིག་རེད། དེར་བརྟེན། སྐད་ཡིག་གང་ཞིག་ལའང་ལེགས་བཅོས་རིམ་པར་གཏོང་བའི་བརྒྱུད་རིམ་དང་ལོ་རྒྱུས་རེ་ཡོད། དཔེར་ན། རྒྱ་ནག་གི་སྐད་ཡིག་བཀས་བཅད་ཐེངས་བདུན་དང་། ཉི་ཧོང་ཡི་གེ་ཐེངས་བཅུ་ལྷག དེ་བཞིན་རང་རེ་བོད་ཀྱི་སྐད་ཡིག་ཀྱང་དམ་པ་གོང་མ་ཚོས་བཀས་བཅད་རིམ་པར་གནང་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་མྱོང་བའི་བྱུང་བ་ཡོད་པ་དང་། དེ་རིང་། དུས་ཀྱི་འཕོ་འགྱུར་གྱི་བང་སྐྱེན་བའི་ཚ་རླབས་ཁྲོད་འདིར། ཐོན་དངོས་གསར་བ་ནི་ཆར་ཤུལ་གྱི་ཤ་མོང་བཞིན་བརྡོལ་བ་དང་། ཚན་རྩལ་དང་གློག་རྡུལ་སྒྲོག་སྡུད་ཀྱི་མཐོ་རླབས་ཀུན་ནས་འཕྱོ་ཞིང་ཤར་ནུབ་དང་། གནའ་དེང་གི་རིག་གནས་ཀྱི་བཞུར་རྒྱུན་གཅིག་ཏུ་འདྲེས་ཤིང་གླིང་ལྔའི་ཡུལ་གྲུ་གང་ས་ན་རིག་གནས་སྣ་མང་གི་མེ་ཏོག་སྣ་ཚོགས་སྐྱེས་སུ་འབུལ་རེས་དང་ཕན་ཚུན་འདེབས་གསོ་དང་འདྲེན་གཏོང་། སྙིགས་དོར་བཅུད་ལེན་བཅས་དུས་ཀྱི་འགྲན་རྒྱུགས་ཆེན་མོར་ཞུགས་བཞིན་པའི་ཁྲོད་འདིར། རང་རེའི་བོད་སྐད་ཡིག་གི་ཐུན་མིན་ལྡུམ་རྭ་འདིའང་རྒྱུན་བཀོལ་དང་། འཛིན་སྐྱོང་སྤེལ་གསུམ་དགོས་ངེས་ཡིན་པ་ལས་དེ་ཕན་མེད་དུ་བརྩིས་ནས་གསོ་སྐྱོང་གི་ལས་དོན་གཉེར་མཚམས་བཞག་ནས་གཞན་ཞིག་ལ་སེམས་གཡེང་ཞིང་མགོ་འཁོར་བསྡད་ན། བོད་བསྟན་སྲིད་མི་རིགས་དང་བཅས་འགྲོ་ས་དེ་དུས་ཀྱི་གད་སྙིགས་ནང་ལས་ལམ་གཞན་དག་ནི་འགག་པར་འགྱུར་རོ།

དེས་ན། བོད་སྐད་བོད་ཡིག་ལ་དུས་དང་འཚམ་པར་གཙང་བཤེར་དང་ལེགས་བཅོས། རིག་གནས་གསར་བའི་ཟུངས་ཁྲག་སྦྱིན་ཏེ་གསོན་ཤུགས་རྒྱས་ཤིང་དུས་རབས་ཀྱི་འགྲོས་དང་མཉམ་དུ་འཛམ་གླིང་གསར་བའི་ཁྲོད་འདིར་གོམ་པ་གསར་བ་ཞིག་སྤོ་ཤེས་པ་དང་། སྤོ་དགོས་པའི་དུས་ལ་བབས་འདུག  ཤུལ་ལྷག་བོད་སྐད་དང་བོད་ཡིག་ཤེས་པའི་བོད་པ་དག་གིས་རང་འགན་གྱི་དཔལ་འབར་མཐོན་པོར་སྒྲེང་དགོས་ངེས་ཡིན་པ་ནི་ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་རེད་ལ། ད་ལྟའི་ཆར་ལོ་རྒྱུས་ཀྱི་རྐྱེན་དབང་གིས་ཡུད་ཙམ་ལས་རིགས་ཀྱི་ངོ་བོ་གསོན་གནས་ཡོང་དཀའ་ནའང་དབུགས་རྒྱུན་སྲིང་ཕྱིར་སྐད་ཡིག་གི་མེ་རོ་གསོ་བའི་རླབས་ཆེའི་ལས་ལ་ཞུགས་རྒྱུ་ནི་དགོས་མཁོ་སྟོང་དང་ཁྲི་ཡི་ཉིང་དགོས་སུ་ཤེས་པར་བྱའོ།

 ལྔ་བ། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་དེའི་ངར་ལྕགས་ལྟ་བུའི་ཐུན་མོང་གི་སྟོབས་ཤུགས་ཡིན་པ།  ཡོངས་གྲགས་སུ་བཤད་བཞིན་པ་ལྟར། མཐུན་སྒྲིལ་ནི་སྟོབས་ཤུགས་རེད། དེས་ན་མཐུན་སྒྲིལ་ལའང་ཚང་དགོས་པའི་ཆ་རྐྱེན་ཡོད། སྐད་ཡིག་གཅིག་ཡིན་པ་དེས་མི་རིགས་གོང་བུ་གཅིག་གྱུར་ལ་གཞི་རྩའི་ཆ་རྐྱེན་སྐྲུན་གྱི་ཡོད་ལ། དེ་བས་ཀྱང་སྐད་ཡིག་དེས་སྐྱེད་ཅིང་བསྡུས་པའི་རིག་གནས་དང་རིག་གནས་དེས་སེམས་ཁམས་ཀྱི་ཁྱེར་སོ་ཞིག་བསྐྲུན་ཡོད་པ་དེས་ནི་མི་རིགས་གོང་བུ་གཅིག་གྱུར་དང་མཐུན་ཕྱོགས་ཆིག་སྒྲིལ་གྱི་འབབ་སྟེགས་བྱེད་ཀྱི་ཡོད། ཆོས་དང་ཆབ་སྲིད་སོགས་ཀྱི་ལངས་ཕྱོགས་གཅིག་པས་སྐབས་དོན་དང་། གནས་བབས་ངེས་ཅན་ཞིག་གི་ཁྲོད་དུ་ཆིག་སྒྲིལ་བྱེད་རྒྱུར་ཤུགས་རྐྱེན་ཐེབས་སྲིད་ཀྱང་། དེ་ནི་རྒྱུ་རྐྱེན་གཞན་ཞིག་གི་དབང་ཤུགས་འོག་གནས་ཤིང་ལྟོས་དགོས་པ་ཞིག་རེད། སྐད་ཡིག་དང་དེས་བསྡུས་པའི་ཐུན་མིན་གྱི་རིག་གནས་གཅིག་གྱུར་གྱིས་སྐྲུན་པའི་མཐུན་སྒྲིལ་ནི་གཞི་རྩའི་མཐུན་སྒྲིལ་ཉིད་དུ་འཁུམས།

དེས་ན། སྐད་ཡིག་གཅིག་གི་གདུགས་འོག་ཏུ་གནས་རྒྱུ་དེ་མི་རིགས་དེའི་རྣོ་ལྕགས་ལྟ་བུའི་ཐུན་མོང་གི་སྟོབས་ཤུགས་རེད་ལ་། གོང་བུ་གཅིག་ཏུ་སྒྲིལ་བྱེད་ཀྱི་སྤྱི་འཆིང་དངོས་གནས་དེ་རེད། དེང་སྐབས་བོད་པ་ནང་ཁུལ་དུ་སྐད་ཡིག་གཞན་དག་ཅིག་གིས་བརྡ་སྤྲོད་རེས་བྱེད་དགོས་པའི་གནས་ཚུལ་དེ་གང་ས་གང་དུ་འཐོན་མུས་རེད། དེ་ནི་བོད་མི་རིགས་ཀྱི་ཆེས་ཉེན་ཚབས་ཆེ་བའི་གནད་དོན་ཉག་གཅིག་རེད་ལ་། རང་རེའི་མིག་སྔར་ལྷགས་པའི་འགག་སྒོ་དང་པོ་དེ་རེད།

དེས་ན་མི་རིགས་ཤིག་གི་གཞི་རྩའི་ཐུན་མོང་གི་འབབ་སྟེགས་ནི་སྐད་ཡིག་རེད་ལ་སྐད་ཡིག་གི་ཁྱབ་རྒྱ་དང་བཀོལ་ཚད་ཀྱིས་མི་རིགས་དེའི་གསོན་ཤུགས་འཇལ་ཐུབ། ང་ཚོ་ཕལ་མོ་ཆེར་རང་སྟོབས་ཀྱི་གོ་རྟོགས་ཀྱིས་དབུལ་ཞིང་ཕོངས་པའི་སྣང་ཚུལ་ཐོན་བཞིན་པ་འདིའང་རང་ཉིད་ཀྱི་སྐད་ཡིག་ཉམས་དམས་སུ་འགྲོ་བའི་ཐན་ལྟས་ཕྱིར་མངོན་པ་ཉིད་དུ་མཐོང་།  ང་ཚོའི་བསམ་བློའི་ཁ་ཕྱོགས་དོ་མི་མཉམ་པ་དེའང་སྐད་ཡིག་གཅིག་གྱུར་གྱི་རྨང་གཞི་ཤོར་བས་རེད། དེས་ན་ང་ཚོར་རང་ཉིད་ཀྱི་སྐད་ཡིག་གི་ཐོག་ནས་ཨུ་ཚུགས་ཀྱི་རང་ཤེད་ཅིག་ཡོད་དགོས་ཀྱི་འདུག ང་ཚོར་གལ་ལ་ཐུག་ཀྱང་རུང་སྐད་ཡིག་གི་རང་ཚུགས་དང་སྐད་ཡིག་གི་ལ་རྒྱ་ཞེས་པ་ཞིག་གོམས་གཤིས་སུ་འཇགས་དགོས་ཀྱི་འདུག

ཆབ་སྲིད་ཀྱི་རྨོངས་ཤེད་དང་། གཞན་སྐད་ཨུ་ཚུགས་ཀྱིས་བསྟེན་པའི་སྨྱོ་ནད་ལས་ལྡབ་འགྱུར་གྱིས་གལ་འགངས་ཆེ་བར་མཐོང་རྒྱུར་གོ་རྟོགས་སད་དགོས་པ་དང་། འདི་ཉིད་རང་རེའི་མིག་སྔར་ལྷགས་པའི་ཚབས་ཆེ་བའི་གནད་དོན་ཉིད་དུ་རིག་ནས་སྐད་ཡིག་གི་མེ་རོ་གསོ་བར་ཕྱོགས་གང་ས་ནས་ཚང་མ་ཡར་ལངས་ཏེ་གནད་དོན་གསར་བ་འདོན་པ་དང་། གནད་དོན་ཡོ་བསྲང་། གནད་དོན་ཐག་གཅོད་པ་བཅས་ཀྱི་ཁ་ཕྱོགས་སུ་གོམ་པའི་འདེགས་འཇོག་མཉམ་དུ་བསྒྱུར་དགོས་ཅི་བས་ཆེའོ།

 དྲུག་པ། མི་རིགས་ཀྱི་མཚན་ཉིད་གླེང་བ།  སྤྱིར་འགྲོ་བ་མིའི་རིགས་ཀྱི་མཚན་ཉིད་ལ། རྗེས་དཔག་གི་བློ་ཅན་སོགས་བགྲང་ཚུལ་མང་བོ་ཞིག་མཆིས་ལ། བོད་རང་གི་ལུགས་ལ། སྨྲ་ཤེས་ཤིང་དོན་གོ་བ་ཞེས་གྲགས། དེས་ན་ད་ལྟའི་ཆར་མི་རིགས་བྱེ་བྲག་པའི་མཚན་ཉིད་ཞེས་པ་ཞིག་ཀྱང་ངེས་པར་དུ་གསལ་འདོན་བྱེད་དགོས་པ་ཞིག་ཏུ་སྣང་། མི་རིགས་ཀྱི་མཚན་ཉིད་ནི་མི་རིགས་གང་དེའི་མི་བྱེ་བྲག་པ་རེ་རེར་ལྡན་དགོས་པའི་ཆ་ཞིག་དང་། མི་རིགས་གཞན་དག་ལ་ཆ་དེ་མི་ལྡན་པ་དང་དེ་ལས་གཞན་ཞིག་ཡིན་དགོས་པར་སྙམ། དེ་ནི་སྐྱེ་བོ་སུ་དང་གང་དེས་རང་ཉིད་མི་རིགས་གང་གི་ཁོངས་སུ་གཏོགས་མིན་ལ་གསལ་ཆ་ངེས་རྙེད་ཡོང་ཕྱིར་དང་། དེ་ངེས་རྙེད་དང་ངོས་ཟིན་ན་རང་ཉིད་ཀྱི་ངོས་ནས་མི་རིགས་གང་དེའི་མཚན་ཉིད་ཚང་མིན་གསལ་བོར་ངེས་སླ་ལ། དགོས་གལ་དེ་ཚང་བར་བརྩོན་ལེན་བྱེད་བདེ་བར་ཡོང་བར་སྙམ་དེ་ཁོ་བོས་འདིའི་ཐད་ནས་དོགས་སློང་དང་། རྣམ་གཞག་ཅིག་སྤྲོ་བར་འདོད།  དེ་ནི་ཅུང་རྙོག་འཛིང་ཅན་ཞིག་ཡིན་ནའང་། དེ་རིང་གི་རང་རེའི་གནས་བབས་ལ་ལྟོས་ཏེ་དགོས་མཁོའི་ཆའང་ཤས་ཆེར་ཡོད་པ་ཞིག་རེད་སྙམ་སྟེ་སྨྱུག་ལམ་དུ་བླངས་སོ།

མང་ཆེ་བས་རང་ཉིད་ཀྱི་ཕ་མ་ཟུང་མི་རིགས་གང་ཡིན་ན་རང་ཉིད་ཀྱང་མི་རིགས་དེའི་བླ་སྲོག་གི་གསོན་ཤུགས་ཅན་ཞིག་གམ་མི་རིགས་དེ་ཡིན་ཤག་བྱེད་ཀྱི་འདུག ཡིན་ནའང་། དེ་ཡིན་པའི་ངེས་པ་མེད། ཅིའི་ཕྱིར་ཞེ་ན། གལ་སྲིད་ཁྱེད་ཀྱིས་རང་གི་ཕ་མའི་སྐད་དམ་ཡི་གེ་མི་ཤེས་པའམ། ཡང་ན་ཁྱེད་ཀྱི་གཙོ་ཤུགས་སྐད་ཡིག་ཕ་མའི་སྐད་ཡིག་མིན་པར་གཞན་ཞིག་ཡིན་པ་དང་། དེའི་རྐྱེན་གྱིས་ཁྱེད་ཀྱི་སེམས་ཁམས་ཀྱི་ཁྱེར་སོ་དང་། ལྟ་ཚུལ་གྱི་རྨང་འདིང་ཡུལ་ནི་སྐད་ཡིག་གཞན་པ་གང་དེས་སྐྱེད་ཅིང་སྐྲུན་པ་ཞིག་ཡིན་ན། ཁྱེད་ནི་ཁྱེད་ཀྱི་ཕ་མ་ཟུང་གང་ཡིན་གྱི་མི་རིགས་དེའི་བླ་སྲོག་གིས་བཟུང་བའི་རིགས་དེ་མ་ཡིན་པར། ཁྱེད་ནི་རང་ཉིད་ཀྱི་སེམས་ཁམས་ཀྱི་ཁྱེར་སོ་སྐྲུན་བྱེད་ཀྱི་གཙོ་ཤུགས་སྐད་ཡིག་གང་བསྟེན་ཡོད་ན་དེའི་མི་རིགས་ཀྱི་གྲས་སུ་ཚུད་ཡོད་པ་དང་། མི་རིགས་དེ་ལ་ཁ་སྣོན་དུ་འཚར་བ་ཙམ་དུ་ཟད། དཔེར་ན། དེ་ནི་གདོས་བཅས་ཀྱི་ཤ་ཁྲག་བོད་ལས་ཆད་ནའང་། རང་མཚན་དུ་གྱུར་བའི་བླ་སྲོག་གམ་ངོ་བོ་ནི་མི་རིགས་གཞན་དེའི་ཁོངས་སུ་བཅུག་པའམ་ཞུགས་པ་ཞིག་རེད། དེས་ན་གཙོ་བོ་ནི། གཙོ་ཤུགས་སྐད་ཡིག་གང་དེས་བསྡུས་པའི་རིག་གནས་གང་གིས་སེམས་ཁམས་སྐྲུན་པ་དེ་གལ་གནད་ཡིན་པ་ལས། ཕ་མ་ཟུང་ནི་མི་རིགས་མི་འདྲ་བ་ཡིན་ནའང་ཆོག  ཕ་མ་ཟུང་ནི་བྱེད་ལས་གཙོ་བོ་དེ་མིན། ཅི་ཕྱིར་ཞེ་ན། ཕ་མ་ཟུང་གིས་མི་ཞིག་གི་ཤ་ཁྲག་བདོས་བཅས་ཀྱི་ཕུང་བོ་དེ་སྐྲུན་ནུས་པ་ལས་མི་རིགས་གང་དུ་འགྱུར་མིན་ནི་ད་དུང་ཐག་ཆོད་མེད་པས་སོ། དེས་ན། ཕ་མ་ཟུང་གིས་མི་ཞིག་སྐྲུན་ཐུབ་པ་ཙམ་ལས་མི་རིགས་གང་ཞིག་ཏུ་བསྒྱུར་མིན་སློབ་གྲྭའི་སྒོ་ཐེམ་གང་དུ་འཛུལ་ཞུགས་བྱེད་མིན་ལ་ཐུག་ཡོད།

ཕ་མ་ཟུང་མི་རིགས་གང་ཡིན་པ་དེའི་ཆ་ནས་ཁྱེད་ལ་ཅིག་ལྷག་ཡོད་པ་ནི་ཁྱེད་ཀྱི་བེམ་ཀོག་ཤ་ཚུགས་མི་རིགས་དེ་ལས་ཆད་ཡོང་བ་དང་། བྱད་བཞིན་ཡང་ཕ་མ་དང་མིི་རིགས་དེའི་བྱད་བཞིན་དང་འདྲ་བ་དེ་དང་། དེ་བཞིན་དུ་ཁྱེད་ཀྱི་ཕ་མ་ཟུང་ཆད་ཡུལ་གང་ཡིན་ལ་ལྟོས་ཏེ་མི་རིགས་དེ་ལ་ཆགས་ཞེན་གྱི་འདུ་ཤེས་ཤིག་གིས་བསྡམས་ཏེ་མི་རིགས་དེ་ལ་དགའ་ཞིང་མི་རིགས་དེ་ཡིན་པར་རློམ་འདོད་དང་། ང་མི་རིགས་དེའི་མི་ཞིག་ཡིན། ཞེས་དོན་སྟོང་ཚིག་གི་ཨུ་ཚུགས་ཤིག་གིས་ངོ་སྤྲོད་དགོས་པར་གྱུར་ཡོད་ནའང་། དོན་དངོས་ར་འཕྲོད་པའི་དཔང་བོ་གང་ཡང་གནས་མེད་ཅིང་ཡལ་ཟིན་ནོ།

དེས་ན་ཕ་མ་ཟུང་གིས་མི་ཞིག་སྐྲུན་ཐུབ་པ་ལས་མི་རིགས་གང་གི་ཁོངས་སུ་གཏོགས་མིན་དེ་ནི། གཙོ་ཤུགས་སྐད་ཡིག་གིས་ཐག་གཅོད་པ་ལས་ཕ་མའི་ཁུ་ཁྲག་གིས་ཐག་མི་ཆོད། ཁ་ཅིག་གིས། དེས་ན་དབྱིན་ཇི་བའི་ཕྲུ་གུ་མགོ་སེར་ཞིག་གི་གཙོ་ཤུགས་སྐད་ཡིག་བོད་སྐད་ཡིག་ཡིན་པ་དང་། དེར་བརྟེན་དེའི་སེམས་ཁམས་ཀྱི་ཁྱེར་སོ་སྟེ་མཛེས་རྟོག་གི་ལྟ་བ་དང་རིན་ཐང་གི་ལྟ་བ་སོགས་ནི་བོད་ཀྱི་སྐད་ཡིག་གིས་བསྡུས་པའི་རིག་གནས་ལྟ་ཚུལ་དག་གིས་སྐྱེད་ཅིང་སྐྲུན་པ་ཞིག་ཡིན་ན་དེ་བོད་པ་ཞིག་རེད་དམ་ཟེར། ངའི་ལྟ་ཚུལ་ལ། དེ་ནི་བོད་པ་ཞིག་རེད། ཀོག་ཤུན་དབྱིན་ཇིའི་ཤ་རུས་ཀྱི་གཡོགས་པའི་བོད་པ་སྐྲ་སེར་མིག་ལྗང་ཅན་ཞིག་རེད་ཅེས་སྨྲ་འདོད་དེ་ལུས་རྟེན་ལས་སེམས་རྟེན་གལ་གནད་ཆེ་བས་སོ།

དེས་ན་མི་རིགས་བྱེ་བྲག་པ་གང་དེའི་སྐད་ཡིག་ནི་གཙོ་ཤུགས་སྐད་ཡིག་ཡིན་པ་གང་ཞིག སྐད་ཡིག་དེས་བསྡུས་པའི་རིག་གནས་ལྟ་ཚུལ་གྱིས་སྐྱེད་ཅིང་སྐྲུན་པའི་ཐུན་མིན་སེམས་ཁམས་ཀྱི་ཁྱེར་སོ་ཅན་ཞིག་མི་རིགས་བྱེ་བྲག་པ་གང་དེའི་རིགས་སུ་ངོས་འཛིན་དགོས་ཤིང་མཚན་ཉིད་དུ་གྲུབ་སྟེ། གོང་སྨོས་ལྟར། རྟེན་གྱི་ཁྱད་པར་སེམས་རྟེན་གྱི་ཆ་ནས་འཇོག་དགོས་པ་ལས་ལུས་རྟེན་གྱི་ཆ་ནས་བཞག་ན་གཏན་ཚིགས་དང་འགལ་ཞིང་། ངོ་བོའི་གཤིས་ལུགས་དང་རྒྱང་ཐག་རིང་དུ་གྱེས་བ་དང་མི་འོས་པའི་ཆ་གཞན་ཡང་མང་བས་སོ།

 

མི་རིགས་ཀྱི་མཚན་ཉིད་ནི། མི་རིགས་བྱེ་བྲག་པ་གང་དེའི་སྐད་ཡིག་གཙོ་ཤུགས་སྐད་ཡིག་ཡིན་པ་གང་ཞིག སྐད་ཡིག་དེས་བསྡུས་པའི་རིག་གནས་ལྟ་ཚུལ་གྱིས་སྐྲུན་པའི་ཐུན་མིན་སེམས་ཁམས་ཀྱི་ཁྱེར་སོ་ཅན་ཞིག་གོ།

དེ་བཞིན་དུ་བོད་མི་རིགས་ཀྱི་མཚན་ཉིད་ནི། བོད་ཀྱིི་སྐད་ཡིག་གཙོ་ཤུགས་སྐད་ཡིག་ཡིན་པ་གང་ཞིག བོད་སྐད་ཡིག་གིས་བསྡུས་པའི་རིག་གནས་ལྟ་ཚུལ་གྱིས་སྐྱེད་ཅིང་སྐྲུན་པའི་ཐུན་མིན་སེམས་ཀྱི་ཁྱེར་སོ་ཅན་ཞིག་ལ་བོད་པ་ཞེས་ངོས་འཛིན་དགོས། དེས་ན་མི་རིགས་ཀྱི་སོན་རྩ་ཞེས་པ་ནི་སྐད་ཡིག་གི་སོན་རྩར་ཐུག་ཡོད་པ་དང་། རང་རེའི་ཕྱི་རབས་པ་མཚན་ལྡན་ཞིག་སྐྱེད་སྲིང་བར་མཐོང་ཆེན་དང་ལས་དོན་དེའི་ཐོག་ལ་གལ་ཆེའི་གནས་བབས་མཐོན་པོ་སྤྲོད་དགོས་པ་ནི་གཅིག་གོ་བརྒྱ་ཆོད་ཀྱི་ལས་དོན་དུ་སྣང་ངོ་།   ཡང་ཅིག་ནན་བཤད་བྱས་ན། མི་རིགས་ཀྱི་ངོ་བོར་གྱུར་བའི་ཐུན་མིན་སེམས་ཁམས་ཀྱི་ཁྱེར་སོ་དང་མི་རིགས་རིག་གནས་ཀྱི་ལྟ་ཚུལ་ཞེས་པ་དེ་ཡིག་ངག་དང་། བློ་ཐོག་གང་རུང་དུ་གནས་པའི་ཀུན་རྟོག་མཐོང་སྣང་དང་བཅས་འདུས་ཤིང་ཚུད་པའི་གཙོ་ཤུགས་སེམས་ཁམས་དང་། དེ་ནི་ཐུན་མོང་མ་ཡིན་པའི་རིན་ཐང་གི་ལྟ་བ་དང་། དེ་བཞིན་མི་ཚེའི་ལྟ་བ་དང་། མཛེས་རྟོག་གི་ལྟ་བ་སོགས་ཀྱིས་གྲུབ་ཅིང་བློ་དེས་བསྒྱུར་བའི་སྐྱེ་བོ་གང་དེའི་སེམས་ཀྱི་ཁྱེར་སོ་ལ་ངོས་འཛིན་དགོས།  དེ་རིང་གི་ང་ཚོས། ཁྱོན་ཡོངས་སུ་སྐད་ཡིག་གི་རང་ཚུགས་སམ་སྐད་ཡིག་གི་ཨུ་ཚུགས་ཞེས་པ་ཞིག་བསྟེན་རྒྱུར་སྐུལ་འདེད་དང་འགན་བླངས་པ་བརྒྱུད། སྐད་ཡིག་གི་མེ་རོ་གསོས་ནས་བོད་སྐད་ཡིག་དུས་རབས་ཅན་དང་། བོད་སྐད་ཡིག་བླ་སྲོག་ཅན། བོད་སྐད་ཡིག་རང་ཉིད་ཅན་དུ་འགྱུར་བ་རྩ་དོན་དུ་འཛིན་དགོས།

མདོར་ན། བོད་ཀྱི་སྐད་ཡིག་གི་མདུན་ལམ་དང་ལས་དབང་གི་ཁ་ཀྱོག་(Remove Control) ནི་རྒྱལ་ཁབ་ཀྱི་ཁྲིམས་འོག་ན་མི་འདུག་ལ། སྤྲུལ་སྐུ་དག་གི་སྐྱབས་འོག་ནའང་མི་འདུག ཤེས་ཡོན་ཅན་གྱི་སྨྱུག་འོག་ནའང་མེད་པར་ཕ་མ་ཟུང་གི་ལག་འོག་ན་འདུག བོད་ཀྱི་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་མི་རིགས་དང་རིག་གནས་བཅས་ཀྱི་ཤི་གསོན་གི་ཁ་གང་དུ་བསྐོར་མིན་ལ་ཕུགས་རྒྱང་རིང་བོའི་ལྟ་རྒྱ་སྐྱེད་དེ་བསམ་གཞིག་གནང་བར་སྙིང་ཁོང་ནས་རེ་སྐུལ་ཞུའོ།། །།

 
 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. ལུང་རྟོགས། says:
    ལོ་ 14 སྔོན།

    རིག་གཞུང་གི་རྩ་བ་ནི་སྐད་ཡིག་ལ་ཐུག་ཡོད་པས། སྐད་ཡིག་བརླག་སོང་ན་རིག་གཞུང་ཡང་གནས་མི་ཐུབ་ཅིང་། སྐད་ཡིག་དང་རིག་གཞུང་མེད་པའི་མི་རིགས་དེ་ནི་སྔ་འཕྱི་ཙམ་ལས་གཞན་ཞིག་ལ་འགྱུར་རྒྱུ་ལས་མ་འདས།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    སྐད་ཡིག་ནི་མི་རིགས་ཤིག་གི་མཚོན་བྱེད་ངོ་མ་དེ་རེད། གལ་ཏེ་སྐད་ཡིག་མེད་ན་མི་རིགས་སུ་ཡིན་མིན་གདོང་དབྱིབས་དང་སྐྲ་མདོག་སོགས་གང་གིས་ཀྱང་མཚོན་མི་ནུས། དེས་ན་རང་གི་སྐད་ཡིག་མི་ཤེས་པའི་མི་དེ་ནི་བོད་པ་ཕྱེད་ཀ་རེད་ཞེས་བཤད་ཆོག

    Reply
  3. མགོན་པོ་བསོད་ནམས། says:
    ལོ་ 14 སྔོན།

    ལྷན་རྒྱས་ཚོས་རྣམ་དག་གིས་དགོངས་འཆར་འདོན་པ་དང་། དགག་བཞག་གི་སྤྲོས་པ་ཅི་རིགས་གནང་བར་དགའ་བསུ་ཞུ།
    མི་རིགས་ཀྱི་དབྱེ་བ་ལ། ཤ་མདོག་དང་། རུས་བརྒྱུད། ཡུལ་བབས། ཁྲིམས་སྲོལ་སོགས་ཀྱི་ཆ་ནས་འབྱེད་ཚུལ་མང་ནའང། ངས་ཆེད་གཏམ་འདིར་མི་རིགས་ཀྱི་ངོ་བོའི་ཆ་ནས་དང་། གཞི་རྩའི་ཆ་ནས་བཤད་ཀྱི་ཡོད། རིག་གནས་གཞན་གྱིས་ཟོས་ཤིང་གཙོ་ཤུགས་སྐད་ཡིག་དེ་སྐད་ཡིག་གཞན་ཞིག་གི་མཆུར་མིད་དུ་ཚུད་ན་སྐྱེ་བོ་དེའི་ངོ་བོར་འཕོ་འགྱུར་ཐེབས་པར་བཤད་ཀྱི་ཡོད་ལགས།

    Reply
  4. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    ཕྲན་ལ་མི་ཁོམ་པ་ཤིན་དུ་ཆེ་ཡང་། མཛོ་རྒེ་བྱ་མའི་མགོན་པོ་བསོད་ནམས་ལ་ཆེ་མཐོང་དང་རྩི་འཇོག་མཚོན་བྱེད་དུ། བརྩོམ་རིང་དེ་ཚང་མ་གློ་པ་ཡིན།
    ལེགས་ཆ་ནས་བཤད་ན་གླེང་བྱ་དེ་གླེང་དགོས་གལ་ཆེན་ཞིག་ཡིན་པ་དང་། ལྟ་ཚུལ་གཅིག་གིས་བལྟས་ན་ཚིག་གི་རྒྱུ་རྩ་མཛེས་པ་རེད། གླེང་དོན་གྱི་བརྒྱ་ཆ་དགུ་བཅུ་ཙམ་ཞིག་དོན་ལ་གནས་ཟེར་ཆོག་པའི་རེ་བ་འདུག
    ཕྲན་གྱི་ལྟ་ཚུལ་གཞིར་བཞག་ཏེ་ཞན་ཆ་ནས་གླེང་ན། དོན་དངོས་ལ་མི་འབྱོར་བ་རེ་ཟུང་འདུག་པ་དང་། གཞན་མགོན་བསོ་ཁྱེད་གཅིག་པོའི་སྐྱོན་མ་ཡིན་པ། དགོན་པ་བ་མ་ཡིན་པའི་བོད་ཀྱིས་གསར་རྩོམ་པའི་ཁྲོད་ནས་མཚར་ལོངས་བྱུང་བ་མང་ཆེ་བར་ཡོད་པའི་སྐྱོན་ཞིག་ཏེ། དོན་ཉུང་ངུ་ཞིག་ཚིག་མིང་བོས་བརྗོད་པ། དོན་གོ་སླ་ཐད་བརྗོད་མིན་པར་འཁྱོག་བརྗོད་ཀྱི་རྒྱུ་རྩལ་ཞིག་སྟེ། ཀློག་མཁན་མང་ཆེ་བས་ཐད་གར་གོ་ཡང་སེམ་དུ་འཇགས་དཀར་གྱུར་བའི་བའི་ཞན་ཆ་ཞིག་ཡོད་སྙམ། དཔེར་ན་ཁྱེད་ཀྱི་བརྩོམ་ཡིག་དེའི་བརྗོད་བྱ་ཆ་ཚང། བརྗོད་བྱེད་དེའི་བཞི་ཆ་ཞིག་གིས་གླེང་ཆོག་སྙམ།
    གཞན། ཁྱེད་ཀྱིས་མི་རིགས་ཀྱི་མཚན་གཞི་ལ་མགོ་སེར་མིག་ལྗང་བོད་སྐད་ཤེས་ཤིང་དེས་སེམ་ཁམས་ཅན་ཞིག་བཞག་པ་ནི། འཇིག་རྟེན་གྱི་ཐ་སྙད་བདེན་པ་དང་འགལ་འདུག དེ་ཉིད་ཞན་ཆར་བལྟ་རྒྱུ་ཡིན་དང་། དེའི་མིང་ལ་བསམ་བློ་བ་དང་གསར་གཏོད་པ་འདོག་རྒྱུ་ཡིན་པའི་ལེགས་ཆ་རུ་བཟུང་ནི་གློག་མཁན་ཀུན་གྱིས་དཔྱད་རིགས།

    Reply
  5. གངས་གཅེས says:
    ལོ་ 14 སྔོན།

    མགོན་བསོས་ཨུ་ཚུགས་ཀྱིས་སྐད་ཡིག་ཁོ་ནའི་རིན་ཐང་གླེང་། ཁང་རོགས་པ་བསོད་ནམས་རྒྱ་མཚོས་རྒྱབ་སྐྱོར་བྱེད་པ་དེ་ནི། མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་ཡིས་ཡིན་ན་ཏ་བཟང་སྟེ། ངས་བསམ་ན་ཁྱེད་རང་ཚོ་སྒོར་མོ་ཁོ་ན་མགོ་འཁོར་ཏེ། ཆེས་རྩ་ཆེ་བའི་མི་ལོ་མང་བོ་ཞི་ཨོ་གླིང་ནས་འཕྲོ་བླག་ཏུ་བཏང་ནས། ད་ལྟ་ནུབ་ཕྱོགས་ཀྱི་ཤེས་ཡོན་མ་ཐོབ་པས། ཁྱེད་ཚོས་ཅུང་ཙམ་ཤེས་པའི་བོད་ཡིག་དེ་ངོམ་འདོད་ཞིག་མ་རེད་དམ།

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཁོང་གིས་གཞན་སྐད་ཤེས་པ་ཙམ་གྱིས་གཞན་མིར་འགྱུར་འགྲོ་ལབ་མི་འདུག ཁྱེད་ཚོས་ཞིབ་ཀློག་གནོངས་དང་། བོད་ཀྱིི་སྐད་ཡིག་གཙོ་ཤུགས་སྐད་ཡིག་ཡིན་པ་གང་ཞིག བོད་སྐད་ཡིག་གིས་བསྡུས་པའི་རིག་གནས་ལྟ་ཚུལ་གྱིས་སྐྱེད་ཅིང་སྐྲུན་པའི་ཐུན་མིན་སེམས་ཀྱི་ཁྱེར་སོ་ལབ་འདུག་ག དེ་ལྟར་ཡིན་དགོས་ན་སྐད་ཡིག་དང་པོ་ཡིན་དགོས། first language ཡིན་དགོས་ཀྱི་རེད། ཡིན་ནའང་བོད་པའི་ཤ་ཁྲག་ལས་མཆེད་པའི་མི་ཞིག་སྐད་ཡིག་དང་པོ་དེ་དབྱིན་སྐད་ཡིན་ན་ཁོ་བོད་པའི་མི་རིགས་ཀྱི་མཚན་ཉིད་མ་ཚང་བར་བརྟེན་ཁོ་བོད་པ་ཡིན་ཞེས་ལབ་ནའང་དོན་དངོས་དང་མི་མཐུན། ཁོང་གིས་བཞག་པའི་མི་རིགས་ཀྱི་མཚན་ཉིད་དེ་ངས་ཀྱང་མི་འདོད་མོད་འོན་ཀྱང་མི་རིགས་བྱེ་བྲག་པ་གང་དེའི་སྐད་ཡིག་གཙོ་ཤུགས་སྐད་ཡིག་ཡིན་པ་གང་ཞིག སྐད་ཡིག་དེས་བསྡུས་པའི་རིག་གནས་ལྟ་ཚུལ་གྱིས་སྐྲུན་པའི་ཐུན་མིན་སེམས་ཁམས་ཀྱི་ཁྱེར་སོ་ཅན་ཞིག་མི་རིགས་དེ་དེའི་ཁོངས་སུ་གཏོགས་པ་དེ་རང་ཉིད་ཀྱིས་ཀྱང་ཁས་ལེན། སྐད་ཡིག་བརླག་ན་མི་རིགས་དེ་གཞན་གྱི་ངོ་བོར་ལ་ཐིམ་པའམ་མི་རིགས་དེ་བརླག་འགྲོ། དཔེར་ན་མན་ཇིའི་མི་རིགས་བཞིན་ནོ།། དེ་མ་ཚད་རང་རེའི་རྒྱ་བོད་ས་མཚམས་ཀྱི་མི་རིགས་ལ་དཔེ་ལེན་ནའང་འོས་སོ།། 

    Reply
  7. Dawai Shonu says:
    ལོ་ 14 སྔོན།

    ངས་དེ་ལ་མཐའ་གཅིག་ཏུ་འགག་པ་རྒྱག་གི་ཡོད།
    མི་རིགས་དང་སྐད་ཡིག་གཉིས་རྦེད་དེ་ཐ་དད་རེད། མི་རིགས་ནི་ཤ་ཁྲག་གིས་ཁུངས་སྐྱེལ་དགོས་པ་རེད། ཕ་རྒྱུད་མ་རྒྱུད་ལོ་རྒྱུས་ཐོག་ནས་ཁུངས་སྐྱེལ་དགོས། མི་དེའི་གདོང་རིས་ནས་ཐག་གཅོག་ཀྱི་རེད། སྐད་ཡིག་ནི་རིག་གནས་ཡིན་ཞིང་དེ་ནི་ང་དང་ངའི་ཞེས་རྩོད་དུ་མེད་ལ་དེ་ནི་སློབ་སྦྱོང་བྱས་ནས་ཤེས་ཡས་ཤིག་རེད། བོད་ཕྲུག་ཞིག་གིས་བོད་ཡིག་ཡག་པོ་མ་ཤེས་པ་སྐད་ཡིག་གཞན་ཞིག་བྱང་ཆུབ་པ་ཡོད་ན་ཕྲུ་གུ་དེ་བོད་པ་རང་རེད་མ་གཏོགས་མི་རིགས་གཞན་ཞིག་ཏུ་འགྱུར་མི་སྲིད། རྒྱ་གར་བ་ཞིག་གིས་བོད་སྐད་གཙང་མ་བཤད་ཐུབ་ཀྱི་ཡོད་ན་མི་དེ་བོད་པ་རེད་ཅེས་ལབ་ན་འགྲིགས་སམ། མགོ་སེར་ཞིག་གིས་བོད་ཡིག་ཚད་ཐོ་པོ་ཤེས་མཁན་ཡོད་པ་རེད། ཁོང་ཚོས་ང་བོད་པ་ཡིན་ཞེས་ནམ་ཡང་ལབ་ཀྱི་མ་རེད། སྐད་ཡིག་གང་འདྲ་ཞིག་ཀྱང་ཡོང་སྲིད། དཔེར་ན། རྒྱ་གར་ལྟ་བུ་ཡིན་ན་སྐད་རིགས་མི་འདྲ་བ་མང་པོ་ཡོད། སྐད་རིགས་གཅིག་དང་གཞན་ཞིག་གི་བར་ལ་ཁྱད་པར་ཆེན་པོ་ཡོད། དཔེར་ན་ཨུ་རི་ཡ་དང་མ་ལ་ཡམ་གཉིས་ཅི་ནས་ཀྱང་འདྲ་ཡི་མ་རེད། འོ་ན་ཁོང་ཚོ་རྒྱ་གར་མ་རེད་པས།
    སྐད་ཡིག་གིས་མི་རིགས་ཐག་གཅོད་ཀྱི་ཡོད་པའི་ཨུ་ཚུགས་ཀྱི་སྐད་ཆ་འདིས་ཁུངས་སྐྱེལ་གང་ཡང་བྱེད་མི་ཐུབ། ང་ཧིན་དྷི་འབྲི་ཀློག་ཡག་པོ་ཤེས་ཀྱི་ཡོད་ལ་ཁ་སྐད་རྒྱ་གར་བ་འདྲ་འདྲ་རྒྱག་ཐུབ་ཀྱི་ཡོད། འོན་ཀྱང་ང་རྒྱ་གར་གི་མི་རིགས་ཡིན་ལབ་ན་རྒྱ་གར་བ་ཚོས་གད་མོ་ཤོར་གྱི་རེད། རྒྱ་གར་ཕྲུ་གུ་བོད་པའི་གཡོག་ལས་བྱེད་མཁན་བོད་སྐད་བདེ་པོ་ཤོད་མཁན་ཞིག་གིས་ཁོ་བོད་པ་ཡིན་ལག་དེབ་ལྗང་གུ་བཟོ་དགོས་ཡོད་ལབ་ན། ཁོ་ལ་དེབ་ལྗང་ཁུ་རག་གི་རེད་པས། དེར་བརྟེན་མི་རིགས་གང་ཡིན་པ་སྐྱེས་ཁུངས་དང་ཁྲིམས་ཐོག་ནས་ཐག་གཅོད་དགོས་པ་ལས་སྐད་ཡིག་གི་ཐག་གཅོག་མི་ཐུབ།

    Reply
  8. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རེད་ཡ་མགོན་པོ་བསོད་ནམས་ལགས་ཀྱིས་གསུང་པར་མོས་མཐུན་དང་། རྒྱབ་སྐྱོར་ཡོད། 
    ཁྱེད་ཀྱིས་གསུངས་པ་ལྟར་མི་རིགས་སོ་སོའི་སྐད་ཡིག་ནི་མི་རིགས་རང་ཉིད་ཀྱི་ཚེ་སྲོག་དང་མི་རིགས་དེ་གནས་ཚད་འཇལ་བྱེད་དུ་མི་འོས་པ་མི་འདུག་སྙམ།  མི་རིགས་ཀྱི་མཚན་ཉིད་ནི། མི་རིགས་བྱེ་བྲག་པ་གང་དེའི་སྐད་ཡིག་གཙོ་ཤུགས་སྐད་ཡིག་ཡིན་པ་གང་ཞིག སྐད་ཡིག་དེས་བསྡུས་པའི་རིག་གནས་ལྟ་ཚུལ་གྱིས་སྐྲུན་པའི་ཐུན་མིན་སེམས་ཁམས་ཀྱི་ཁྱེར་སོ་ཅན་ཞིག་དང་།
    བོད་ཀྱིི་སྐད་ཡིག་གཙོ་ཤུགས་སྐད་ཡིག་ཡིན་པ་གང་ཞིག བོད་སྐད་ཡིག་གིས་བསྡུས་པའི་རིག་གནས་ལྟ་ཚུལ་གྱིས་སྐྱེད་ཅིང་སྐྲུན་པའི་ཐུན་མིན་སེམས་ཀྱི་ཁྱེར་སོ་ཅན་ཞིག་ལ་བོད་མི་རིགས་ཀྱི་སྒྲ་བཤད་ཙམ་རུང་བར་སྣང་ཡང་མཚན་ཉིད་དུ་འོས་པ་མི་མཐོང་དེ་སྐྱེས་མ་ཐག་པའི་བོད་ཕྲུག་ལ་དེ་མ་ཚང་བའི་ཕྱིར། དེ་བཞིན་གོང་གི་མི་རིགས་ཀྱི་མཚན་ཉིད་ལའང་རིགས་འདྲ། རིགས་ལམ་རྩོད་དགོས་དོན་མེད། གཞི་རྩའི་ཆ་ནས་སྐད་ཡིག་ནི་མི་རིགས་དེ་གནས་མིན་གྱི་མཚམས་གཅོད་བྱེད་ཞིག་ཏུ་མཐོང་། གང་ལྟར་ཁྱེད་ཀྱིས་ལྷག་བསམ་རྣམ་དག་གི་རྩོམ་ཡིག་དེ་མཐོང་དུས་ཁྱེད་ལ་མི་རིགས་ལ་བཅངས་བའི་བརྩེ་སེམས་ལྷད་མེད་ཞིག་ཡོད་པ་དཔག་ནུས། རྩོམ་གྱི་བརྗོད་བྱ་ཡང་རང་རེའི་རྩ་དོན་གྱི་འགག་རྩའི་གནད་ཞིག་གླེང་འདུག ང་ཚོ་ཁྱོན་ཡོངས་ནས་དེ་ལྟར་ལག་བསྟར་ཐུབ་ན་དམར་གཞུང་འོག་ཏུ་རྒྱུན་རིང་སྡོད་མིན་ལ་མ་ལྟོས་པར་ང་ཚོར་སླར་ཡང་རེ་བའི་གསོན་ཤུགས་རྒྱས་མིན་ལ་ཐེ་མི་ཚོམ། སྐད་ཡིག་འདི་ཉིད་ཉམས་ན་མི་རིགས་འདི་ལ་རེ་ཅན་གྱི་ཚོར་བ་སྐྱེ་བྱེད་ཞིག་དང་། སེམས་ཤུགས་རྒྱས་བྱེད་ཀྱི་ཡུལ་ཞིག་གང་དུ་འཚོལ་ན་རྙེད་མི་སྲིད། སྐད་ཡིག་ནི་རིག་གནས་ཀུན་གྱི་རྨང་གཞི་ཡིན་པས་མ་འོངས་པར་བོད་འདི་རེ་ཅན་ཡིན་མིན་བླ་ལྷའི་ལུང་བསྟན་ལ་ལྟོས་མ་དགོས་པར་སྐད་ཡིག་གི་སྟེང་ནས་ཚད་འཇལ་ན་ཕལ་ཆེར་མ་འགྲིགས་པ་མེད། འོན་ཀྱང་ངེད་ཅག་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་སྐད་ཡིག་ལ་དེ་ཙམ་དོ་སྣང་དང་གལ་ཆེན་དུ་རྩི་གི་ཡོད་པ་མ་མཐོང་། དེ་རིང་ཁ་སང་རང་རེ་ཚང་མ་དངུལ་ལོ་ཙམ་གྱི་རྗེས་སུ་འབྲང་སྟེ་རང་ལ་ཡོད་པའི་འགྲན་ཟླ་བྲལ་བའི་རང་སྐད་གཡུགས་དེ་གཞན་གྱི་སྐད་ཡིག་འོག་ཏུ་ཚང་ཀ་ཤིག་ཤིག་གིས་འཛུལ་དང་འཛུལ་བཞིན་པའི་སྐོར་ལ་བསམ་ན། རང་བཞིན་གྱིས་བློ་ཕམ་དང་སེམས་ཤུགས་ཆག་པའི་གནད་དོན་ཞིག་གོ།། 

    Reply
  9. སྐར་མདའ། says:
    ལོ་ 14 སྔོན།

    བདེན་པ་རེད། ཁ྄ྱེད་ཀ྄ྱིས་གསུང་བ་དེ་བདེན་པ་བདེན་ར྄ྐ྄ྱང་རེད། ཡིན་ན་ཡང་། གཞི་རིམ་ས྄ྤ྄ྱི་ཚོགས་ནང་ནས་མགོ་བཙུགས་ཏེ་ལག་ལེན་ལ་འདེབས་དགོས་པ་དེ་ནི་བདེན་པ་རེད། འོན་ཀ྄ྱང་། ནར་གསོན་པའི་ར྄ྒན་དར་གཞོན་གསུམ་ག྄ྱི་དོ་ས྄ྣང་མ་ས྄ྤ྄ྲད་པ་ཡིན་ན། ཅི་བ྄ྱེད། རང་མི་རིགས་ཀ྄ྱི་ས྄ྐད་ཡིག་བདག་པོ་བར྄ྒ྄ྱབ་དང་མ་བར྄ྒ྄ྱབ་དེ་ནི་མི་རེ་ངོ་རེ་ལ་འོས་འགན་ཆེན་པོ་ཞིག་ཡོད་རེད་བསམ་ག྄ྱིན་འདུག་ ཕ་མ་གཅིག་བུ་མ་རེད། འདི་ནི་གནད་འགག་ཅན་ག྄ྱི་ག྄ླེང་གཞི་ཞིག་རེད། བར྄ྒ྄ྱ་ཆ་བར྄ྒ྄ྱ་ང་ཁ྄ྱེད་ཀ྄ྱི་ར྄ྩོམ་ཡིག་འདིའི་བར྄ྗོད་དོན་ལ་ར྄ྒ྄ྱབ་ས྄ྐ྄ྱོར་ཡོད། ས྄ྤ྄ྱིར་བཏང་བོད་ས྄ྐད་གཙང་མ་དང་། བོད་ཡིག་འབ྄ྲི་ཀ྄ློག་ལ་གོམས་བ྄ྱང་ཐེབས་སུ་འཇུག་ར྄ྒ྄ྱུ་ཧ་ཅང་གི་གལ་ཆེན་པོ་རེད། ར྄ྩམ་གཟན་ཡོངས་ཀ྄ྱིས་འབད་བར྄ྩོན་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese