མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ས་ནས་གསར་འབྱོར་རྫོགས་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིག་འགྱུར་མེད།

ཕྱི་ལོ་ ༢༠༠༡ ལོར་ཕྲན་རྒྱ་གར་ངྷ་རམ་ས་ལར་འབྱོར་བ་ཡིན། སྐབས་དེ་དག་ཏུ་ལོ་རེ་བཞིན་བོད་ནས་སྐྱབས་བཅོལ་དུ་འབྱོར་བཞིན་པའི་བོད་མི་རྒན་དར་གཞོན་གསུམ་སྟོང་ཕྲག་འགའ་བརྒལ་གྱིན་ཡོད། བལ་ཡུལ་དང་ལྡི་ལི། ངྷ་ས་བཅས་ཀྱི་སྣེ་ལེན་ཁང་སོ་སོ་ནམ་རྒྱུན་ལས་བྲེལ་གྱི་ཀློང་ན་ཁོམ་གི་མེད། བོད་ཁྱིམ་སློབ་གྲྭ་ཁག་དང་གདན་ས་སེ་འབྲས་དགའ་གསུམ་གཙོས་དགོན་སྡེ་ཁག་ཏུའང་སློབ་གཉེར་བ་འཚང་ཁ་ཤིག་ཤིག་ངང་ཡོང་གིན་ཡོད། ངྷ་ས་ནི་གསར་འབྱོར་བ་བརྒྱ་ཕར་འགྲོ་དང་སྟོང་ཚུར་ཡོང་གི་གནས་མལ་ལྟ་བུ་ཡིན་ལ། སློབ་གྲྭ་ནས་ཐོན་པ་དང་གྲྭ་ས་ནས་བུད་པ། བོད་ནས་ཡོང་སྟེ་འདིར་གཏན་སྡོད་བྱས་པ་སོགས་ཀྱི་གསར་འབྱོར་བ་ཆེས་མང་བའི་གྲོང་ཁྱེར་ཞིག་ཀྱང་ཡིན། ཡིན་ནའང་། ལོ་མང་བོའི་སྐད་ཆ་མ་རེད། ན་ནིང་དང་ད་ལོའི་སྐད་ཆ་རེད། ན་ནིང་ད་དུང་ངྷ་ས་ནས་སྔར་ལྟར་གསར་འབྱོར་བ་བརྒྱ་ཕར་འགྲོ་དང་སྟོང་ཚུར་ཡོང་རེད། གསར་འབྱོར་བ་རྫོགས་ཀྱིན་པའི་སྣང་ཚུལ་སུ་གཅིག་ལའང་བྱུང་མྱོང་ཡོད་རྒྱུ་མ་རེད། ད་ལོར་དེ་ལྟར་མ་རེད། མིག་གིས་བལྟས་བལྟས་རིག་ལ་ངྷ་སའི་སྲང་གི་གསར་འབྱོར་བ་རྫོགས་ཀྱིན་འདུག མང་མང་གིས་གླེང་འགོ་བརྩམས་སོང་།

དེང་སྐབས་ང་ལྟ་བུའི་གསར་འབྱོར་བ་ཚོ་གཅིག་གཅིག་ལ་ཐུག་དུས་གསར་འབྱོར་བ་རྫོགས་ཀྱིན་པའི་སྐོར་ཡང་ཡང་གླེང་གིན་འདུག རེ་འགས་ད་དུང་ “གསར་འབྱོར་བ་རྫོགས་ཀྱིན་ཡོད་དུས་གསར་འབྱོར་བའི་ལས་དབང་སྐྱུར་མོ་མཇུག་བསྡུ་གིན་ཡོད་པས་ད་ནི་འགྲིག་འདུག་” ཟེར། ངོ་མ་དེ་ལྟར་ཟེར། ཁོང་ཚོས་ད་དུང་མུ་མཐུད་དེ་བཤད་དོན། “གསར་འབྱོར་བ་ངྷ་ས་ནས་བསྡད་ནས་ཅི་ཞིག་བྱ་དགོས་པ་རེད། ས་ཞིང་ནི་སྟེར་རྒྱུ་མ་རེད། བདག་པོ་ནི་རྒྱག་གི་མ་རེད། དེ་ལས་གང་དུ་འགྲོ་ས་ཡོད་ན་སོང་ན་ཡག་གི་རེད། མ་མཐར་ཡང་རང་མགོ་ཐོན་འགྲོ་གི་རེད་” ཟེར།

འདི་ལྟར་ངྷ་སའི་གསར་འབྱོར་བ་ངོ་མ་ཉིན་རེ་ལས་ཉིན་རེར་ཇེ་ཉུང་དུ་འགྲོ་གིན་འདུག དེ་ཡང་ལོས་ཡིན། ན་ནིང་གཞེས་ནིང་ངྷ་ས་ན་འཁྱམ་ཉུལ་བྱེད་ཀྱིན་པའི་གསར་འབྱོར་བ་ཁྱུ་ཞིག་སྐོར་ཁག་དང་སྐོར་ཁག་བྱས་ཏེ་ཡུ་རོབ་གླིང་ལ་བུད་སོང་། ན་ནིང་གཞེས་ནིང་ངྷ་ས་ནས་ཉིན་ཕུད་ན་མཚན་འཁྱོལ་དཀའ་བའི་གསར་འབྱོར་བ་ཉམ་ཐག་མང་བོ་དེང་སྐབས་བོད་ནང་དུ་ལོག་འགྲོ་གིན་འདུག ལྷག་པར་དུ་ད་ལོའི་དུས་འཁོར་དབང་ཆེན་རྗེས་ནས་ཉུང་མཐར་ཡང་བརྒྱ་སྐོར་འགའ་སོང་རབས་བཤད་ཀྱིན་འདུག ན་ནིང་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཞོགས་པ་ཆུ་ཚོད་ ༢ ཡས་མས་ནས་ཡར་ལངས་ཏེ་བང་བསྒྲིགས་པར་འགྲོ་དགོས་ཀྱི་ཡོད་འདུག དེ་ནི་གསར་འབྱོར་བ་ངྷ་ས་དང་འབྲལ་བཞིན་པའི་ངང་ཚུལ་རེད། གསར་འབྱོར་བ་ངྷ་ནས་ཆུ་བོ་བཞིན་བཞུར་གྱིན་པའི་ངང་ཚུལ་རེད།

ཉིས་སྟོང་བརྒྱད་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་གསར་འབྱོར་བ་ཚུར་སྐྱབས་བཅོལ་དུ་ཡོང་བའི་བགྲོད་ལམ་བཀག་པ་རེད། རྒྱ་ནག་གིས་ཤར་ཁུམ་བུའི་ལ་ཆེན་ནས་འགྲམ་གྱི་ཟམ་པ་ཚུན་དུ་དམག་མི་བརྒྱ་བཀྲམ་སྟོང་བཀྲམ་གྱིས་གསར་འབྱོར་བ་ཙི་གུ་འདྲ་ཞིག་ཀྱང་ཐར་ས་མེད་པ་བྱས་སོང་། དེ་དུས་ནས་སྣེ་ལེན་ཁང་ཁག་གི་ལས་བྱེད་ཚོ་ “ལས་མེད་ལས་བྱེད་” ལྟ་བུར་གྱུར་ཡོད། བོད་ཁྱིམ་སློབ་གྲྭ་ཁག་ཏུའང་སློབ་ཕྲུག་གི་ཡོང་ཁུངས་ཆད་ཅིང་ཉལ་ཁང་དང་འཛིན་ཁང་སྟོང་པ་ཡང་ཇེ་མང་དུ་འགྲོ་གིན་ཡོད། སྔོན་ཆད་ལྟར་འཚང་ཁ་ཤིག་ཤིག་བྱ་དགོས་ཀྱི་མེད། གདན་ས་ཁག་ཏུའང་གྲྭ་རྒྱུན་གྱིས་སྟོང་སྲིད་པའི་འཇིགས་སྣང་བསླེབས་ཟིན་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་བསྡུ་འགོ་བརྩམས་ཟིན།

འདི་ལྟར་མུ་མཐུད་དེ་སོང་ན་གསར་འབྱོར་བ་དངོས་གནས་ཚར་རྒྱུ་རེད། རྒྱ་ནག་གིས་ཕྱི་སྡོད་བོད་མི་ཕྱིར་ནང་རྒྱལ་དུ་འགུག་པའི་བྱེད་ཐབས་གསར་བ་ལག་བསྟར་བྱས་པ་དང་གོ་སྐབས་དེ་བཟུང་ནས་ཕྱིར་བོད་ནང་དུ་སོང་ནས་གཏན་འདུག་བྱེད་མཁན་དང་། གཉེན་འཕྲད་དུ་སོང་དང་འགྲོ་གིན་པའི་གསར་འབྱོར་བའི་གྲངས་ཀ་དངོས་གནས་ཉུང་ཉུང་མ་རེད།

ད་ཨ་མདོའི་གྲོང་གསེབ་ནས་ང་སྡོད་སའི་གངས་སྐྱིད་གཡས་གཡོན་ཁུལ་དུ་སྐད་ཆ་གསར་བ་ཞིག་གོ་ཡོང་བ་ནི། རྒྱ་གར་ཡུལ་མི་ཁང་པ་གླ་མཁན་དག་གི་དཀའ་ངལ་རེད། སྔོན་ཆད་ང་བསྡད་མྱོང་བའི་ཁང་བདག་ཨ་མ་ཞིག་གིས་ཉེ་ཆར་ང་ལ་སྔོན་ཆད་ཁྱོད་རང་བསྡད་མྱོང་བའི་ཁང་པ་གཉིས་ཀ་སྟོང་པ་ཡིན། ནང་དུ་འདུག་མཁན་རེག་གི་འདུག་གམ་ཟེར་ནས་ཐེངས་འགར་དྲིས་པས། ངས་ཀྱང་ད་རེག་གི་མ་རེད། ངྷ་ས་ནས་གསར་འབྱོར་བ་ཉུང་དུ་འགྲོ་བཞིན་པ་དང་ལྷག་པར་དུ་གངས་སྐྱིད་ཁུལ་དུ་ལས་ཤག་གསར་རྒྱག་བྱས་དང་བྱེད་བཞིན་ཡོད་སྐོར་སོགས་བཤད་པ་ཡིན། ངའི་ཡུལ་གྲོགས་འགས་བཤད་ན་ཨ་མདོའི་གྲོང་གསེབ་ཏུའང་ཁང་པ་མང་བོ་སྟོང་པ་ཆགས་ཡོང་གི་འདུག་ལ། དེང་སྐབས་ཁང་གླའང་མར་ལྷུང་གིན་འདུག་ཟེར།

གསར་འབྱོར་བ་རྫོགས་ཀྱིན་པ་འདི་ཡག་རྟགས་ཤིག་ཡིན་མིན་མི་ཤེས། དཔེར་ན་བཙན་བྱོལ་བོད་མིའི་མ་འོངས་པའི་མི་ལོ་ལྔ་བཅུའི་ལས་འཆར་ནང་དུ་གསར་འབྱོར་བར་ཁང་པ་སྤྲོད་པ་དང་ས་ཞིང་སྤྲོད་པ། གཞིས་ཆགས་སུ་འཇུག་པ། ཤེས་ཡོན་པར་ལས་ཀ་སྤྲོད་པ་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུའི་ལས་འཆར་ཡོད་མེད་མི་ཤེས་ཏེ། (བཀའ་ཁྲི་ཟུར་བས་དེ་སྔོན་གསར་འབྱོར་བ་ཚོ་ཕྱིར་བོད་ནང་དུ་སོང་སྟེ་རང་ས་སྲུང་དགོས་ཚུལ་གྱི་བཀའ་སློབ་ཕེབས་མྱོང་།) རྒྱ་ནག་གིས་ཕྱི་སྡོད་བོད་མི་ཕྱིར་རྒྱལ་ནང་དུ་ལོག་པར་སྣེ་ལེན་བཟང་བོ་དང་རྒྱལ་ནང་དུ་གཏན་སྡོད་བྱེད་པར་དགའ་བསུ་བྱེད་ཀྱིན་ཡོད། འདི་གཉིས་ལས་གསར་འབྱོར་བ་ཚོ་བཙན་བྱོལ་ལ་རེ་བཞག་ཆེན་པོ་མེད་པ་ཁག་མེད་ལ། འདིས་ངྷ་ས་དང་པེ་ཅིན་གཉིས་ཀྱིས་འཕྲལ་ཕུགས་ཀྱི་སྲིད་ཇུས་འཛིན་སྟངས་ཤིག་ལྷང་ལ་འབུད་ཀྱིན་འདུག་ཨང་།

ངས་རྣ་ལམ་དུ་བྲག་ཆ་ལྟར་ཡང་ཡང་འཁོར་བའི་དོན་དག་ཅིག་སྟེ། བཀའ་ཁྲི་གསར་བ་བཀའ་ཁྲིའི་འོས་མིར་བཞེངས་སྐབས་ཁོང་གིས་གསར་འབྱོར་བ་རྣམས་ཀྱི་ཁྲོད་དུ་ཤེས་ཡོན་ཅན་མང་བོ་ཡོད་པ་ཤེས་ཀྱི་ཡོད་ལ། གོ་སྐབས་འཐོབ་ཀྱི་མེད་པའང་ཤེས་ཀྱི་ཡོད། གལ་སྲིད་མ་འོངས་པར་ཁོང་བཀའ་བློན་ཁྲི་པར་བཞེངས་ཐུབ་པ་བྱུང་ཚེ་གསར་འབྱོར་ཤེས་ཡོན་ཅན་དེ་འདྲར་ཉམས་ཞིབ་སོགས་ཀྱི་ས་མིག་སྤྲོད་རྒྱུ་ཡིན་གསུངས་ཡོད། ཡིན་ནའང་།  ཉེ་ཆར་གསར་དུ་བཙུགས་པའི་ཉམས་ཞིབ་སྡེ་ཚན་དུ་སྲང་གི་གསར་འབྱོར་བ་ཤེས་ཡོན་ཅན་ཞིག་བསྒྲུགས་མེད་པ་ཡོངས་གྲགས་ཡིན་ལ། འདས་པའི་ཟླ་ངོ་འདི་ཚོར་གསར་འབྱོར་བ་ཤེས་ཡོན་ཅན་རྩད་གཅོད་དང་ལས་ཀ་སྤྲད་མེད་པའང་ཡོངས་གྲགས་ཡིན།

གང་ལྟར། ད་ལྟ་ངྷ་སའི་གསར་འབྱོར་བ་རྫོགས་ཀྱིན་འདུག སྔོན་ཆད་ང་མེག་གྷན་དུ་སོང་ཐེངས་རེ་རེ་བཞིན་རང་དང་འདྲ་བའི་གསར་འབྱོར་བ་སྡོམ་པོ་མང་ཐག་ཆོད་ལ་ཐུག་གི་ཡོད་ལ། སྲང་བར་ནས་ཐུག་ན་གཅིག་གིས་གཅིག་ལ་ཁྱོད་ལ་དུས་ཚོད་ཡོད་དམ། ཇ་ཞིག་འཐུང་གི་འགྲོ་ཟེར་བའི་སྲོལ་ཞིག་ཡོད།  དེ་དུས་ཞོགས་པ་ནས་དགོང་མོ་བར་གྱི་དུས་ཚོད་གང་འདྲ་ཞིག་ལ་མེག་གྷན་དུ་འབྱོར་ཡང་ཇ་ཞིག་འཐུང་རོགས་མི་རེག་པའི་དཀའ་ངལ་མེད་མོད། དེང་སྐབས་ཇ་འཐུང་རོགས་ཞིག་ཀྱང་ཚོད་ཚོད་ལ་རེག་གི་མི་འདུག

“རྒྱ་ནག་གཞུང་ཚབ་ཁང་ལ་ཐོ་བརྒྱབས་ཏེ་བསྒུགས་ནས་བསྡད་ཡོད། ཡི་གེ་རེག་སོང་ན་ཡུལ་ལ་ (ཕ་ཡུལ་ཞེས་པའི་བསྡུས་མིང་ངམ་ཨམ་སྐད) འགྲོ་གི་ཡིན། ད་ངྷ་རམ་ས་ལར་བསུན་སོང་ཟིག” ཙོང་ཁ་ཟ་ཁང་གི་ཐོག་ཁ་ནས་གྲོགས་པོ་ཞིག་དང་མཉམ་དུ་ཇ་འཐུང་ནས་སྡོད་སྐབས་སྐད་ཆ་འདི་ལྟ་བུ་ཞིག་ཐོས། བལྟས་ཚོད་ལ་སྐྲ་ལོ་དམར་སེར་བཟོས་པའི་གསར་བུ་ཞིག་ངྷ་རམ་ས་ལར་བསུན་པ་ཡིན་ནམ་གསར་འབྱོར་གྱི་སྐྱ་ཟད་སྔོ་སྡུག་གི་ལས་དབང་སྐྱུར་མོར་ཞེན་པ་ལོག་པ་ཡིན་མིན་མ་ངེས་ཀྱང་། གང་ལྟར་མུ་མཐུད་དེ་ངྷ་རམ་ས་ལར་སྡོད་འདོད་མེད་པ་ཐག་གིས་ཆོད་འདུག

ང་ལ་སེམས་ཁྲལ་ཞིག་ཡོད་པ་ནི་ངྷ་སའི་གསར་འབྱོར་ཚོ་ཕྱིར་ཕ་ཡུལ་དུ་ལོག་སྐབས་བསུན་སྣང་ཙམ་མིན་པར་རེ་ཐག་ཆད་དེ་ལོག་གིན་མེད་དམ་སྙམ་པ་དེ་ཡིན་ལ། འབྱུང་འགྱུར་བའི་མི་ལོ་ལྔ་བཅུའི་ལས་འཆར་ནང་དུའང་གསར་འབྱོར་བའི་ལས་དབང་ནི་རྟོགས་སུ་མེད་པའི་གབ་ཚིག་ཅིག་དང་གཉིས་སུ་མེད་ཨང་།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 34

  1. སྐར་མདའ། says:
    ལོ་ 13 སྔོན།

    གཙོ་བོ་གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་སྒེར་གྱི་བསམ་ཚུལ་ལེགས་པོ་ཡོད་མེད་ལ་མ་ལྟོས་པར་མཆན་འགྲེལ་བརྒྱབ་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་མཐོང་གི་ཡོད། གང་ཡིན་ཟེར་ན། རང་གི་འབྲི་རྩལ་ཡར་རྒྱས་འགྲོ་ཡ་དང་།
    དག་ཆའི་དཀའ་ངལ་སེལ་བའི་ཐབས་ལམ་རྨད་དུ་བྱུང་བ། བོད་ཡིག་གི་ཁྲོམ་ར་རྒྱ་ཆེ་རུ་འགྲོ་བ་སོགས་ཀྱི་ཐད་ནས་ཕན་པ་རྒྱ་ཆེན་པོ་ཞིག་འདུག་སྙམ།

    ཡིན་ན་ཡང་། ཁ་ཤས་ཀྱི་དྲ་ཚིགས་འདི་བེད་སྤྱོད་ལོགས་པར་བཏང་སྟེ་གསར་རྙིང་གི་དབྱེ་འབྱེད་དང་། མཁས་དབང་ལ་དམན་ཚིག་གིས་གསོད་ཐབས་བྱ་བའི་ལས་ངན་བསགས་པའི་བྱེད་ཐབས་བེད་སྤྱོད་བཏང་ཡ་འདི་ནི་ཧ་ཅང་གི་ཐབས་སྐྱོ་བོ་རེད་བསམ་གྱི་འདུག

    དེ་བས་ཕན་སེམས་ཀྱི་ཀུན་ནས་སླང་སྟེ་རྡོག་རྩ་ཆིག་སྒྲིལ་དང་། གསར་རྙིང་དཔུང་པ་མཉམ་འདེགས་བྱེད་ཐུབ་པའི་ཕྱོགས་ལ་གོམ་གང་མདུན་སྤོས་བྱེད་པའི་མན་ངག་འདྲ་ཡོད་ན་སྨྱུག་རྩེ་ནས་འདི་རུ་བྱོ་ན་ཡག་པོ་འདུག་སྙམ་པའི་སེམས་ཚོར་གསོན་པོ་ཞིག་རང་དབང་མེད་པར་ལྕེ་རྩེ་རུ་འཁོར་ཡོང་གི་འདུག

    གཙོ་བོ་ནང་གི་གཙོ་བོ་ནི། གསར་བ་དང་རྙིང་པའི་ཐད་ཀྱི་གླེང་སློང་བྱེད་པའི་ཁོར་ཡུག་འདི་མ་རེད་བསམ་གྱིན་ཡོད་ལ། དེ་ནི་རྩོད་དགོས་པའི་གནད་དོན་ཞིག་མཐོང་གི་མི་འདུག ང་ཚོསངེས་པར་དུ་དོ་སྣང་སྤྲོད་དགོས་པའི་ས་མིག་དེ་ནི། སྔོན་ཡོང་རྗེས་དྲན་གྱི་བསམ་བློ་བེད་སྤྱོད་ལེགས་པར་བཏང་སྟེ་མ་འོངས་བོད་མིའི་མདུན་ལམ་གྱི་ཁ་ཕྱོགས་གང་ལ་གཏད་དགོས་མིན་གྱི་ཐད་ལ་བསམ་ཚུལ་འདྲ་མིན་སྣ་ཚོགས་སྤེལ་ཐུབ་པ་ཡིན་ན་ཅི་འདྲའི་མི་བཟང་ངམ།

    Reply
  2. ཐོ་རངས། says:
    ལོ་ 13 སྔོན།

    ད་ནིང་ནས་ང་ཚོ་ཤི་རྒྱུ་མགོ་ཙུགས་ཚར་སོང་། བོད་གཞུང་གི་བཀའ་བློན་ནང་བོད་ཡིག་ཁུང་འཁྱོར་བའི་མི་སྣ་ཡང་མེད་པ་ལ་བསྟན་ནས་ང་ཚོ་ཤི་རྒྱུར་མགོ་ཙུགས་ཚར་བ་རེད་ད།

    Reply
  3. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་དུ་གསར་རྙིང་དབར་གྱི་འགལ་ཟླ་བཟོ་མཁན་བརྒྱུད་ལམ་ཁྱབ་ཆེ་ཤོས་ནི། དུས་བབ་དང་ཁ་བརྡ་དྲ་ཚིགས་གཉིས་རེད་འདུག །དཔྱད་རྩོམ་དང་མཆན་གང་སྤེལ་བ་ཡིན་ན་ཡང་། ཡང་ན་གཞིས་ཆགས་པས་མི་འགྲིག་པ། ཡང་ན་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཀྱིས་མི་འགྲིག་པ་སོགས་ཤ་སྟག་རེད་འདུག །བྱས་ཙང་འགལ་ཟླ་རིགས་མ་བཟོ་ན་ཡག་གི་རེད།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    གསར་འབྱོར་སྐོར་བཤད་དུས་་་གསར་འབྱོར་ཚོའི་སེམས་པ་ན་ཚ་ལྕི་མོ་ཞིག་གིས་བཟུང་བཞིན་འདུག་མ་ཐུབ་པའི་སྣང་ཚུལ་ཁྱད་པར་བ་ཞིག་བསྟན་གྱི་འདུག་་་་

    Reply
  5. ནད་པ says:
    ལོ་ 13 སྔོན།

    ཨ་རིག་ལགས། ཇི་སྲིད་བོད་མིའི་བླ་ན་མེད་པའི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་སྐུ་འཚོ་བཞིན་བཞེངས་པའི་རིང་དེ་སྲིད་དུ་གསར་འབྱོར་བ་ཚོ་ཆུ་ཆད་པ་ལྟར་རྫོགས་འགྲོ་བ་དེ་འདྲའི་གནས་སྟངས་ཞིག་ཡོང་གི་མ་རེད།

    ཡིན་ནའང་སྐྱབས་མགོན་རིན་པོ་སྐུ་མ་བཞུགས་པའི་དུས་དེ་ནས་བཟུང་རྡ་སར་གསར་འབྱོར་ཙམ་མ་ཟད་བོད་མི་རིམ་བཞིན་རྩ་རྫོགས་སུ་འགྲོ་རྒྱུ་ཡིན་པ་དེ་སྨོས་མེད་རེད།

    གསར་འབྱོར་ཉུང་དུ་འགྲོ་བཞིན་པ་དང་། གཞིས་ཆགས་ཕྱི་རྒྱལ་དུ་འགྲོ་བའི་ན་ཚ་འདི་རིགས་བཀའ་ཁྲིས་བཅོས་ཐབས་གཏན་ནས་མེད་པའི་སྤྱི་ཚོགས་ཀྱི་ནད་རྙིང་ཞིག་ཆགས་ཡོད། གསར་འབྱོར་ཉུང་དུ་འགྲོ་བའི་གནས་སྟངས་དེ་གཙོ་བོ་བོད་ནང་གིས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་བརྟེན་ད་ལྟའི་ཆར་ས་མཚམས་ཡོངས་རྫོགས་དམ་བསྒྲགས་ཆེན་པོས་དམག་མིས་བལྟ་སྲུང་བྱས་པའི་རྒྱུ་རྐྱེན་གཙོ་ཆེ་བ་དེ་རེད།

    གཞིས་ཆགས་ཕྱི་རྒྱལ་དུ་འགྲོ་བ་དེ་བཙན་བྱོལ་གཞུང་གི་འགོ་ཁྲིད་རྙིང་གྲས་ཚོ་དང་། བོད་གཞུང་གི་སྲིད་བོད་མི་ཕྱི་རྒྱལ་དུ་གཏོང་བའི་སྲིད་ཇུས་བཟུང་བ་ནས་བཟུང་ན་ཚ་འདི་སྤྱི་ཚོགས་ཧྲིལ་པོར་ཁྱབ་པ་རེད།

    དེ་གཉིས་ལ་བཅོས་ཐབས་ཞིག་རྩ་བ་ནས་མེད་པར་ད་དུང་སྡུག་ཏུ་སྡུག་ཏུ་འགྲོ་རྒྱུར་ཐེ་ཚོམ་ཁྱོན་ནས་མེད། གཅིག་བྱས་ན་འདི་བོད་ཤི་བའི་སྔ་ལྱས་ངན་པ་ཞིག་ཡིན་སྲིད།

    Reply
  6. སྐར་མདའ། says:
    ལོ་ 13 སྔོན།

    སེམས་ཁྲལ་མེད་པའི་སེམས་ཁྲལ་ལྷག་མ་ཞིག་གིས་བཟི་རུ་མ་འཇུག་རོགས་ཞུ་རྒྱུ་ཡིན།
    རྡ་སར་གསར་འབྱོར་བ་རྫོགས་གྲབ་འདུག་ཅེས་པའི་ཚིག་འདི་ནི་དེ་ཙམ་གྱིས་ཡག་པོ་ཞིག་མཐོང་མ་སོང་།

    བོད་མའི་རྩ་འཛུགས་མ་འཐོར་ན། གསར་འབྱོར་རྫོགས་ན་སྐྱོན་གང་ཡོད། ཡིན་ན་ཡང་། རྡ་སར་གསར་འབྱོར་རྫོགས་གྲབ་འདུག་ཅེས་པའི་གཏམ་དེ་ནི་མིག་རྒྱང་མེད་པའི་ལབ་གླེང་ཞིག་རེད་བསམ་གྱིན་ཡོད།

    སྤྱིར་བཏང་གི་བསམ་བློ་ཞིག་ཐོངས་དང་། རྡ་ས་ན་གསར་འབྱོར་རྒན་གཞོན་བར་གསུམ་གྲངས་ལས་འདས་པ་ཞིག་གིས་ཁེངས་ནས་བསྡད་ཡོད།
    གསར་འབྱོར་བ་ལས་སླ་བོ་རྫོགས་འགྲོ་བ་ཞིག་ག་ལ་ཡིན། ད་དུང་ཁྱེད་ཅག་གིས་མིག་གཡང་དང་། སྐོར་གཡང་ཞིབམོ་རེ་བྱས་ན་མི་ལེགས་སམ།

    ཚོད་ཚོད་ལ་སྐད་ཆ་རེ་བཤད་སྡད་པ་ཡིན་ན། མགོ་ཁུངས་མེད་པའི་ཆུ་བོ་ལྟ་བུ་ཆགས་ཡོང་། ད་དུང་དེ་དང་འབྲེལ་ནས་ཁ་ཤས་ཀྱིས་གླིང་གཞི་གསར་བ་ཞིག་གིས་འགོ་བཙུགས་ཡོང་གི་འདུག

    ཧ་ཅང་གི་ཐབས་སྐྱོ་བོ་རེད་བསམ་གྱིན་ཡོད། གསར་འབྱོར་ཉུང་འགྲོ་བའི་སེམས་ཁྲལ་ཁ་ལ་འཁྱེར་ནས་གཞིས་ཆགས་དང་གསར་འབྱོར་ཞེས་པའི་རྙོགས་གཏམ་མང་ཙམ་བཤད་པ་ཡིན་ན༎ སློབ་སྦྱོང་ཅན་ཞིག་གི་བཤད་རྒྱུའི་སྐད་ཆ་ཞིག་རེད་དམ།

    མཆན་འགྲེལ་རྒྱག་དགོས་ན་འང་། སྔོན་མཇུག་པརགསུམ་བསམ་བློ་རེ་བཏང་སྟེ་ཁ་དང་ལག་པ་གཉིས་འགུལ་སྤྱོད་བྱས་པ་ཡིན་མི་ལེགས་སམ། ཁ་ནས་གང་འཐོན་བཤད་ན་ཤེས་ཡོན་པོ་ཞིག་གི་འགྲོ་སྟངས་མ་ཆགས་པ་དང་།

    རང་གཅེས་འཛིན་གྱི་བློ་ཤུགས་ཆེ་བའི་རྟགས་ཤིག་ཀྱང་རེད་བསམ་གྱིན་འདུག འགྲིགས་མིན་མ་ཤེས།

    Reply
  7. ཐོ་ཐེངས། says:
    ལོ་ 13 སྔོན།

    ཨ་རིག་ལགས་ཁྱེད་ཀྱིས་གསུང་པ་དེ་བདེན་པ་རེད།
    ༼ངས་རྣ་ལམ་དུ་བྲག་ཆ་ལྟར་ཡང་ཡང་འཁོར་བའི་དོན་དག་ཅིག་སྟེ། བཀའ་ཁྲི་གསར་བ་བཀའ་ཁྲིའི་འོས་མིར་བཞེངས་སྐབས་ཁོང་གིས་གསར་འབྱོར་བ་རྣམས་ཀྱི་ཁྲོད་དུ་ཤེས་ཡོན་ཅན་མང་བོ་ཡོད་པ་ཤེས་ཀྱི་ཡོད་ལ། གོ་སྐབས་འཐོབ་ཀྱི་མེད་པའང་ཤེས་ཀྱི་ཡོད། གལ་སྲིད་མ་འོངས་པར་ཁོང་བཀའ་བློན་ཁྲི་པར་བཞེངས་ཐུབ་པ་བྱུང་ཚེ་གསར་འབྱོར་ཤེས་ཡོན་ཅན་དེ་འདྲར་ཉམས་ཞིབ་སོགས་ཀྱི་ས་མིག་སྤྲོད་རྒྱུ་ཡིན་གསུངས་ཡོད། ཡིན་ནའང་། ཉེ་ཆར་གསར་དུ་བཙུགས་པའི་ཉམས་ཞིབ་སྡེ་ཚན་དུ་སྲང་གི་གསར་འབྱོར་བ་ཤེས་ཡོན་ཅན་ཞིག་བསྒྲུགས་མེད་པ་ཡོངས་གྲགས་ཡིན་ལ། འདས་པའི་ཟླ་ངོ་འདི་ཚོར་གསར་འབྱོར་བ་ཤེས་ཡོན་ཅན་རྩད་གཅོད་དང་ལས་ཀ་སྤྲད་མེད་པའང་ཡོངས་གྲགས་ཡིན།༽

    Reply
  8. བདུད་རྡོ། says:
    ལོ་ 13 སྔོན།

    རྡ་སའི་སྲང་ལམ་གི་གསར་འབྱོར་དེ་ཚོ་ནི།གསར་འབྱོར་གྱི་གད་རྙིག་རེད།དེ་རྫོགས་སོང་ན་བློ་ཕམ་བྱེད་དགོས་དོན་མི་འདུག།མི་འདི་ཚོས་ཅི་བཤད་ཀྱི་ཡོད་རེད།རང་ངན་ནི་རོགས་གི་ལན།རྒྱུ་མེད་ནོ་དཔོན་གི་ལན།ཧིན་་

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་གཞུང་དང་དེའི་ལས་སྣེ།གཞན་གཞིས་ཆགས་རྣམས་ཀྱིས་གསར་འབྱོར་གྱི་བཀའ་དྲིན་དེ་ཡིད་ལ་དྲན་དགོས། མི་དཀྱུས་མ་ཞིག་ཡིན་ན་ཡང་བོད་ནས་ཡོང་དུས་དེ་ཆབ་སྲིད་ཀྱི་སྒང་ནས་རིན་ཐང་ཆེན་པོ་ཡིན། སྤྱིར་གཞིས་བྱེས་གཉིས་ཀྱི་འབྲེལ་བ་ནི་ཆུ་དང་འོ་མ་འདྲེས་པ་ཡིན་ཡང་།འདིར་ཕྱོགས་ནས་རྦད་དེ་སྣང་མེད་ལྟ་བུས་གསརའབྱོར་ཚོའི་མདུན་ལམ་དང་ནུས་པར་བརྩི་བཀུར་མ་བྱས་ཚེ།རྗེས་མར་གཞིས་ལུས་མི་མང་གི་ངོ་གདོང་ལ་བལྟ་མི་ཐུབ་པའི་ཚད་ལ་ལྷུང་མི་སྲིད་པ་མིན་ལ།གཞིས་ལུས་མི་མང་གི་འདིར་ཕྱོགས་ལ་རེ་བ་མ་བྱེད་ཚེ་རྩོད་བསྡད་བོད་དོན་ལ་རྩ་ནས་རེ་བ་མེད་པ་མངོན་གསལ་དོད་པོ་རེད།

    Reply
  10. རང་དབང་རྒྱལ། says:
    ལོ་ 13 སྔོན།

    རེ་བ་ཅན་གྱི་ཨ་རིག་ཞི་ལིས། ད་ཐེངས་བརྗོད་གཞི་དགོས་ངེས་ཅན་ཞིག་གཞིར་བཟུང་ནས། རང་ཉིད་ཀྱི་ཚོར་སྣང་ཐན་ཐུན་ཙམ་མ་ཡིན་པར། སྤྱིར་བཏང་གི་གནད་སྒོ་ཞིག་གླེང་བར་དགའ་བསུ་དང་རྒྱབ་སྐྱོར་ཞུ།

    བོད་ནས་གསར་དུ་ཡོང་མཁན་ཚོའི་མདུན་ལྗོངས་དེ་སྐྱ་ཐང་ཐང་ཡིན་པ་དེ། ས་རིས་ཐང་གསལ་རེད་ལ། ད་རུང་། ཤེས་ཚད་དང་འཚམ་པའི་ལས་གནས་རེའང་སྤྲད་སྲོལ་མེད་པ་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་རེད།

    གོ་སྐབས་འདི། རྒྱ་གཞུང་གིས་འཇུས་ནས། མེས་རྒྱལ་ནང་ཁུལ་དུ་ཕེབས་པར་དགའ་བསུ་དང་འབྲེལ་ནས། རྒྱ་གཞུང་གི་ཁྱབ་ཁོངས་སུ་གཏོགས་པའི་མི་སེར་ལག་འཁྱེར་སྤྲད་དེ་ཡར་ཡོང་ལས་མར་འགྲོ་སླ་བའི་སྲིད་བྱུས་འདི་མངོན་གསལ་དོད་པོར་བཟུང་བ་རེད།

    འོན་ཀྱང་། སྐྱབས་བཅོལ་བོད་གཞུང་གིས་སྲིད་བྱུས་དེར་ཁ་གཏད་གཅོག་རྒྱུའི་ཚབ་ཏུ་མཐུན་རྐྱེན་མང་པོ་ཞིག་བསྐྲུན་པའི་རྣམ་འགྱུར་བསྟན་པ་རེད། དེའང་། བོད་ནང་དུ་བསྐྱོད་པར་སྐུལ་འདེད་གནང་བ་ལ། མཐུན་རྐྱེན་ཡང་གང་ལེགས་སྤྱར་གྱིན་པ་གསལ་བོ་མ་རེད་དམ།

    ད་ནི། སུ་ཞིག་གིས་འཐབ་རྩོད་བྱེད་ཀྱི་རེད་དམ་ཞེས་པའི་དྲི་བ་རང་ཤུགས་ཀྱིས་འཁོར་ཡོང་གི་འདུག གང་ཡིན་ཟེར་ན། བོད་ཀྱི་རིག་གནས་སེམས་སྟོབས་དང་ངོས་འཛིན། ལག་ལེན་སོགས་ལ་རྒྱུས་མངའ་ཆེ་བ་བོད་ནས་ཕེབས་མཁན་ཚོར་ཆེ་བ་མ་ཡིན་ནམ།

    Reply
  11. བཀྲ་ཤིས། says:
    ལོ་ 13 སྔོན།

    རེད་དེང་སང་དྷ་སར་བོད་པ་ཡོང་མཁན་མེད་པ་དང་། དགོན་པར་གྲྭ་པ་ཡོང་མཁན་མེད་པ། སློབ་གྲྭར་ཕྲུ་གུ་ཡོང་མཁན་མེད་པ། བོད་མི་རྣམས་ཀྱིས་བོད་ཡིག་མ་སྦྱང་པ། ཕྱི་རྒྱལ་གྱི་ཡུལ་སྲོལ་ལ་དགའ་ཞེན་བྱེད་པ། དགོན་པ་ཁག་ཏུ་ཧི་མ་ལ་ཡ་གྲྭ་ཆུང་རྣམས་བསུ་སྟེ་དགོས་པའི་སློབ་སྦྱོང་ཅུང་ཟད་ཙམ་ཡང་མ་སྤྲད་པར་། ཞལ་འདེབས་སློང་སའི་ལག་ཆ་བྱེད་བཞིན་ཡོད། ལྟོས་དང་དགོན་པ་ཆུང་ཚགས་རིགས་ཡིན་

    Reply
  12. ཨ་རིག་འགྱུར་མེད། says:
    ལོ་ 13 སྔོན།

    རྩོམ་ཡིག་འདི་ཁ་སང་ངའི་ཟིན་བྲིས་ནས་འདིར་བཀོད་འདུག་པ་མཐོང་སྟེ། ང་རང་ཉིད་ཀྱིས་ཀྱང་མགོ་ནས་མཇུག་བར་ཐེངས་ཤིག་བསྐྱར་ཀློག་བྱས་པ་ཡིན། རྒྱུ་མཚན་རང་གི་ཟིན་བྲིས་ཤིག་མདུན་ངོས་ཀྱི་རྩོམ་དུ་གྱུར་དུས་དེ་ལ་འགན་ཆེ་ཆུང་གི་ཁྱད་པར་ཡོད་པས་ཡིན། དཔེར་ན། ཀླུ་མཁར་བྱམས་ཀྱིས་གླེང་འདུག་པ་ལྟར་རེད།
    ཡིན་ནའང་། དེ་ནས་ད་བར་དུ་ལྟ་ཐུབ་མ་སོང་། ད་ལྟ་ལྟ་དུས་མཆན་མང་བོ་སྤེལ་འདུག གང་ལྟར་ང་ཙམ་མིན་པར་འདི་ལ་དོ་སྣང་བྱེད་མཁན་མང་དུ་འདུག་སྙམ་ཏེ། མ་འོངས་པར་སུས་འདིའི་སྐོར་ལ་དཔྱད་བརྗོད་སྤེལ་གྱིན་ཡོད་ཀྱང་། གནས་ལུགས་དང་རྒྱུ་མཚན་ལྡན་པའི་དཔྱད་བརྗོད་སྤེལ་རྒྱུར་རེ་བ་ཡིན། དེ་མིན་སྟོང་བཤད་དང་རྒྱགས་གཏམ། ཡང་ན་གཞི་མེད་སྐྱོན་བརྗོད་རིགས་ཀྱིས་སུལའང་མི་ཕན། ལྷག་པར་དུ་ངས་གནས་བབ་ཅིག་གླེང་བ་ལས་གཞུང་ཕྱོགས་ལ་མཐའ་གཅིག་ཏུ་སྐྱོན་རྒྱག་གི་མེད། རྒྱུ་མཚན་ཡོད་དེ་གནས་བབ་གང་ཞིག་ཡིན་རུང་རྒྱུ་རྐྱེན་སྣ་མང་ཡོད་པས་ཡིན།
    སྐབས་སུ་དེ་ཙམ་བྱེད། གཞུག་ནས་འདིའི་སྐོར་ལ་དུས་ཚོད་ཀྱིས་ལྕོགས་ཚད་ལྟར་ཞིབ་འབྲི་རེ་བྱ་ཐུབ་ཚེ། ཚོད་ལྟ་བྱེད།
    གུས་བཅས། ཨ་རིག་གིས།

    Reply
  13. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    ཧ་ཧ་རྩོམ་ཡིག་དེ་མ་ཀློག་གོང་ནས་མཆན་བུ་མང་ཉུང་ལ་ལྟས་པས་བཙན་བྱོལ་གྱི་བཀའ་སྙོག་ཞིག་ཡིན་པ་ལམ་སེང་ཤེས་སོང་། བཙན་བྱོལ་ནང་གི་སྨྱུག་ཐོགས་པ་རྣམས་ནི་བཙན་བྱོལ་བོད་གཞུང་ལ་དུང་ཞེན་ཆེ་བ་ཞིག་ཡིན་ནམ། བསྟན་དགྲ་རྒྱ་མི་དམར་པོར་དུང་ཞེན་ཆེ་བ་ཞིག་ཡིན་ང་ནི་ཐེ་ཚོམ་སྐྱེས་ཀྱིས་འདུག གང་ལྟར་ཡང་བཙན་བྱོལ་གཞུང་ལ་ཞ་དང་ཞོར་ལ་སྐྱོན་བརྗོད་ཡོད་པའི་རྩོམ་ཡིག་ཞིག་ཡིན་ཚེ་དེའི་མཆན་ཞབས་སུ་སྐྱག་པར་འབུང་བ་འཁོར་བ་ལྟར་མཆན་བུ་ཚང་ཁ་ཤིག་ཤིག་དང་། རྒྱ་དམར་ལ་སྐྱོན་བརྗོད་པའི་རྩོམ་ཡིག་ཞིག་ཡིན་ཚེ་དེའི་མཆན་ཞབས་སྟོང་པ་ཡིན་པ་མཐོང་དུས་ཡང་རྙིང་ང་ཚོའི་ཐབས་བརྩོད་བྱ་ཡུལ་གང་ཞིག་ཡིན་པ་སོམ་ཉིའི་ཡུལ་དུ་གྱུར། རེད་དེ་ད་ཡིན་ན་བསམ་བློ་གཏོང་བཏང་ཤེས་ཡས་མིན་འདུག

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    སྐུ་ཞབས་ཀླུ་ལགས་ཀྱི་འཕུད་འཐེན་ཟེར་བའི་གོ་དོན་བཞིན་རྡ་ས་ལ་ཆབ་སྲིད་འདིས་མི་རིགས་ཤིག་གསོན་ལམ་ནས་འཆི་ལམ་དུ་བསྐྱལ་ཡོད་པ་མངོན་གསལ་རེད། ང་ཡང་གནས་ཚུལ་འདིས་ན་ཟུག་ལ་བཟོད་བསྒོམས་བྱ་ནས་ཡོད།

    Reply
  15. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    རེད་ཡ། འགྱུར་མེད་ཀྱི་གླེང་སྟངས་ཡག་པོ་འདུག འོན་དེ་རྩོམ་འདི་འདྲ་ཞིག་འབྲི་ཕྱིན། བསམ་ཚུལ་ལས་ཀྱང་གྲངས་རྩིས་ཀྱི་ཐོག་ནས་ཡོང་ཐུབ་རྒྱུ་ན་བཟང་གི དཔེར་ན། ལོ་འདི་དག་གི་རིང་ལ་སྣེ་ལེན་ཁང་དུ་གསར་འབྱོར་སླེབས་པའི་གྲངས་འབོར་དང་། རྒྱ་གར་དང་བལ་ཡུལ་གྱི་རྒྱ་མིའི་གཞུང་ཚབ་ཁང་ནང་ཐོ་འགོད་བྱས་ནས་ཕར་ལོག་མཁན་དང་། ལོག་ནས་ཚུར་ཡོང་མཁན་གྱི་རོབ་རྩིས་ཤིག ཡང་འདི་ནས་བསྡོད་མ་ཐུབ་པར་ཕར་ལོག་མཁན་ཚོར་བོད་ནང་གི་མང་ཚོགས་ནས་སྤྱི་ཡོངས་ཀྱི་ལྟ་སྟངས་ལ་སོགས་པ།
    སྤྱིར་ཡུལ་མི་གནས་སྤོར་དང་འབྲེལ་བའི་གཞུང་ལུགས་རང་བཞིན་གྱི་བཞེད་པ་སྣ་ཚོགས་ཡོད་ལ། དེའི་ནང་རྒྱུག་ཆེ་བའི་རིག་ལམ་ཞིག་ནི(འཕུད་འཐེན་སྨྲ་བ)ཡིན་པ་དང་། དེའི་གོ་དོན་ནི་སྐྱེ་བོ་གང་ཞིག་གནས་ཡུལ་ནས་འདུག་མ་ཐུབ་པར་ཕར་འཕུད་བརྒྱག་གཏོང་མཁན་གྱི་རྒྱུ་ཚོགས་གང་དང་གང་ཡིན་པ། དེ་བཞིན་གནས་སྤོར་ཡུལ་དེར་བློ་ཁ་དྲངས་བའམ་བློ་ཁ་འཐེན་བྱེད་ཀྱི་རྒྱུ་ཚཽགས་གང་དང་གང་ཡོད་པ། ཡང་འཕུད་བྱེད་དང་འཐེན་བྱེད་གཉིས་ཀྱི་ཤུགས་གང་ཆེ་བ་སོགས་རེད།
    གནས་ཚུལ་འདི་དག་གི་ཐད་འགྱུར་མེད་སོགས་ན་གཞོན་ཧུར་བརྩོན་ཅན་ཚོས་ཤུགས་བརྒྱག་རོགས་་་་་་

    Reply
  16. ཤག་སྒང་པ། says:
    ལོ་ 13 སྔོན།

    ཨ་རིག་གི་ཡིག་རྩལ་ལ་མངོན་པར་བསྟོད་དོ།།

    ནང་དོན་ཐད་མཐའ་གཅིག་ཏུ་ཕྱོགས་གཅིག་ཏུ་ལྷུངས་ཤིང་སྤྱི་སྦོམ་ཙམ་ཞིག་ལས། ཞིབ་ཕྲའི་གསར་འབྱོར་བར་མ་སྟེར་བའི་གནད་དོན་ཐེར་འདོན་མེད་པ་འདིས།

    ད་ལྟའི་ནང་ཁུལ་ལྷིང་འཇགས་རྒྱལ་ཞེན་གྱི་མདུད་པའི་དམ་ཚིག་འཕྱུག་རྩར་གྱུར་བར་སེམས་འཚབ་བྱས་སོ།།

    ཡི་གེ་བ་ལགས་ཡིད་གཟབ་གནང་དགོས་པར་ཚོར།

    Reply
  17. ཅང་མེད། says:
    ལོ་ 13 སྔོན།

    དེ་དེ་བཞིན་ནོ། དེའི་གནད་འགག་ནི་བཙན་བྱོལ་ཚང་ཀི་མ་འཇོན་པ་མ་ཡིན་ནོ། གང་ཟག་གཅིག་གི་མ་འཇོན་པའི་གནད་འགག་ཅིག མིང་གི་ཐོག་མར་ཽ་ན་རོ་ཡོད་ས་དང་རྗེས་སུ་་་་།ཚག་ཤད་ཡོད་ས་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

    Reply
  18. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    རང་ཉིད་འདུག་ས་དང་རྒྱུས་ཡོད་སའི་རིགས་ལ་སྙུག་རྩེ་གཏད་པ་ལེགས། ལྷག་པར་ད་ཐེངས་བརྗོད་གཞི་གཅིག་གཏན་འཁེལ་བྱས་ཏེ་་མགོ་ནས་མཇུག་བར་དུ་མ་འཐོར་བར་གླེང་བ་དེ་རྩོམ་ཡིག་འདིའི་བཅུད་ལྟ་བུ་རེད།

    Reply
  19. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    གསར་འབྱོར་བ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཉུང་དུ་ཕྱིན་པ་ནི་བདེན་པ་རེད། འོན་ཀྱང་དེའི་རྒྱུ་མཚན་ལ་ཞིབ་འཇུག་བྱ་དགོས་པ་ཡིན། ངས་བལྟས་ན་ཕྱི་ལོ་དགུ་བཅུའི་རྗེས་སུབོད་ནང་དུ་པར་འགྲོ་ཚུར་འོང་གི་་སྒོ་དབྱེ་བྱས་པ་ནས་བཟུང་བོད་ནས་ལམ་ཡིག་ཡོད་པ་དང་མེད་པ་ཅི་རིགས་ནས་གསར་འབྱོར་མང་དག་གཅིག་འབྱོར་ཡོད། དེ་དག་ལས་བོད་ལ་ཕྱིར་ལོག་མཁན་ནི་བརྒྱ་ཆ་ཉི་ཤུ་ཙམ་རེད། དེ་མིན་མང་ཆེ་བ་ནི་རྒྱ་གར་ནང་དང་ཕྱི་རྒྱལ་དུ་སླེབས་ཚར་བ་རེད། ད་དུང་འདས་པའི་ལོ་ཤས་ནང་དུ་ཞིབ་འཇུག་ཞིག་བྱས་པ་ཡིན་ན་ཡུ་རོབ་ཕྱོགས་སུ་བསྐྱོད་མཁན་བརྒྱ་ཆ་དགུ་བཅུ་ནི་གསར་འབྱོར་བ་རེད། ཁོང་ཚོ་ནི་བཙན་བྱོལ་བོད་གཞུང་གིས་བལྟ་རྟོགས་མ་བྱེད་པའི་རྐྱེན་གྱིས་ཐོན་པ་དང་། སློབ་གྲྭ་དང་གདན་ས་ཁག་གིས་བལྟ་རྟོགས་ཀྱིས་མ་འདང་བའི་རྐྱེན་གྱིས་དེ་བས་ཀྱང་མིན། འོ་ན། གང་ལགས་ཞེ་ན། དེང་སང་བོད་ནང་དུ་ཆ་སྙོམས་དཔལ་འབྱོར་ཆེན་པོ་ཡིན་པ་དང་། དེར་མ་ཟད། སློབ་སྦྱོང་དང་ནང་ཆོས་ཀྱི་ཤེས་ཡོན་ཡོད་པ་ལས་དཔལ་འབྱོར་ཆེ་བ་བྱུང་ན་བློ་བདེ་བ་དང་སྤྱི་ཚོགས་ཁྲོད་དུ་ཆེ་མཐོང་ཆེ་བ་འཇོག་གི་ཡོད་པས་རེད་འདུག་སྙམ།

    Reply
  20. སྟག་ཕྲུག says:
    ལོ་ 13 སྔོན།

    ཨ་རིག་ལགས་ཀྱིས་”ང་ལ་སེམས་ཁྲལ་ཞིག་ཡོད་པ་ནི་ངྷ་སའི་གསར་འབྱོར་ཚོ་ཕྱིར་ཕ་ཡུལ་དུ་ལོག་སྐབས་བསུན་སྣང་ཙམ་མིན་པར་རེ་ཐག་ཆད་དེ་ལོག་གིན་མེད་དམ་སྙམ་པ་དེ་ཡིན་ལ།” ཞེས་པའི་ཚིག་དུམ་འདིར་དོན་ཆེན་པོ་ཡོད་པས་ཚང་མས་འདང་རྒྱག་དགོས་སོ།

    Reply
  21. ཐོ་རེངས། says:
    ལོ་ 13 སྔོན།

    ༄༅། ། རྡ་སར་གསར་འབྱོར་ཉུང་འགྲོ་རྒྱུ་འདི་མི་ཡག་རྒྱུ་མི་འདུག སྔར་བོད་ནང་ན་འབྲེལ་བ་དེ་ཙམ་མེད་སྐོར་གསར་འབྱོར་ཚོས་ང་རྡ་ས་ན་ཡོད་ཅེས་མར་བོད་ཡུལ་དུ་ནང་མི་རྣམས་ལ་སྨྲས་ཚེ། ནང་མི་ཚོ་ཧ་ཅང་དགའ་ནས་ཡག་པོ་རེད། སྐྱབས་མགོན་རིན་པོ་ཆེ་བཞུག་ཡོད་ས་དེ་རེད་པ་ཅེས་གླིང་ཀྱིན་ཡོད། དེ་སང་བོད་ནང་ནས་རྡ་སའི་ལོ་རྒྱུས་གསལ་ཐག་ཆོད་པ་གོ་རྗེས། རང་གི་ནང་མི་ག་འདྲ་ཞིག་ཡིན་ནའང་རྡ་སར་བསྡད་ཡོད་ཅེས་ཐོས་ཚེ་སེམས་པ་ཧ་ཅང་སྐྱོ་བཞིན་པ་རེད། བོད་ནང་ལ་རྡ་ས་ཟེར་བ་དེ་བུ་བསྡད་ན་མདོ་མེད་སྐྱག་འཁྱམས་བྱེད་ས། བུ་མོ་བསྡད་ལུགས་མེད་སྨད་བཙོང་བྱེད་ས། གྲྭ་བ་བསྡད་ན་བདུན་ཕྲག་གཅིག་ནས་སྲུང་སྡོམ་བོར་ས་ཞེས་གྲགས་ཡོད་འདུག

    Reply
  22. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    གསར་འབྱོར་རྫོགས་སོང་ན་བཙན་བྱོལ་བོད་མིས་བསྒྲིགས་མཛུགས་གི་དབང་འཛིན་པ་དང་ཉེ་འཁོར་གྱི་སྐུ་དྲག་རིང་ལུགས་པ་དག་དགའ་ནས་གད་མོ་ཤོར་གི་རེད། ཉོན་དང་ཉེ་སྔོན་༧་གོང་ས་མཆོག་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་ཟེར་བ་དེའི་བྱང་ཨ་རི་ཁ་ལི་ཧྥོར་ནི་ཡ་ལ་གསུང་བཤད་ཞིག་ནང་བདུན་བཅུ་དོན་དགུ་ནང་ལོགས་འོང་མཁན་ཚོ་ལ་དོགས་ཟོན་བྱེད་དགོས་གང་ཡིན་ཟེར་ན་བོད་ཡིག་ཤེས་གི་འདུག དེའི་ནང་ཕྲ་མ་མང་པོ་བཤད་གི་འདུག་གསུང་སོང་། ཡིན་ཡང་ཁོང་ཚོས་འཛམ་གླིང་སྒང་ལ་ཞལ་འདེབས་བསླང་བའི་ལགས་ངར་ཡང་ཐུང་རུ་འགྲོ་ཉེན་ཆེ། དོག་ཟོན་བྱོས།

    Reply
  23. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    དགོན་པ་ལ་གྲྭ་པ་རྫོགས་གྲབ།
    སློབ་གྲྭ་རུ་སློབ་མ་རྫོགས་གྲབ།
    གཞིས་ཆགས་སུ་ན་གཞོན་རྫོགས་གྲབ་དང་རྡ་ས་རུ་གསར་འབྱོར་རྫོགས་གྲབ་ཡིན་པ་དེ་སྔ་ས་ནས་ཤེས་ཀྱི་ཡོད།
    ད་དུང་ས་དགེ་བཀའ་རྙིང་གི་དགོན་པ་ཡོངས་ཀྱི་ནང་དུ་གྲྭ་པ་མི་རྫོགས་པའི་རིག་པ་གསར་པ་ཞིག་རག་པ་དེ་ཨ་རུ་ཎ་ཅལ་དང་བལ་ཡུལ་སོགས་ནས་ཉམ་ཐག་གི་ཕྲུག་གུ་མང་པོ་ཞིག་ཚ་ཚ་འུར་འུར་དུ་བསྡུ་རུབ་བྱ་བཞིན་པ་རེད། གསར་འབྱོར་མང་པོ་ཞིག་རྒྱ་གར་ལ་རེ་ཐག་ཆད་ནས་སེམས་ཕམ་ངང་བོད་དུ་ལོག་གི་ཡོད་པ མངོན་གསལ་རེད། ལྡི་ལི་རྒྱ་ནག་གཞུང་ཚབ་བདུན་ཕྲག་རེ་ལ་ཐེང་གཉིས་རེ་སྒོ་ཕྱེ་བཞིན་ཡོད།
    ཉི་མ་རེ་ལ་མི་ལྔ་བཅུ་ཡན་དང་བརྒྱ་མན་གྱིས་བོད་ལ་འགྲོ་རྒྱུ་ཐོ་འགོད་བྱ་བཞིན་འདུག
    དེ་ཚོ་བརྒྱ་དགུ་བཅུ་གོ་དགུ་དེ་གསར་འབྱོར་ཡིན་པ་མངོན་གསལ་རེད།
    གནས་ཚུལ་དེ་ཚོ་ལ་ཉམས་ཞིབ་བྱ་ནས་བཀའ་ཁྲི་གསར་པ་ལ་ཐབས་ལམ་འདྲ་གང་ཡོད་དམ།

    Reply
  24. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    གསར་འབྱོར་རྫོགས་ལ་ཉེ་ཡང་་་་་རང་བཙན་ལག་དེབ་ཀྱི་རིན་གོང་ཇེ་ཁུགས་རེད་་་་་་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སེལ་ཚོས་དེང་སང་རང་བཙན་ལག་དེབ་ལ་འབུམ་འགའ་ཤས་རེ་སྤྲད་ཀྱིན་འདུག་་་་་རིན་གོང་འཕར་གྱིན་པའི་རང་བཙན་ལག་དེབ་འདིས་བོད་གཞུང་གི་ལས་བྱེད་འགའ་ཕྱུག་པོ་བཟོས་ལོས་ཡོད་་་་་མུ་མཐུད་ཚོང་ལས་ལ་འབད་དགོས་པ་རེད་་་་་གཞན་པའི་ཚོང་ལས་རེ་འདུག་གམ་་་་་ཀིརྟིའི་སྒྲོལ་དཀར་ལྷ་མོ་སྙིང་རྗེ་རླུང་རྟ་མ་རྒྱུགས་པའམ་རྒྱབ་སྐྱོར་བྱེད་མཁན་མེད་པས་སམ་གང་ལྟར་སྒོར་མོ་ཉུང་ཉུང་ཞིག་གིས་མི་ཁ་ཆེན་པོ་ཞིག་ཉོས་པ་རེད་་་་་་སྒོར་མོ་མང་པོ་ཅན་ཚོས་མི་ཁ་འདི་འདྲ་མི་ཁུགས་པ་དེ་རླུང་རྟ་རེད་དམ་་་་་་སྦྱང་པོ་རེད་་་་ཨོ་རེད་་་་གསར་འབྱོར་ཚོ་རྫོགས་རྗེས་རང་བཙན་ལག་དེབ་དེས་ཀྱང་ཅི་བྱེད་གོང་ཁུགས་ན་བཙོང་ན་ཡག་ཤོས་རེད་་་་

    Reply
  25. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དྷ་སའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་འགྲོ་སོང་གཏོང་ས་གལ་ཆེ་ཤོས་དེ། བོད་མི་གསར་རྙིང་གང་ཡིན་ཡང་དཔལ་འབྱོར་གྱི་དཀའ་ངལ་ཕྲད་པ་དེ་ཚོ་ཡིན་པ་དེ་དུས་ནམ་ཡང་བརྗེད་མི་ཉན། ནོར་ལྷས་སྲུངས་འགྱུར་ཅིག

    Reply
  26. ཤེས་རབ says:
    ལོ་ 13 སྔོན།

    ཨ་རིག་འགྱུར་མེད་འདི་མཉམ་ཞིབ་པ་ཧ་ཅང་གི་ཚད་མཐོ་བོ་ཞིག་རེད་འདུག་ གང་ལྟར་གསར་འབྱོར་དང་སྙིང་འབྱོར་ཟེར་ནས་སྡུག་མཁན་མང་པོ་ཞིག་ཡོད་པ་རེད། དེ་དག་གིས་སྐད་ཆ་འདི་ཚོ་གོ་སོང་ན་དགའ་ཐག་ཆོད་ཀྱི་ཡོད་རེད་བསམ་གྱི་འདུག ཡིན་ན་ཡང་གསར་འབྱོར་བ་རྫོགས་དགོས་པའི་རྒྱུ་མཚན་དེ་གང་ལ་ཐུག་ཡོད་མེད་དེ་ཡག་པོ་ཤེས་དགོས་པ་དེ་ཡང་གལ་ཆེན་པོ་རེད། གལ་ཏེ་གསར་འབྱོར་བ་རྫོགས་ཀྱི་ཡོད་ན་ཡག་པོ་རེད་དམ་ཡང་ན་སྡུག་ཅག་རེད དེ་ཡང་བསམ་བློ་ཞིག་གཏོང་དགོས་ཀྱི་ཡོད་རེད། སྤྱིར་བཏང་གི་བཙན་འབྱོར་ནང་དུ་གསར་འབྱོར་བ་ཡོད་ན་དགའ་ཡི་ཡོད་རེད་མེད་ན་དགའ་ཡི་ཡོད་རེད་དེ་ཡང་བསམ་བློ་ཞིག་བཏང་དགོས་ཀྱི་འདུག

    Reply
  27. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    ཁྱོད་ཀྱིས་གསུངས་པ་བདེན་། གསར་འབྱོར་ཚོ་ལ་བོད་གཞུང་གི་རོགས་པ་གང་ཡང་བྱ་མི་ཐུབ་ཟེར་ནས་གསལ་པོ་གསུངས་སོང། ངས་རྫུན་བཤད་པ་རྩ་ནས་མིན།
    དཔོན་པོ་ཡག་པོ་ངོ་ཤེས་སམ་དགའ་ཉེ་ཡོད་ན་མ་གཏོག་མདུན་ལམ་རག་ཐུབ་དཀའ། དེ་མེད་ན་ཤེས་ཡོན་ཅི་ཙམ་ཡོད་ཀྱང་རུལ་རྒྱུ་དང་སེམས་ཤུགས་ཅི་ཙམ་ཡོད་ཀྱང་འགྱོད་པའི་གཞི་མ་རང་ལས་མེད། དེ་ལས་ཡུལ་དུ་ལོག་ན་མ་མཐའ་ཡང་ནང་མི་དང་མཉམ་འཛོམས་ཡོང་གི་རེད་ལ་ནང་མི་སྤུན་མཆེདཚོ་ལ་སེམས་ཁྲེལ་ཡང་ཡོད་མ་རེད།

    Reply
  28. འཕྲིན་ལས says:
    ལོ་ 13 སྔོན།

    གསར་འབྱོར་རྣམས་བོད་དུ་ཕྱིར་འདེད་པ་ནི་བོད་གཞུང་གིས་སྲིད་བྱུས་ཤིག་ཏུ་བཟུང་སྟེ་ལོ་མང་སོང་ཡོད་ལ། རྡ་སའི་སྐུ་དྲག་ཚོས་གནས་ཚུལ་འདི་འདྲ་གོ་ན་སེམས་གཏིང་ནས་དགའ་བཞིན་ཡོད་ཚོད་རེད། དེ་སང་གནས་ཚུལ་གསར་པ་ཞིག་ལ་བོད་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་ཏེ་མི་ངན་རིགས་བཞི་ཚར་གཅོད་བྱ་རྒྱུ་ཡིན་ཟེར།འདིའི་རྗེས་སུ་ད་དུང་གྲལ་རིམ་འཐབ་རྩོད་ཡོང་གི་རེད་ལ། དེ་ཡང་གསར་འབྱོར་རྣམས་ཕྱིར་འདེད་པའི་སྲིད་བྱུས་ཤིག་ཏུ་ཅིས་མི་འགྲུབ།

    Reply
  29. གངས་ཟླ། says:
    ལོ་ 13 སྔོན།

    གསར་འབྱོར་བ་རྫོགས་ཟེར་ན་མི་ཤེས་ཏེ། ཉུང་ངུ་ཞིག་ལས་མེད་པ་ནི་དངོས་བདེན་རེད། དེ་ལ་ནི་དོན་རྐྱེན་མང་ནི་རེད་འདོད་ཀི།

    Reply
  30. མི་ཆུང་། says:
    ལོ་ 13 སྔོན།

    ཨ་རིག་གིས་དཀའ་ངལ་ངོ་མ་ཞིག་གླེང་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཐོང་གི་ཡོད་མེད་མི་ཤེས་ཀྱང་། བོད་མིའི་སྒྲིག་འཛུགས་ལ་མཚོན་ན་འདི་ནི་ཚབས་ཆེའི་དཀའ་ངལ་ཞིག་རེད།

    རྒྱུ་མཚན་གྲོགས་པོ་ནད་པས་གླེང་འདུག དེས་འཐུས་པར་བྱས། འོན་ཀྱང་དཀའ་ངལ་འདི། ས་ཁུག་ན་བསྡད་བསྡད་པས་གཞིས་ཆགས་ཚོས་མཐོང་གི་མེད། གངས་ཅན་སྐྱིད་ཤོང་གི་ན་གཞོན་དེ་ཚོས་ཀྱང་རིག་གི་མ་རེད།

    བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་ཚོས་རིག་ཡོད་ན་ཡང་། སྣང་ཆུང་གཏོང་གི་ཡོད། དཀའ་ངལ་འདི་དང་དེའི་མཇུག་འབྲས་མཐོང་མཁན་ངོ་མ་དེ། རྒྱ་ནག་གི་འཐབ་མཆོག་བཅོས་བསྒྱུར་པུ་ཡིན།

    Reply
  31. ལུང་རྟོགས། says:
    ལོ་ 13 སྔོན།

    གསར་འབྱོར་ཚོ་ཕ་ཡུལ་ལ་ལོག་ན་ཡག་པོ་རེད། འདིར་སྡད་ན་ངོ་མ་དོན་སྙིང་དེ་ཙམ་མི་འདུག་ལ། ཕྱི་རྒྱལ་ལ་སོང་ན་དེ་བས་ཀྱང་དོན་སྙིང་མེད་པ་རེད། དེ་བས་ཕ་ཡུལ་ལ་ལོག་སྟེ་རྒྱ་གཞུང་ལ་གང་ཐུབ་ཀྱི་ཞི་བའི་འཐབ་བརྩོད་རེ་དང་། བོད་རང་གི་ཆོས་དང་རིག་གཞུང་ལ་ཞབས་འདེག་རེ་ཨེ་འགྲུབ་བལྟས་ན་ཡག་ཤོས་རེད། འདི་ནས་འཚར་ལོང་བྱུང་དང་འབྱུང་བཞིན་པ་དག་ནི་བོད་རང་གི་སྐད་ཡིག་ཡག་པོ་མི་ཤེས་མཁན་དང་། ཆོས་དང་རིག་གཞུང་ལ་དོ་སྣང་མེད་མཁན་། མཐའ་ན་མི་རིགས་ཀྱི་ལར་རྒྱ་ཙམ་ཡང་མེད་མཁན་གྱི་ར་མ་ལུག་དག་དག་ཆགས་བཞིན་འདུག་ན་འདི་ཚོས་རང་གི་ལྟོ་གོས་བརྩལ་ཐུབ་ཙམ་ལས་བོད་མི་རིགས་ལ་ཕན་རྒྱུ་ཁག་པོ་རེད་འདུག

    Reply
  32. norlhatso says:
    ལོ་ 13 སྔོན།

    སེམས་ཁྲལ་མ་བྱེད་དང་སྐྱོན་ནི་མ་རེད། བོད་མ་རྫོགས་ན་རྡ་སར་གསར་འབྱོར་རྫོགས་ནི་མ་རེད། སེམས་ཁྲལ་ཆེན་པོ་དེ་དྲ་འབུ་ཚོའི་ནང་ན་རྒྱ་འདྲེ་ཡོད་པ་དེ་རེད། གཟབ་དགོས་སའང་འདི་རེད་སྙམ།

    Reply
  33. ནད་པ says:
    ལོ་ 13 སྔོན།

    གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་གཞིས་ཆགས་ཚོར་ཐོབ་ཐང་ཆེ་རུ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད། གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་གདན་ས་དང་དགོན་སྡེ་ཁག་ཏུ་ཧི་མ་ལའི་རིགས་བརྒྱུད་ཀྱི་གྲྭ་བཙུན་རྣམས་ལ་ཐོབ་ཐང་ཆེ་རུ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད།

    གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་ཊི་སི་ཝི་བོད་ཁྱིམ་སློབ་གྲྭར་སོགས་ཀྱི་ནང་གཞིས་ཆགས་དང་ཐ་ན་རྒྱ་གར་གྱི་ཕྲུ་གུ་ཚོར་གོ་སྐབས་མང་དུ་འགྲོ་ཐུབ་པའི་རེ་་བ་ཡོད་པ་རེད། གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་རྡ་སར་བོད་གཞུང་ལ་དཀའ་ངལ་ཆུང་དུ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད།

    གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་རིམ་བཞིན་ཡལ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད། གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་གུན་ཁྲན་ཏང་གི་མངོན་འདོད་དང་རེ་བ་དེ་ཆེ་རུ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད།

    གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་རྒྱལ་སྤྱིའི་སྤྱི་ཚོགས་རོགས་དངུལ་ཉུང་དུ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད། གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་གཞི་བྱེས་གཉིས་ཀྱི་འབྲེལ་ལམ་དེ་གྲིས་བཅད་པ་ལྟར་ཡོང་ཐུབ་པའི་རེ་བ་ཡོད་པ་རེད།

    གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་བོད་ནང་སྔར་ལས་ལྷག་པའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ཡོད་པ་མཚོན་ཕྱིར་རྒྱ་ནག་གཞུང་གི་རེ་བ་རྒྱལ་སྤྱིའི་སྟེང་ཆེ་རུ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད།

    གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་གཞི་ཆགས་ཚོ་ཕྱི་རྒྱལ་གང་སར་གནས་སྤོ་ཐུབ་པའི་རེ་བ་ཡོད་པ་རེད། གསར་འབྱོར་ཉུང་དུ་འགྲོ་ཐུབ་ན་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཀྱི་མི་ཤུགས་དང་ནུས་ཤུགས་ཆུང་དུ་འགྲོ་ཐུབ་པའི་རེ་བ་ཡོད་པ་རེད།

    མཐར་གཏུགས་ནས་བཤད་ན་དེ་ནི་གུ་ཁྲན་ཏང་གི་ལམ་ཕྱོགས་དང་མཐུན་པ་མ་ཟད་ཏང་གི་མངོན་འདོད་དང་སྲི་ཐུས་ཡིན་སྟབས། མ་འོངས་པར་ཏང་ལ་རྒྱལ་ཁ་རླབས་ཆེན་ཞིག་འཐོབ་མི་ཐུབ་པ་སུས་ཀྱང་བརྗོད་མི་ཐུབ།

    པི་ཅིང་ཏངགི་རླུང་རྟ་དང་རྡ་སའི་སྒྲིག་འཛུགས་གཉིས་ཀྱི་རླུང་རྟ་ཆེ་ཆུང་རངལ་ཐུག་ཡོད། པི་ཅིང་ཏང་གི་ཚེ་སྲོག་དང་རྡ་སའི་ཏྰ་ལའི་བླ་མའི་ཚེ་རིང་ཐུང་གཉིས་ལ་ཐུག་ཡོད།

    པི་ཅིང་ནས་སྲིད་ཤེས་ན་སྲིད་ཇུས་བེད་སྤྱད་དགོས་པའི་དུས་ཚོད་ཅིག་རེད་འདུག
    རྡ་ས་ནས་རིགས་ལམ་ཤེས་ན་རིག་པ་བེད་སྤྱད་དགོས་པའི་དུས་ཚོད་ཅིག་རེད་འདུག

    Reply
  34. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    ཁག་མེད་་་་གསར་འབྱོར་བརྒྱ་ཆ་བརྒྱ་དགུ་བཅུས་རང་རྐང་མ་ཟིན་པར་དཀའ་ངལ་གྱི་ངང་དུ་བསྡད་ཡོད་་་་་་་འདི་ནི་ཕྱོགས་མང་པོ་ཞིག་ནས་སྤྲད་པའི་དཀའ་ངལ་ལས་བྱུང་བ་ཞིག་ཡིན་་་་་་གསར་འབྱོར་ཚོ་འདིར་ཐོན་དུས་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་དང་་་འདིར་འདུག་ཆོག་པའི་ཡིག་ཆའི་དཀའ་ངལ་་་་་་་གཞུང་གིས་མཐོང་ཕྱོགས་དང་གཞིས་ཆགས་འབྱོར་ལྡན་ཚོས་ལྟ་སྟངས་སོགས་བརྒྱུད་རིམ་མང་པོ་ཞིག་གི་བར་ནས་འདུག་མི་ཐུབ་པའི་དཀའ་ངལ་མང་པོ་ཞིག་འཕྲེང་དུ་བསྟར་འདུག་པས་གསར་འབྱོར་མང་པོ་ཞིག་འུ་ཐུག་ནས་ཕྱིར་ཕ་ཡུལ་དུ་ལོག་གི་ཡོད་པ་རེད་་་་་་གསར་འབྱོར་གྱི་དཀའ་ངལ་ལ་ད་བར་བོད་གཞུང་གིས་ཁ་གཡང་སྙན་མོ་ཞིག་ལས་ལྟ་རྟོགས་ཡག་པོ་ཞིག་བྱས་མེད་པ་གསལ་ཐང་ཡིན་བས་ད་རྫོགས་ཀྱང་བྱ་ཐབས་མ་ཡོད་པ་རེད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese