མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཀིརྟི་གྲྭ་ཚང་དུ་མི་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་བཞུཊ་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ། དགེ་ལྡན་བསྟན་པའི་མངའ་བདག་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ། དགའ་ལྡན་གསེར་ཁྲི་ཐུབ་བསྟན་ཉི་མ་མཆོག་དབུ་བཞུཊ་ཐོག བོད་མི་སེར་སྐྱ་ ༡༠༠༠ བརྒལ་བས་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་ཡུལ་དུ་བསྟན་པ་སྤེལ་ཏེ་མི་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད།

བཞུཊ་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་གོ་སྒྲིག་འོག དེ་རིང་ཕྱི་ཟླ་ ༥ ཚེས་ ༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་བཞུཊ་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་འདུ་ཁང་ཐང་ཆེན་དུ། རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་མདོ་རོང་ཡུལ་དུ་སངས་རྒྱས་བསྟན་པ་སྤེལ་ཏེ། མི་ལོ་ངོ་ཧྲིལ་པོ་ ༦༠༠ འཁོར་བའི་དུས་དྲན་སྲུང་གཙི་གཟབ་རྒྱས་ཤིག་ཞུས་སོང་། ཐེངས་འདིའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་དགེ་ལྡན་བསྟན་པའི་སྲོག་ཤིང་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་སྐྱབས་རྗེ་རི་རྫོང་རྒྱལ་སྲས་ཐུབ་བསྟན་ཉི་མ་མཆོག་གིས་གཙོས། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱུད་སྟོད་མཁན་པོ་མཆོག  དེ་བཞིན། བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་པོ་དང་དགེ་བཤེས། བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ། མདོ་སྨད་སྤྱི་འཐུས་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཟུར་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན། མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་དང་། ངྷ་ས་དང་ནོར་གླིང་ཁུལ་གྱི་མདོ་སྨད་མི་དམངས་བཅས་ཁྱོན་མི་ ༡༠༠༠ ལྷག་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་དུས་དྲན་གོ་སྒྲིག་ཚོགས་པའི་ཚོགས་གཙོ་གྲྭ་འབྲིང་བ་འཇིགས་མེད་ལགས་ཀྱིས་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་མཛད་རྣམ་ངོ་སྤྲོད་གནང་དོན། ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་དགེ་འདུན་རྒྱལ་མཚན་ལགས་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་དང་མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་ཡིན་ལ། དམ་པ་དེས་དུས་ཡུན་ལོ་ངོ་ ༢༣ རིང་རྗེ་ཙོང་ཁ་པ་ཆེན་པོའི་མདུན་དུ་མདོ་སྔགས་ཀྱི་ཆོས་ཡོངས་སུ་གསན་རྗེས། ཕྱི་ལོ་ ༡༤༡༡ ལོར་རྗེ་རིན་པོ་ཆེའི་བཀའ་དགོངས་ལྟར་མདོ་སྨད་ཕྱོགས་སུ་བསྟན་པ་སྤེལ་ཆེད་ཕྱིར་རང་ཡུལ་དུ་ཕེབས་ཤིང་།  ༡༤༡༢ ལོར་རྒྱལ་མོ་ཚ་བ་རོང་དུ་ཀིརྟིའི་མ་དགོན་དང་པོ་དཔལ་འགྱུར་མེད་ཀཱ་ལ་རིའི་དགོན་བཀྲ་ཤིས་ལྷུན་འགྲུབ་གླིང་ཕྱག་བཏབ་ནས། ༢༠༡༢ ལོའི་ཕྱི་ཟླ་ ༥ བར་ཁྱོན་མི་ལོ་ཧྲིལ་པོ་ ༦༠༠ འཁོར་ཡོད་ལ། འདས་པའི་མི་ལོ་དྲུག་བརྒྱའི་རིང་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་རྒྱལ་མོ་ཚ་བ་རོང་དང་བཙན་ལྷ། རྔ་པ། མཛོད་དགེ། རྨ་ཆུ། མགོ་ལོག  རཱ་རྒྱ། ཀླུ་ཆུ། ཐེ་བོ། ཅོ་ནེ། གཙོས་ཁ་གྱཱ། ཧོར་ཚང་། རེབ་གོང་སོགས་མདོ་སྨད་ལྷོ་རྒྱུད་དང་ནུབ་བྱང་ས་ཁུལ་བཅས་ཀྱི་ནང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་རྒྱ་ཆེར་བསྐྱངས་ཡོད་སྟབས། ཀིརྟི་སྐུ་ཕྲེང་ཁག་ཅིག་ལ་སྐབས་དེའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་རྒྱ་ནག་གོང་མ་རིམ་བྱོན་གྱིས་མཚན་མཐོང་གཟེངས་རྟགས་ཀྱང་ཕུལ་ཡོད་ལ། ད་ཆར་ཀིརྟི་དགོན་པ་འདི་ལ་བོད་ཕྱི་ནང་གཉིས་སུ་དགོན་མ་ལག་༨༠ ལྷག་ཡོད་འདུག 

ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་ནའང་། སྐབས་དེའི་ཆོས་ལུགས་ཕྱོགས་ཞེན་དང་ལུང་ཚན་འཐེན་འཁྱེར་དབང་གིས། མཚམས་རེར་གྲུབ་མཐའ་བར་རྩོད་རྙོག་དང་ཆབ་སྲིད་ཕྱོགས་ཞེན་སོགས་ཀྱིས་འགལ་རྐྱེན་སྣ་ཚོགས་འཕྲད་དེ། ཁོང་ལ་སྐུ་ངལ་ཡང་ཡང་འཕྲད་པའི་ལོ་རྒྱུས་བྱུང་མྱོང་ཡོད་པ་མ་ཟད། སྐུ་ཕྲེང་གསུམ་པ་དང་བཞི་པ། ལྔ་པ། བདུན་པ་བཅས་ལ་གཞན་གྱིས་སྦྱོར་ངན་བརྩམས་པ་དང་དུག་དྲངས་པ། བཙོན་དུ་བཅུག་པ་སོགས་ཀྱི་དཀའ་སྡུག་གི་ལོ་རྒྱུས་དུ་མ་ཞིག་བྱུང་ཡོད་འདུག  བཙན་བྱོལ་འབྱོར་བའི་རྗེས་སུའང་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཀྱང་རྒྱ་གར་ནང་༸གོང་ས་མཆོག་གི་སྐུ་མདུན་དུ་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་རིག་གནས་ཆེས་མཐོའི་སློབ་ཁང་གསར་འཛུགས། སྔ་མོའི་ཀིརྟི་བླ་བྲང་གི་འགྲོ་སྟངས་དེ་དེང་དུས་མང་གཙོའི་འགྲོ་ལུགས་ཀྱི་དགེ་རྩ་ཚོགས་པ་ཞིག་ཏུ་བསྒྱུར་ཡོད་ལ། ཀིརྟི་བྱེས་པ་གྲྭ་ཚང་གཙོས་བོད་ཕྱི་ནང་གི་ཀིརྟི་དགོན་མ་ལག་གཉིས་ཀྱིས་ད་བར་བོད་ཀྱི་ཆོས་དང་རིག་གཞུང་སྐོར་གྱི་རྩོམ་དེབ་ ༢༠༠ ལྷག་པར་བསྐྲུན་འགྲེམས་སྤེལ་ཞུས་ཡོད་འདུག

མཛད་སྒོའི་སྟེང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས། དགའ་ལྡན་གསེར་ཁྲི་རི་རྫོང་རྒྱལ་སྲས་ཐུབ་བསྟན་ཉི་མ་མཆོག་དང་ཐོག་མའི་འབྲེལ་བ་བྱུང་སྟངས་དང་། བར་དུ་རིན་པོ་མཆོག་གིས་བོད་ཕྱི་ནང་གི་ཀིརྟིའི་དགོན་པར་གཞུང་འཆད་ཁྲིད་གནང་ཕྱོགས་ཐོག་རོགས་རམ་གནང་བར་བསྔགས་བརྗོད་དང་།  ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་ཡུལ་དུ་བསྟན་པ་སྤེལ་ཏེ་མི་ལོ་ ༦༠༠ འཁོར་བའི་དུས་དྲན་འདི་ནི། བོད་ནང་གི་ཀིརྟིའི་ཁྱབ་ཁོངས་དགོན་སྡེ་ཁག་ནས་བསམ་ཚུལ་གསུངས་བ་ལྟར་ཚུར་ཕྱོགས་ནས་གྲོས་བསྡུར་གྱིས་ཐག་བཅད་པ་ཞིག་ཡིན་ཚུལ་དང་། དྲུག་བརྒྱའི་དུས་དྲན་འདི་བོད་ཕྱི་ནང་གཉིས་སུ་སྲུང་གཙི་བྱེད་བཞིན་ཡོད་ནའང་། དུས་དྲན་འདི་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་དགའ་སྟོན་གྱི་རྣམ་པ་གང་ཡང་མེད་སྐོར། ད་ཆར་ཕ་ཡུལ་ཀིརྟིའི་དགོན་སྡེ་ཁག་ཏུའང་གཞུང་འཆད་ཉན་ཐོག་རྩོད་རྒྱུགས་དང་ངག་རྒྱུགས། འབྲི་རྩོམ་སོགས་གནང་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ།  “ མདོ་སྨད་ནང་འཇང་དགུན་ཆོས་ཐེངས་དང་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཚོགས་པ་རེད། ཕར་ཕྱིན་དབྱར་ཆོས་ཐེངས་དང་པོ་ད་ལོར་མགོ་འཛུགས་གནང་ཡོད་ལ། དབྱར་ཆོས་སྐབས་གཙོ་བོ་དྲང་ངེས་ལེགས་བཤད་སྙིང་པོི་རྩོད་དགོས་པ་རེད། མཚན་ཉིད་བཤད་གྲྭ་ཡོད་པ་རྣམས་མུ་མཐུད་ཡར་རྒྱས་གཏོང་བཞིན་ཡོད་ལ། མཚན་ཉིད་མེད་པའི་དགོན་པ་ཁག་ལ་མཚན་ཉིད་འཛུགས་རྒྱུའི་འཆར་གཞི་ཡོད། སྔོན་ཆད་ཀིརྟིའི་ཁོངས་བཙུན་དགོན་ཡོད་པ་མ་རེད། ད་ཆར་བཙུན་མའི་དགོན་པ་གསུམ་བཙུགས་ཡོད་ལ། བཙུན་དགོན་དེ་ཚོར་ཡང་རིམ་བཞིན་མཚན་ཉིད་འཛུགས་འཆར་ཡོད། མི་ཐོག་གོང་མ་ཚོས་ལོ་ ༦༠༠ རིང་བསྟན་པ་ཡུན་རིང་གནས་ཆེད་སྐུ་ལས་མང་པོ་བསྐྱོན་ཡོད་ལ། སྐུ་ལས་བསྐྱོན་པ་བཞིན་གྲུབ་འབྲས་ཀྱང་ཆེན་པོ་ཐོན་ཡོད། ད་དུང་བསྟན་པ་མི་ལོ་ ༦༠༠ རིང་གནས་ཐུབ་ཆེད་ཀིརྟིའི་བླ་སློབ་ཡོངས་ཀྱིས་འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་འཛོམས་པའི་གྲྭ་བ་ཞིག་ཡོང་ཐབས་འབད་བརྩོན་གནང་དགོས ” ཞེས་གསུངས་ཡོད།

མཐའ་མཇུག་སྐུ་མགྲོན་གཙོ་བོ་དགའ་ལྡན་གསེར་ཁྲི་རི་རྫོང་རྒྱལ་སྲས་ཐུབ་བསྟན་ཉི་མ་མཆོག་གིས། ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་བོད་བསྟན་སྲིད་ཆེད་བྱས་རྗེས་རླབས་ཆེན་བཞག་ཡོད་པར་བསྔགས་བརྗོད་དང་འབྲེལ། བར་ལམ་ཞིག་ནས་བོད་ནང་སངས་རྒྱས་བསྟན་པ་ཉམས་ཆག་ཏུ་ཕྱིན་ཡོད་ཀྱང་། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས་རྒྱ་གར་ནང་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱུང་ཡོད་སྐོར་གསུངས་པ་མ་ཟད། དགའ་ལྡན་གསེར་ཁྲི་མཆོག་གིས་ཁ་ཆེ་གཙོས་ཆོས་ལུགས་གཞན་པ་ཁག་དང་ནང་ཆོས་གཉིས་མཚུངས་བསྡུར་གནང་སྟེ། ནང་ཆོས་ཀྱི་རིན་ཐང་དང་གལ་གནད་སྐོར་གཞི་རིམ་མང་ཚོགས་ནང་ཤེས་རྟོགས་ཡོང་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་གསུངས་སོང་།

གསར་འགོད་པ། དཔལ་ལྡན། 

མཆན། 13

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 11 སྔོན།

    སྐྱབས་རྗེ་མཆོག་གིས་གཙོས་ཁོང་གི་ལྷ་སྡེ་མིསྡེ་ཡོངས་ལ་སྙིང་ཁུང་རུས་པའི་སྦུག་བས་ཐུགས་རྗེ་ཆེ་ཞུ། མ་ཟད་སྐུ་ཡུན་ད་བརྟན་ཅིང་མཛད་འཕྲིན་དབྱར་གྱི་ཆུ་གཏེར་ཆེ་མོའི་དཔལ་དུ་གྲུབ་པར་སྨོན་ནོ།།
    ནད་པས་ཚང་ཁ་བརྒྱབ་འདུག་པ་མི་ལེགས་པས་གཞན་དུ་གླེང་རོགས་ཞུ། མ་གཞི་ནས་གླིང་ཚས་དམར་དར་འཁྱེར་དོན་བརྡ་སྟོན་ཅིག་ཡིན་པ་ཤེས་བཞིན་དུ་འདྀ་འདྲ་གསུང་བ་་་་ངོ་ནས་ཡིད་ཐང་ཆད་བྱེད་རང་རེད་སྙམ་མོ།།
    བཀྲ་ཤིས་ལགས། དུས་བབ་ན་ཡང་་་་མདོ་རུང་་་བྲིས་འདུག་གོ།

    Reply
  2. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 11 སྔོན།

    འཕེལ་རྒྱས་དང་། ལྷག་པར་རིན་པོ་ཆེའི་མངའ་ཞབས་གཞིས་ཀྱི་དགེ་འདུན་པ་གཙོ་གྱུར་སེར་སྐྱ་མི་མང་རྣམས་བོད་ཀྱི་བསྟན་སྲིད་དོན་དུ་རང་སྲོག་གཏོང་བའི་རླབས་ཆེན་གྱི་བྱ་གཞག་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་དེ་ཡང་ཀིརྟི་རིན་པོ་མཆོག་གིས་ཐད་ཀར་སྐུལ་སློང་གནང་མིན་ཇི་ལྟར་ཡང་ཁོང་ཉིད་ཀྱི་ཐུགས་རྗེའི་འོད་ཟེར་ལས་བྱུང་བ་ཞིག་ཡིན་པས་དེ་ཡང་ཁོང་གི་མཛད་འཕྲིན་གྱི་ཆ་ཤས་ཤིག་ཡིན་པས་ཁ་ཞེ་གཉིས་མེད་ཀྱིས་བླ་མ་ཁྱེད་ལ་དགའ་བསུ་ཞུའོ།།

    Reply
  3. མི་རྒོད། says:
    ལོ་ 11 སྔོན།

    ༧ གོང་ས་ཆེན་པོས་འོད་ཟེར་བླ་མར་འཕྲོས། བླ་མས་བཀའ་གོང་དུ་བཀུར། འདི་འདྲ་ཀྱང་ཀྱང་རེད། ཁོང་མེད་ན་ཀླད་པ་སྟོང་པ་རེད་ང་ཚོ་བོད་པ་ཚང་།

    Reply
  4. མི་རྒོད། says:
    ལོ་ 11 སྔོན།

    ལོ་འགའ་འདས་སོང་། དེ་ནས་ཡིད་ཤེས་དེ་ཉོན་མོང་གི་ཆ་ལས་ཅུང་ཙམ་གྲོལ་སྐབས་དྲན་ཤེས་ཞིག་རྙེད་ད། ཀིརྟི་ཚང་ནས་སློབ་མ་གཅིག་སློབ་མཐར་བྱུང་སོང་བྱུང་སོང་ཞེས་ཤོག་བུ་གསར་ལམ་དུ་ཡུལ་གྱིས་ཡུལ་གྱིས་འཆར་ཞག། ད་གོང་འཕེལ་གྱིས་ཟླ་བ་དངོས་སུ་ཉ་གང་ཚེ་སྐྱིད་པ་ལའང་་་་ སྐྱིད་པ་ལའང་་་སྤྲོ་ལོ།།

    Reply
  5. སྦྲ་གསར་དཀར་ལོ། says:
    ལོ་ 11 སྔོན།

    སྤྱིར་སངས་རྒྱས་ཀྱི་བསྟན་དོན་དང་ཡང་དགོས་བོད་ཀྱི་བདེ་སྡུག་དང་རིག་གཞུང་ཐོག་ལ་ཕྱག་ལས་གང་མང་གནང་འདུག་པས་སྐུ་ཚེ་བརྟན་པར་ཤོག

    Reply
  6. ནད་པ says:
    ལོ་ 11 སྔོན།

    རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག་ནི་མཁས་བཙུན་བཟང་གསུམ་ཅན་གྱི་ཨམ་མདོའི་བླ་མ་ཆེས་རྩ་ཆེ་ཞིག་རེད། བླ་མ་འདིས་པས་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་དགོངས་འོག་བོད་བསྟན་སྲིད་མི་རིགས་དང་བཅས་པར་ཆེད་འགརན་ཟླ་བྲལ་བའི་མཛད་རྗེས་བཞག་དང་འཇོག་བཞིན་ཡོད་པ་དེ་ཨམ་མདོ་ཙམ་མ་ཟད་བོད་མི་རིགས་ཀྱི་བསོད་ནསམ་དང་གཟི་བརྗིད་ཅིག་ཡིན།

    ཡིན་ནའང་གླིང་ཚ་ཚེ་རྡོར་གྱིས་དར་མར་འཁྱེར་ནས་དར་དམར་གུས་བརྩི་ཡོད་ཅེས་པའི་ཚིག་འདི་ཧ་ཅང་གི་ནོར་འཁྲུལ་ཅན་ཞིག་ཆགས་ཡོད། དར་དམར་དེའི་འོག་ནས་ མི་ལ་ ༦༠ རིང་གི་དཀའ་སྡུག་དང་། མི་གསོད། མནར་གཅོད། བཙན་འཛུལ་སོགས་ཚང་མ་དར་དམར་འདིའི་འོག་ནས་མྱངས་དང་མྱོང་བཞིན་ཡོད།

    ད་དུང་དར་དམར་དེར་གུས་རྩི་ཡོད་ཅེས་ནས་ཏང་ལ་དགའ་ཞེན་ཡོད་ཅེས་ཟེར་གྱིན་ཡོད་པ་རེད། མི་འདི་ཚོས་སྲིད་དོན་ཟེར་བའི་གོ་དོན་དེ་གང་ཞིག་ཡིན་མིན་ཤེས་ཀྱིན་མེད་པ་ཡིན་ནའང་ཡང་བསམ་བཞིན་དུ་་ཏང་ལ་དགའ་ཞེན་གྱིས་སྒོས་ནས་ཏང་དར་དམར་པོ་ལྷུ་ལྷུབ་ཏུ་འཁྱེར་བཞིན་ཡོད་མེད་ང་ཚོས་བཤད་ཚོད་ཐིབ་མ་སོང་།

    ཨམ་མདོ་བའི་ཞི་བའི་གོམ་བགྲོད་བྱེད་མཁན་ཚེ་རྡོར་མ་བུ་གསུམ་ལ་མཚོན་ན་ཡི་རང་བྱེད་དགོས་པའི་གནས་སྟངས་ཤིག་རེད། འོན་ཀྱང་དར་དམར་འགོ་སྟེང་དུ་འཁྱེར་ཏགུང་ཁྲན་ཏང་ལ་དགའ་ཞེན་ཡོད་འདོད་གི་རྣམ་པ་སྟོན་བཞིན་པར་ད་ཆེས་ཐབས་སྐྱོ་བའི་བྱ་སྤྱོད་ཐ་ཤལ་ཞིག་རེད།

    བོད་ཀྱི་གཏམ་དཔེ་གཅིག་ལ་ཐབས་ག་ཚོད་ཅིག་སྡུག་ཀྱང་་་་་་་ཁྱི་སྨྱོ་ན་ཡང་བདག་པོ་ངོ་ཤེས་་་་་ཟེར་བའི་གཏམ་དཔེ་རང་རེད། ཏང་ལ་དགའ་ཞེན་ཡོད་ན་མགོ་འདོགས་བྱས་ཏེ་ཕྱིར་ནས་ཏང་ལ་བློ་སེམས་དཀར་པོས་གུ་ཁྲན་ཏང་ཡོན་གཅིག་བྱས་ནས་བསྡད་དེ་དར་དམར་ག་དུས་ཡིན་ཁང་པའི་སྟེང་དུ་ཡར་བསྒྲེངས་འཛུགས་བྱས་ན་འགྲིག་གི་རེད།

    བོད་ཀྱི་དུས་བབ་ཟེར་བ་འདིས་ཀྱང་དྲང་བདེན་གྱི་ལས་ཀ་ཞིག་བྱེད་ཀྱིན་མེད་པའི་སྣང་ཚུལ་བྱུང་། ཨམ་མདོ་ཚོས་ཅིག་བྱས་རབ་སྐོར་གྱི་གནས་ཚུལ་ཆུང་ཙག་ཅགིག་ཡིན་ཀྱང་ག་ཚོད་སྟོན་ཐུབ་ཐུབ་གཅིག་དང་། ཡང་ཨམ་མདོ་ཚོས་སྡུག་སྡུག་གི་གནས་ཚུལ་ཅིག་ཐོན་ན་གོ་མ་བྱུང་མདོག་མདོག ཤེས་མ་བྱུང་མདོག་མདོག་བྱས་ཏེ་དངོས་ཡོད་ཀྱི་གནས་ཚུལ་དེ་སྦས་བསྐུང་བྱེད་ཀྱིན་འདུག

    ང་ཚོས་འདི་ནས་ཆན་འགའ་ཤས་གནད་ལུགས་ཀྱིས་ཐོག་ནས་གསལ་བཤད་བྱས་ཀྱང་བཀོད་ཀྱི་མི་འདུག དེ་འདྲ་ཡིན་ན་ཁྱེད་ཚོས་་་་་་བོད་ཀྱི་དུས་བབ་ཟེར་བའི་མིང་དེ་བརྗེད་པོ་བརྒྱབ་ཏེ་་་་་ཨམ་མདོའི་དུས་བབ་ཅེས་བཏགས་ན་མཚམས་ཤོས་རེད།

    Reply
  7. ཐུབ་བསྟན། says:
    ལོ་ 11 སྔོན།

    ༧སྐྱབས་མགོན་རོང་ཆེན་ཀིརྟི་རིན་པོ་ཆེའི་མཛད་འཕྲིན་དང་ཐུགས་བཞེད་ཇི་བཞིན་འགྲུབ་པའི་སྨོན་ལམ་གྲངས་མེད་ ཀིརྟི་བྱེས་པ་གྲྭ་ཚང་གིས་བོད་ཀྱི་བརྡ་སྤྲོད་རིག་གནས་ཀྱི་ཐོག་བྱེས་འབྱོར་དགོན་སྡེ་ཚོའི་ནང་ནས་བྱས་རྗེས་ཆེ་ཤོས་བཞག་པ་དེར་ བོད་ཀྱི་ཤ་ཁྲག་རུས་པར་གྲུབ་པ་ཀུན་གྱིས་བསྟོད་བསྔགས་བྱེད་འོས་པར་མཐོང་

    Reply
  8. རིག་འཛིན་རྡོ་རྗེ། says:
    ལོ་ 11 སྔོན།

    དུས་བབ་དྲ་ངོས་སུ་གསར་འགྱུར་ཇེ་ཉུང་དང་ཡིག་ནོར་ཇེ་མང་རེད།

    Reply
  9. ཤེལ་དཀར་བློ་བཟང་དངོས་གྲུབ། says:
    ལོ་ 11 སྔོན།

    མདོ་རོང་ཡུལ་དུ་བསྟན་པ་སྤེལ་ཏེ་མི་ལོ་ ༦༠༠ སོང་མིན་མི་ཤེས་མོད། འོན་ཀྱང་དད་མོས་འོས་པའི་བླ་མ་ཞིག་ཏུ་མངོན།།

    Reply
  10. བཀྲ་ཤིས། says:
    ལོ་ 11 སྔོན།

    བོད་ཀྱི་བང་ཆེན་ཟེར་བའི་དྲ་ཐོག་ན་གོ་མགོ་བརྗོད་ནང་དུ། (མདོ་རོང་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཏེ་ལོ་༦༠༠ འཁོར་བ།)་་བྲིས་བཞག་་དེ་ཅང་མི་ཤེས་ཡ་སངས་རྒྱས་ཀྱི་བསྟན་པ་ཟེར་ན་ཅི་ཡང་མི་ཤེས་མོད། ཁོ་རང་ཚོའི་བསྟན་པ་དར་ནས་ཡིན་ས་རེད།

    Reply
  11. མི་རྒོད། says:
    ལོ་ 11 སྔོན།

    ད་ཕལ་ཆེར་བོད་པ་ཚང་་རྒྱས་རྒྱས་ཀྱི་འཛོམས་འཛོམས་ལད་སོད་ལ་མང་དྲགས་ཉེན་ཞིག་འདུག། ད་ངས་རྣམ་ཤེས་འདི་ལོ་ཁྲི་ཕྲག་འགའ་ལོན་པའི་དུས་ཆེན་ཞིག་གྲལ་འགྲིག་བྱས་ནས་བརྙན་གཟུགས་གཅིག་བཟོ་དགོས་ལེ་རེད་ད།།།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 11 སྔོན།

    ཀིརྟི་རིན་པོ་མཆོག་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ཕྱག་ལས་སྣ་ཚོགས་གནང་བ་དང་། ལྷག་པར་བླ་མ་ཕྱི་གཙང་ནང་གཙང་བསྟན་འགྲོ་ལ་ཕན་ཞིང་༧རྒྱལ་བའི་བཀའ་ཅི་བཞིན་བརྩི་གནང་མཁན་ཞིག་ཡིན། རྒྱུ་མཚན་དེས་ན། ཁོང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་སྔར་བཞིན་རྒྱས་པར་སྨོན།

    Reply
  13. ཀླུ་སྨྱོན། says:
    ལོ་ 11 སྔོན།

    ཨ་མདོའི་བླ་མ་ཕྱི་ལོགས་སུ་བཞུགས་མཁན་གྲངས་ཀ་ཉུང་ཉུང་ཞིག་ལས་མེད་ཀྱང་། དེའི་ཁྲོད་ཀྱི་ཀིརྟི་རིན་པོ་ཆེ་མཆོག་གིས་བསྟན་དོན་ལ་མཛད་རྗེས་རླབས་ཆེན་བཞག་གནང་ཡོད། སྐུ་ཚེ་བརྟན་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist