རྒྱ་གཞུང་གིས་གཞིས་ཀ་རྩེ་ངམ་རིང་རྫོང་མདོ་པེ་ཤང་ཁྲེ་ཁོ་གྲོང་ཚོའི་གྲྭ་ཚེ་དབང་ནོར་བུ་འཇུ་བཟུང་བྱས་པར་རྐྱེན་བྱས་ཏེ། ཁོང་གི་ཕ་རྒན་ཚེ་བརྟན་བཀྲ་ཤིས་འབོད་པ་འདས་གྲོངས་སུ་ཕྱིན་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ངམ་རིང་རྫོང་མདོ་པེ་ཤང་ཁྲེ་ཁོ་གྲོང་ཚོའི་ཚོགས་ཁང་དུ་བརྙན་འཕྲིན་སྟོན་སྐབས། གྲྭ་ཚེ་དབང་ནོར་བུ་འབོད་པས་ཚོགས་ཁང་གི་ཀ་བའི་སྟེང་བོད་རྒྱ་ཞེས་བྲིས་ཏེ་རྒྱ་ཞེས་པའི་ཚིག་དེར་ནོར་རྟགས་བརྒྱབ་པ་དང་། དེ་འོག་ཏུ་བོད་རང་བཙན་གཙང་མ་ཡིན་ཞེས་བྲིས་སྟབས། ཉིན་དེར་ཚོགས་ཁང་དུ་ཡོད་པའི་རྒྱ་ནག་གི་ལས་དོན་རུ་ཁག་གི་ལས་བྱེད་ཀྱིས་ཤེས་རྟོགས་བྱུང་སྟེ་ཤང་སྲིད་གཞུང་ལ་གནས་ཚུལ་སྙན་གསེང་ཞུས་རྗེས། ཉིན་དེའི་དགོང་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་ངམ་རིང་རྫོང་གི་སྤྱི་བདེ་ཉེན་རྟོག་པའི་རླངས་འཁོར་གསུམ་འབྱོར་ཏེ། གྲྭ་ཚེ་དབང་ནོར་བུ་རང་ཁྱིམ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་གྲྭ་ཚེ་དབང་ནོར་བུ་བཙན་འཁྲིད་བྱས་པའི་གནས་སྟངས་དེར་རྐྱེན་བྱས་ཏེ། རང་ལོ་ ༦༠ ཙམ་ཡིན་པའི་ཁོང་གི་ཕ་ཚེ་བརྟན་བཀྲ་ཤིས་འབོད་པ་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
རང་ལོ་ ༣༠ ཡིན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ནི། ཕ་ཚེ་བརྟན་བཀྲ་ཤིས་དང་མ་ཕུར་སྒྲོན་གཉིས་ཀྱི་ཁྱིམ་དུ་སྐྱེས་ཡོད་པ་དང་། ལོ་བཞི་ཙམ་གྱི་ཐོག་ངམ་རིང་རི་བོ་ཆེ་དགོན་དུ་གྲྭ་པ་བྱས་ཡོད་འདུག འདི་ལོའི་ཕྱི་ཟླ་ ༣ པའི་ནང་བོད་རང་བཙན་གྱི་ཡི་གེ་བྲིས་པའི་ཉེས་མིང་འོག་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་ནང་མི་གཉེན་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
གསར་འགོད་པ། དོན་གོ
༄༅། རྒྱ་དམར་གྱི་ཆབ་སྲིད་རྡུང་རྡེག་ཕོག་དེ་ཁྱིམ་གཞི་སྟོང་པའི་ཁྱིམ་ཚང་འིད་འདྲ་གྲང་ལས་འདས།