ཉེ་ཆར་ཁེ་ན་ཌར་ཚོགས་ཟིན་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་བཞུགས་སྒར་དྷ་སར་འཚོགས་འཆར་གྱི་དམིགས་བསལ་ཚོགས་ཆེན་གཉིས་དང་འབྲེལ་ཏེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་ཡོད།
དྲི་བ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པའི་སྟེང་། སྔར་དང་མ་འདྲ་བའི་རྣམ་འགྱུར་དང་གླེང་གཞི་གསར་པ་ག་རེ་བྱུང་སོང་།
ལན། རྩ་བའི་བོད་པའི་གནད་དོན་དང་འཐབ་རྩོད་ཀྱི་ངོ་བོ་རང་འཇགས་ལྷག་བསྡད་ཡོད་སྟབས། གྲོས་ཆོད་དམིགས་སུ་བཀར་ནས་སྔར་དང་མ་འདྲ་བ་ཞིག་འཇོག་ཐབས་ཡོད་པ་མ་རེད། ཡིན་ནའང་། ད་ཐེངས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པ་དེ་ནི། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་པའི་རྗེས་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་རྣམ་འགྱུར་གྱི་ཐོག་ནས། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་བྱུང་བའི་གནས་སྟངས་འོག་ཚོགས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཆེ་ཤོས་ཤིག་ཆགས་ཡོད་སྟབས། སྤྱིར་བཏང་ཚོགས་ཆེན་ནང་སྔོན་མ་ཡིན་ན་གྲོས་བསྡུར་གྱི་དུས་ཚོད་མང་བ་དང་། གནས་ཚུལ་རྒྱུས་ལོན་གྱི་རིགས་ཏོག་ཙམ་ཉུང་བ་ཡོད་པ་རེད། ད་ཐེངས་བགྲོ་གླེང་གི་རིམ་པ་མང་པོ་ཞིག་བོད་དང་རྒྱ་ནག་ལ་ཐད་ཀར་འབྲེལ་བ་ཡོད་པའི་ཐོག་གཏམ་བཤད་བྱས་ཡོད་པ་མ་ཟད། གཏམ་བཤད་བྱེད་མཁན་ཚོའི་ཐད་ནས་ཀྱང་རྒྱ་གར་དང་རྒྱ་ནག ཕྱི་རྒྱལ་མི་རིགས། བོད་པ་བཅས་ཚང་མ་གང་འཚམ་ཚད་ལྡན་བྱུང་ཡོད་སྟབས། ཕྱོགས་ཡོངས་ནས་བོད་དོན་སྐོར་ལ་གོ་རྟོགས་ཤུགས་ཆེ་ཙམ་བྱུང་སོང་། ལྷག་པར་དུ་འདས་པའི་ལོ་ ༡༥ ནས་ ༢༠ ནང་ལོགས་ལ་རྒྱ་ནག་གིས་རྒྱལ་སྤྱིའི་ནང་འབྲེལ་བ་བྱེད་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཚར་བ་རེད། ཁོ་ཚོའི་དཔལ་འབྱོར་དང་མིའི་ནུས་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་ག་རེ་བྱེད་བཞིན་པ་དེ་དག་ལ་གཞི་བཅོལ་བའི་ཐོག་ནས། ང་ཚོའི་ངོས་ནས་ཀྱང་གོམ་སྟབས་གསར་བསྐྱོད་དགོས་པའི་གནས་སྟངས་དེ་འདྲ་ཡོང་མི་སྲིད་པ་མ་རེད། ཚོགས་ཆེན་ཐོག་ད་ལྟ་བོད་ནང་གི་གནས་ཚུལ་དང། བོད་ཀྱི་ཁོར་ཡུག་གི་གནས་བབ་སོགས་ཀྱི་ཐད་གང་ལ་གང་འཚམ་ཞིབ་ཚགས་པོའི་ཐོག་ནས་གོ་བསྡུར་བྱས་ཡོད་པར་བརྟེན། གྲོས་ཚོགས་འཐུས་མི་རྣམས་སོ་སོའི་ལུང་པར་ཕར་ལོག་པའི་རྗེས་ལའང་། བོད་དང་འབྲེལ་བའི་གནད་དོན་ཐོག་སོ་སོའི་གྲོས་ཚོགས་དང་། ཕྱི་འབྲེལ་ཚོགས་ཆུང་། ཁོར་ཡུག་ཚོགས་ཆུང་། འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་སོགས་ཀྱི་ནང་དང་། དེ་བཞིན་རྒྱ་ནག་གི་མགོ་ཁྲིད་ཚོ་སླེབས་པའི་སྐབས་བཅས་སུ་རྣམ་འགྱུར་སྟོན་སྟངས་དང་། གནད་དོན་འགྲེལ་བཤད་རྒྱག་སྟངས་ཐད་བསམ་ཞིག་སྔར་ལས་ལྷག་པ་ཞིག་ཏན་ཏན་རག་ཡོད་པ་རེད་བསམ་གྱི་འདུག
དྲི་བ། ད་ལྟའི་ཆར་རྒྱལ་སྤྱིའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་གནས་སྟངས་ག་འདྲ་ཡོད་པ་རེད།
ལན། སྤྱིར་བཏང་བོད་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་རྒྱལ་ཁབ་མང་པོའི་ནང་ཡོད་པ་རེད། ཁ་ཤས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞེས་སོ་སོའི་ལུང་པའི་ནང་སྒྲིག་འཛུགས་བཙུགས་ཡོད་པ་རེད། ལུང་པ་ཁག་ཅིག་ནང་ལ་དེ་འདྲ་འཛུགས་ཆོག་གི་མེད་པའི་དབང་གིས། གང་ཟག་སྒེར་སོ་སོའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་བསྡད་མཁན་རིགས་གཅིག་དང་། ཡང་ཁག་ཅིག་ནང་འཛུགས་མ་ཐུབ་པའི་གནས་སྟངས་དེ་འདྲ་ཆགས་ཡོད་པ་རེད། དེ་བཞིན། རྒྱལ་ཁབ་གང་གི་ནང་དུ་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་ཡོད་པ་ཡིན་ན། དེའི་ཁ་གཏད་ལ་རྒྱ་ནག་དང་འབྲེལ་བ་ཡོད་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་དེ་འདྲ་ཡང་ཡོང་གི་ཡོད་པ་རེད།
དྲི་བ། ཐེངས་འདིའི་ཚོགས་ཆེན་ལ་ཞུགས་མཁན་གྲས་སུ་གྲོས་ཚོགས་འཐུས་མི་གསར་པ་ག་ཚོད་ཅིག་འདུག
ལན། ཐེངས་འདིར་ལུང་པ་ཁག་མང་པོ་ཞིག་ནས་ཡོང་མཁན་གྲོས་ཚོགས་འཐུས་མིའི་ཁྲོད། ཕལ་ཆེར་རྙིང་པ་ཕྱེད་ཀ་དང་གསར་པ་ཕྱེད་ཀ་རེད་ཅེས་ལབ་ན་འགྲིག་གི་འདུག ཐེངས་འདིའི་ཚོགས་ཆེན་ཐོག་རྙིང་པ་ཡང་གང་ལ་གང་འཚམ་ཞིག་ཕེབས་འདུག རྙིང་པ་དེ་ཚོར་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁོ་ཚོ་སོ་སོའི་རྒྱལ་ཁབ་ནང་ཆབ་སྲིད་པ་རྒན་པ་ཆགས་འགྲོ་བཞིན་ཡོད་སྟབས། ཐད་ཀར་གྲོས་ཚོགས་ནང་དྲི་བ་འདོན་པ་དང་གྲོས་ཆོད་འཇོག་པའི་ལས་རིམ་སྤེལ་མ་ཐུབ་པ་ཡིན་ནའང་། ཁོ་རང་ཚོ་རྒན་རབས་པ་ཡིན་པའི་ཆ་ནས་སོ་སོའི་རྒྱལ་ཁབ་ཀྱི་བློན་ཆེན་དང་སྲིད་བློན། སྲིད་འཛིན་སོགས་དང་འབྲེལ་བ་ཡོད་པ་རེད། དེ་ལྟའི་འབྲེལ་བ་བརྒྱུད་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་འཛིན་ཕྱོགས་ཐད་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་འདོན་ཐུབ་མཁན་མང་པོ་ཞིག་ཡོད་པ་རེད། དེ་བཞིན། གྲོས་ཚོགས་འཐུས་མི་གསར་པ་ཡང་གང་ལ་གང་འཚམ་ཞིག་སླེབས་འདུག ང་ཚོའི་ངོས་ནས་ལུང་པ་མང་པོའི་ནང་བོད་དོན་རྒྱབ་གནང་མཁན་གྲོས་ཚོགས་འཐུས་མི་གསར་བ་ག་ཚོད་མང་མང་ཞིག་ཡོང་ཐུབ་རྒྱུར་འབད་བརྩོན་བཞིན་པ་རེད། ད་ལོར་མཚོན་ན་དམིགས་བསལ་ལྷོ་ཨ་མི་རི་ཀའི་ནང་སྔོན་དང་མ་འདྲ་བར་ཏོག་ཙམ་མང་པོ་བསླེབས་འདུག
དྲི་བ། དེ་སྔོན་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མིའི་ཁྲོད་ནས་ཐེངས་འདིའི་ཚོགས་ཆེན་ཐོག་བཅར་མ་ཐུབ་མཁན་དེ་འདྲ་འདུག་གམ།
ལན། ནམ་རྒྱུན་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་སའི་ལུང་པ་ཁག་ཅིག་ནང་། སོ་སོའི་ལུང་པའི་གྲོས་ཚོགས་ཀྱི་ལས་དོན་གལ་ཆེན་པོར་ཐུག་ཏེ་བཅར་མ་ཐུབ་པ་དང་། གྲོས་ཚོགས་འཐུས་མི་སྒེར་གྱི་གཟུགས་གཞི་མ་བདེ་བའི་ཐོག་ནས་བཅར་མ་ཐུབ་པ། འོས་བསྡུ་ཆེན་མོ་དུས་ཚོད་ལ་ཁེལ་བ་དང་ས་གནས་འོས་བསྡུ་ལས་རིམ་འགྲོ་བསྡད་པའི་གནས་སྟངས་འོག་བཅར་མ་ཐུབ་མཁན་དེ་འདྲ་ཡོད་པ་རེད། དཔེར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སའེ་པའོ་ལོ་སའེ་ལགས་ཕེབས་གཏན་ཆ་ཚང་ཁེལ་ཡོད་པ་རེད་དེ། ཡིན་ནའང་། གྲོས་ཚོགས་ཀྱི་ལས་རིམ་གལ་ཆེན་པོ་ཞིག་ལ་ཐུག་སྟེ་དངོས་སུ་བཅར་མ་ཐུབ་པར། སྐུ་ཚབ་བཏང་སྟེ་ཁོང་མོའི་གསུང་བཤད་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་ཡོད་པ་རེད། སྤྱིར་ཚོགས་ཆེན་ཐོག་དངོས་སུ་བཅར་མ་ཐུབ་མཁན་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་། སོ་སོའི་རྒྱལ་ཁབ་ནང་བོད་དོན་ལས་འགུལ་སྤེལ་བའི་སྐབས་ཐུན་མོང་ཐོག་མཉམ་རུབ་ཀྱི་ལས་འགུལ་སྤེལ་བསྡད་ཡོད་པ་རེད།
དྲི་བ། དམིགས་བསལ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་གནས་སྟངས་ག་འདྲ་འདུག
ལན། རྒྱ་གར་ནང་ལ་མཚོན་ན་བོད་དོན་ཐོག་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་ག་དུས་ཡིན་ཡང་ཡོད་ཡོད་པ་རེད། ཡིན་ནའང་། གཞུང་འཛིན་པ་ཆགས་པའི་སྐབས་སུ་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཡང་། གཞུང་འཛིན་མཁན་ཚོར་ལས་འགན་འཕར་མ་ཞིག་ཡོད་སྟབས། རང་བཞིན་གྱིས་དཀའ་ངལ་ཞིག་འཕྲད་བསྡད་ཡོད་པ་རེད། གཞན་ད་ཐེངས་ཁཱམ་བྷོ་ཌེ་ཡ་ནས་ཀྱང་འཐུས་མི་དེ་འདྲ་ཕེབས་ཡོད་པ་རེད། སྤྱིར་ཁོ་ཚོ་རང་ཉིད་ལའང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་དེ། ཡིན་ནའང་། བོད་པའི་དཀའ་ངལ་དང་བསྡུར་བ་ཡིན་ན། ཁོ་ཚོའི་དཀའ་ངལ་དེ་ཆུང་བ་ཡོད་པ་ཞིག་ལ་ངོས་འཛིན་གྱི་ཐོག་ནས་བསླེབས་ཡོད་པ་རེད། ལྷག་པར་དུ་ལའོ་དང་ཁམ་བྷོ་ཌ་ཡ། ཝེ་ཐི་ནམ་བཅས་ནང་དཀའ་ངལ་འཕྲད་བཞིན་པའི་རྒྱུ་རྐྱེན་གཅིག་རྒྱ་ནག་ཆགས་བསྡད་ཡོད་པ་དང་། ད་ལྟའི་དུས་ཚོད་འདིར་རྒྱ་གཞུང་གིས་ལྷོ་རྒྱ་མཚོའི་མངའ་ཁོངས་ཡོངས་རྫོགས་རྒྱ་ནག་གི་བདག་དབང་ཡིན་ཞེས་ལབ་བསྡད་ཡོད་སྟབས། རྒྱལ་ཁབ་མང་པོ་ཞིག་ལ་མཉམ་དུ་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། དེར་བརྟེན། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་བོད་དོན་ཐོག་མངོན་གསལ་དོད་པོས་གླེང་སློང་བྱས་པ་ཡིན་ན། རྒྱ་ནག་དང་མཉམ་དུ་ཁོ་ཚོར་དཀའ་ངལ་འཕྲད་སྲིད་པ་རེད། ཡིན་ནའང་། བོད་དོན་ཐོག་གོ་རྟོགས་སྤེལ་རྒྱུའི་དུས་ཚོད་ཧ་ཅང་རན་པོ་ཞིག་རེད་བསམ་གྱི་འདུག
དྲི་བ། ཐེངས་འདིར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་ག་རེ་སྒང་ལ་གླེང་སློང་ཤུགས་ཆེན་པོ་སླེབས་ཀྱི་འདུག་གམ།
ལན། བོད་དོན་གནས་སྟངས་ག་རེ་ཡིན་ཡང་། མཐའ་མ་ཐུག་ས་དེ་རྒྱ་ནག་མཉམ་དུ་སྐད་ཆ་བཤད་ནས་བོད་པའི་དཀའ་རྙོག་སེལ་རྒྱུ་མ་གཏོགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་གྷ་ན་སི་ཐན་དང་ཨེ་རག་ནང་དམག་བཏང་བ་ནང་བཞིན། བོད་ནང་ལ་དམག་བཏང་སྟེ་རྒྱ་མི་མཉམ་དུ་ཁ་གཏད་གཅོག་རྒྱུའི་གནས་སྟངས་དེ་འདྲ་ཡོང་ཐབས་མེད་པ་གསལ་བོ་རེད། དེར་བརྟེན། བོད་རྒྱ་འབྲེལ་མོལ་མྱུར་དུ་མགོ་འཛུགས་དགོས་པ་དང་བོད་ཀྱི་དཀའ་རྙོག་སེལ་དགོས་པ་དེ་གླེང་གཞི་གཙོ་བོ་ཆགས་བསྡད་ཡོད་པ་རེད། གྲོས་ཆོད་དག་གི་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས། སྐད་ཡིག་བེད་སྤྱོད་ཀྱི་བདག་དབང་སྤྲོད་དགོས་པ་སོགས་ཀྱི་གནད་དོན་ཚུད་བསྡད་ཡོད་པ་རེད། གྲོས་ཚོགས་འཐུས་མིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པ་དེའང་གཙོ་བོ་ཆབ་སྲིད་རང་གི་ཐོག་ལ་རེད། དེ་བཞིན། གནད་དོན་བྱེ་བྲག་པ་སོ་སོའི་ཐོག རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་སྡེ་ཚན་དང་། ཁོར་ཡུག་གི་སྡེ་ཚན། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་སོགས་འདྲ་མིན་སྣ་ཚོགས་ཡོད་དུས། གྲོས་ཚོགས་འཐུས་མི་སོ་སོའི་ཤེས་ཡོན་གྱི་རྒྱབ་ལྗོངས་གནས་སྟངས་ལ་གཞིགས་ནས་ཚོགས་ཆུང་སོ་སོའི་ནང་འཛུལ་གྱིན་ཡོད་པ་རེད། ཁོར་ཡུག་ཚོགས་ཆུང་ནང་ཡོད་མཁན་དག་གིས། དེང་སྐབས་བོད་མཐོ་སྒང་གི་སྣེ་གསུམ་ཞེས་འབོད་བཞིན་པ་ལྟར། རྒྱལ་སྤྱིའི་ཚོགས་འདུ་ཆེན་པོ་དག་གི་ནང་བོད་ཀྱི་ཁོར་ཡུག་གལ་ཆེན་པོ་ཡིན་པ་དེ་བརྗོད་ཐུབ་པ་ཞིག་དང་། ཁོར་ཡུག་དང་འབྲེལ་བའི་ཐོག་ནས་བོད་ཀྱི་གནད་དོན་རྣམས་གསེད་བཀྲོལ་ཡོང་རྒྱུར་ཐབས་ཤེས་བྱེད་བཞིན་ཡོད་པ་རེད། ཕྱི་འབྲེལ་གྱི་སྡེ་ཚན་ནང་ཡོད་མཁན་ལ་མཚོན་ན་རྒྱལ་ཁབ་ཕན་ཚུན་བར་ཐད་ཀར་ཆབ་སྲིད་འབྲེལ་བའི་ཐོག་ནས། བོད་དོན་ཇི་ལྟར་གླེང་སློང་བྱ་དགོས་མིན་ཐད་ཐབས་ཤེས་གནང་གི་ཡོད་པ་རེད། གཞི་རྩའི་ཆ་ནས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་རྣམས་སོ་སོའི་རྒྱལ་ཁབ་ནང་སྡེ་ཚན་འདྲ་མིན་ནང་ཕྱག་ལས་གནང་མཁན་ཡིན་སྟབས། རང་བཞིན་གྱིས་ནུས་བ་ལྡན་པ་ཞིག་ཆགས་བསྡད་ཡོད་པ་རེད།
དྲི་བ། དྲི་བ་གཞན་ཞིག་ཡོད་པ་ནི། ད་ལོའི་ཕྱི་ཟླ་ ༩ པའི་ནང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ་ངྷ་སར་འཚོགས་གཏན་ཁེལ་ཡོད་པ་རེད། ད་རེབ་ཚོགས་ཆེན་ཐོག་གྲོས་གཞི་གཙོ་བོ་གང་དག་ཡོད་དམ།
ལན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འོག བཙན་བྱོལ་སྤྱི་ཚོགས་ཀྱིས་ལས་འགན་སྒྲུབ་ཕྱོགས་དང་། ལས་འགུལ་སྤེལ་སྟངས་གང་འདྲ་གནང་དགོས་མིན་རྣམས་ནི་ཚོགས་འདུའི་གྲོས་གཞི་གཙོ་བོ་ཆགས་ཡོད་པ་རེད། དང་ཐོག་དཔལ་ལྡན་བཀའ་བློན་ཁྲི་པས་དམིགས་བསལ་ཚོགས་ཆེན་འཚོགས་རྒྱུའི་གསལ་བསྒྲགས་དེ་གྲོས་ཚོགས་ཀྱི་ཉིན་མཐའ་མར་གནང་པ་རེད། དེའི་སྐབས་དེར་དུས་ཚོད་གཏན་འབེབས་ཟིན་ཡོད་པ་མ་རེད། རྒྱུ་མཚན་ནི་དམིགས་བསལ་ཚོགས་ཆེན་དེ་ཛ་དྲག་གནས་བབ་ཅིག་གི་འོག་ནས་འཚོགས་དགོས་ཀྱི་ཡོད་པ་རེད། ཕྱིས་སུ་གོ་བསྡུར་གནང་སྐབས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་གནས་རྒྱུ་ཡིན་པར་གཞི་བཅོལ་བའི་ཐོག་ནས། ལས་ཀ་ག་རེ་བྱས་པ་ཡིན་ནའང་བྲེལ་འཚབ་དང་ཧོལ་རྒྱུག་མ་ཡིན་པར། འཆར་གཞི་ལྡན་པའི་ཐོག་ནས་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་སྟབས། དུས་ཚོད་ངེས་ཅན་ཞིག་བཞག་སྟེ་བཀའ་སྤྱི་ལྷན་རྒྱས་ཚོགས་པའི་སྐབས་དེར། ཚོགས་ཆེན་འཚོགས་རྒྱུའི་དུས་ཚོད་དེ་ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་གཏན་འབེབས་གནང་བ་ཞིག་རེད།
དྲི་བ། ཐེངས་འདིའི་ཚོགས་ཆེན་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལས་གཞན་པའི་གྲོས་གཞི་དང་གླེང་སློང་རིགས་ཡོང་གི་རེད་དམ།
ལན། དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་གཅིག་རང་ཆགས་ཡོད། བོད་ནང་གི་ཛ་དྲག་གནས་སྟངས་རང་ལ་གཞི་བཅོལ་ཏེ་བགྲོ་གླེང་གནང་གི་རེད། སྤྱིར་བཏང་གི་ལས་གཞི་མང་པོ་ཞིག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་སྤེལ་བསྡད་ཡོད་པ་དང་། དེ་བཞིན། གཞུང་གི་ངོས་ནས་ཀྱང་སྤེལ་བཞིན་ཡོད་པ་རེད། ཚོགས་ཆེན་ཐོག་དེ་ལས་གཞན་པའི་མི་མང་གིས་བསམ་ཚུལ་ཡག་པོ་དེ་འདྲ་ཡོད་ན། དེ་ཚོའི་གྲས་དེ་བསྡུ་རུབ་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད།
དྲི་བ། ད་རེབ་ཚོགས་ཆེན་ནང་དང་བླངས་ཚོགས་ཞུགས་པ་འདེམས་སྒྲུག་གནང་སྟངས་ག་འདྲ་ཡིན་ནམ།
ལན། ད་ལྟའི་ཆར་དུས་ཚོད་ངེས་ཅན་ཞིག་འགོག་རྒྱུ་རེད། དུས་ཚོད་ངེས་ཅན་ཞིག་མ་བཀག་པ་ཡིན་ན། ངོ་ཤེས་པ་ཚང་མས་གཡས་གཡོན་ནས་སྙན་ཞུ་སྔོན་ལ་སླེབས་ཡོང་གི་འདུག ས་ཆ་ཁ་ཤས་ཀྱིས་གནས་ཚུལ་མ་གོ་མ་ཐོས་པ་དང་། ས་ཆ་ཁ་ཤས་ལ་གནས་ཚུལ་སྔོན་ལ་གོ་ཡོང་གི་ཡོད་སྟབས། དུས་ཚོད་ངེས་ཅན་ཞིག་བཀག་སྟེ་དེའི་ནང་མི་ག་ཚོད་ཅིག་སླེབས་མིན་ལ་བལྟས་རྗེས། དེ་ནས་ཡང་བསྐྱར་དུས་བཀག་ཅིག་བཟོས་ཏེ་མི་ག་ཚོད་ཅིག་འཛུལ་ཞུགས་གནང་མིན་ལྟ་རྒྱུ་རེད།
དྲི་བ། སྒྲིག་འཛུགས་ཀྱི་ངོས་ནས་ཚོགས་ཞུགས་པ་རྣམས་ཀྱི་ལམ་གྲོན་དང་། ཟས་སོང་། སྡོད་གནས་སོགས་ཀྱི་ཐད་འགྲོ་གྲོན་གཏོང་ཕྱོགས་ཅི་འདྲ་ཡིན་ནམ།
ལན། སྒྲིག་འཛུགས་ཀྱི་ངོས་ནས་འགྲོ་སོང་གཏོང་དགོས་པའི་རིགས་ནི། སྤྱིར་བཏང་བཀའ་ཟུར་རྣམ་པ་དང་བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ། སྤྱི་ཟུར་རྣམ་པ་བཅས་རེད། དེའི་སྒང་ལ་རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་ཁག་དང་ས་གནས་འཐུས་ཚོགས་ཀྱི་སྐུ་ཚབ། དགོན་སྡེ་ཁག་གི་སྐུ་ཚབ་ཚོའི་གྲས་སུ་གཏོང་དགོས་མཁན་ཡོད་པ་ཡིན་ན་ཕུལ་གྱི་ཡོད་པ་རེད། དེ་མིན། དང་བླངས་ཚོགས་ཞུགས་པ་རྣམས་ཀྱི་འགྲོ་སོང་ཚང་མ་སོ་སོ་རང་ཉིད་ཀྱིས་གཏོང་དགོས་པ་རེད། དེ་བཞིན། བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཡིན་ནའང་། སོ་སོ་ཚོགས་པའི་ངོས་ནས་གཏོང་གི་ཡོད་པ་རེད།
དྲི་བ། དམིགས་བསལ་ཚོགས་ཆེན་ལ་འགྲོ་གྲོན་དངུལ་ག་ཚོད་ཅིག་གཏོང་དགོས་ཆགས་ཀྱི་ཡོད་པ་དང་། དེའི་ཐད་དམིགས་བསལ་དཀའ་ངལ་དང་གླེང་སློང་ཡོང་སྲིད་ཀྱི་རེད་དམ།
ལན། འགྲོ་སོང་ཐད་ད་ལྟ་གཞི་ནས་རྩིས་བརྒྱབ་སྟེ་བཀའ་ཁྲོད་ཞུ་དགོས་ཀྱི་ཡོད། བཀའ་སྤྱི་གཉིས་མཉམ་རུབ་ཀྱི་ལས་འཆར་ཞིག་ཆགས་ཡོད་སྟབས། དེའི་ཐད་དཀའ་ངལ་འཕྲད་ཀྱི་མ་རེད། ནམ་རྒྱུན་ལྟར་ན་འབུམ་ ༣༠ ཡས་མས་ཀྱི་འགྲོ་སོང་ཡོད་པ་རེད། ད་ལྟ་དྷ་རམ་ས་ལ་རང་ལ་འཚོགས་རྒྱུ་ཡིན་སྟབས། དེ་ལས་ལྷག་ཅིག་འགྲོ་བ་མ་རེད་བསམ་ཡོད། ཚོགས་འདུ་འདི་འདྲའི་སྐབས་ལ་སྤྱི་ཚོགས་ནང་གླེང་སློང་ཡོད་ཡོད་པ་རེད། དམངས་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་འགའ་ཤས་འོང་སྲིད་པ་དེ་བཤད་མ་དགོས་པ་རེད། མི་འགའ་ཤས་ཀྱི་བསམ་ཚུལ་ལ་བརྟེན་ནས་ཚོགས་འདུ་ཕྱིར་བསྡུ་བྱ་ཐབས་ཡོད་པ་མ་རེད། ཡིན་ནའང་། ཕྱོགས་ཚང་མར་ང་ཚོས་ཉན་དགོས་ཀྱི་ཡོད་པ་རེད།
དྲི་བ། ཚོགས་ཆེན་སྔ་མ་དག་གི་མི་མང་གི་བསམ་ཚུལ་ཁག་ལག་ལེན་བསྟར་ཡོད་མེད་དང་། ཐེངས་འདིའི་ཚོགས་ཆེན་སྟེང་གི་གྲོས་དོན་ཁག་ལག་བསྟར་གནང་ཕྱོགས་གང་འདྲ་ཡོད་དམ།
ལན། ཚོགས་འདུ་ཚོགས་པའི་དམིགས་ཡུལ་ཁོ་རང་བསམ་ཚུལ་བསྡུ་རྒྱུ་དེ་རེད། བསམ་ཚུལ་བསྡུས་རྗེས་ལག་ལེན་བསྟར་ཐུབ་པ་བྱ་རྒྱུ་དེ་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀྱི་ལས་འགན་ཆགས་ཡོད། དེ་སྔའི་ཚོགས་ཆེན་དག་གི་མི་མང་གི་བསམ་ཚུལ་དེ་ཚོ་ཡང་དོན་ཚན་རེ་རེ་བྱས་ཏེ་འཛིན་སྐྱོང་ལ་འབྲེལ་བ་ཡོད་པ་འཛིན་སྐྱོང་ལ་བཏང་། སྤྱི་འཐུས་ལ་འབྲེལ་བ་ཡོད་པ་སྤྱི་འཐུས་ཀྱིས་ཚུར་ཉར། རང་དབང་ཅན་གྱི་སྡེ་ཚན་ལ་འབྲེལ་བ་ཡོད་པའི་རིགས་རང་དབང་ཅན་གྱི་སྡེ་ཚན་ཁག་ལ་སྤྲད་དེ། མཇུག་མ་སྐྱོང་བར་བཞག་པ་ཕལ་ཆེར་ཡོད་པ་མ་རེད་བསམ་ཡོད། འོན་ཀྱང་། བསམ་ཚུལ་ལག་ལེན་བསྟར་དགོས་དང་མི་དགོས། ལག་ལེན་བསྟར་ཐུབ་དང་མི་ཐུབ་དེ་འདྲ་ཡོང་གི་རེད། བོད་མིའི་སྒྲིག་འཛུགས་གཅིག་པུས་འགན་མ་ཡིན་པར། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་འགུལ་སྤེལ་ཕྱོགས་སྐོར་ལའང་བསམ་ཚུལ་ཏན་ཏན་ཡོང་གི་རེད། ཐེངས་འདིར་མཚོན་ནའང་། ཚོགས་ཆེན་གྲུབ་རྗེས་བསམ་ཚུལ་ཁག་ཕྱོགས་སྡོམ་བྱས་ཏེ། བཀའ་ཤག་གི་ངོས་ནས་མཁས་དབང་ཁག་གདན་འདྲེན་ཞུས་ཏེ། བསམ་ཚུལ་དེ་དག་ལ་ལེགས་བཅོས་བྱེད་པ་དང་། དཔེར་ན། བསམ་ཚུལ་དེ་དག་རུས་སྒྲོམ་ལྟ་བུ་ཞིག་ཡིན་ཚེ། དེ་ལ་ཤ་དང་ཁྲག་ཇི་ལྟར་སྦྱོར་དགོས་ཀྱི་ཡོད་མེད་ཐོག་གོ་བསྡུར་བྱེད་དགོས་པའི་རིགས་ཡོང་མི་སྲིད་པ་མ་རེད། སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཡིན་ནའང་། དེའི་སྒང་ལ་དམིགས་སུ་བཀར་ཏེ་སྤྱི་འཐུས་ནང་ཁུལ་ཚོགས་འདུ་ཚོགས་ཏེ། ལག་ལེན་བསྟར་ཕྱོགས་སྐོར་ལ་གོ་བསྡུར་ལྷུག་པོ་གནང་གི་རེད། ཚོགས་ཆེན་སྟེང་སྤུངས་པའི་མི་མང་གི་བསམ་ཚུལ་ལག་བསྟར་མ་ཐུབ་པ་ཡིན་ན། ཚོགས་ཆེན་གྱི་དགོས་དམིགས་མ་འགྲུབ་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
(བོད་ཀྱི་དུས་བབ་གསར་ཤོག་ལས་འདིར་བཀོད།)
ག་དུས་ཡིན་ན་ཡང་བོད་ནང་གི་གནས་སྟངས་ནི་ཛ་དྲག་ཡིན་ཡིན་རེད། དེས་མ་ཚད་དེར་ཐད་ལས་དོན་བསྒྲུབ་རྒྱུར་ཧ་ཅང་འཕྱི་དྲགས་ནས་ལྷག་འདུག དེ་སྔའི་ཚོགས་ཆེན་ཁག་གི་གྲོས་ཆོད་རྣམས་ཀྱང་ཇི་བཞིན་ལག་ལེན་ལ་བསྟར་ཐུབ་ཡོད་པར་ངོས་ལེན་མེད། འབྱུང་འགྱུར་གྱི་ཚོགས་ཆེན་སྐབས་སུ་མཚོན་ན་ཡང་། ཁ་བཤད་ཙམ་ལས་གྲོས་ཆོད་ཐོག་ཏུ་འགྲོ་རེ་ཧ་ཅང་ཁག་པོ་རེད་བསམ།
བོད་ནང་ཛ་དྲག་གནས་སྟངས་ཡིན་བསྐོར་ཚོགས་ཆེན་ནི་དེ་སྔོན་་༢༠༠༩ ལོར་རྡ་ས། ཡང་ ༢༠༡༠ ལོར་སྦེལ་ཀོབ་སོགས་ལ་ཚོགས་ནས་བོད་ནང་ཛ་དྲག་གནས་སྟངས་ལ་ཕན་པ་དང་། ཕྱི་ཕྱོགས་སུ་ཤུགས་རྐྱེན་ཐེབས་རྒྱུའི་ལས་གཞི་ག་རེ་བྱུང་ཡོད་དམ། དེ་ཚོའི་འགན་འཁྲི་ཚང་མ་བཀའ་ཟུར་དང་། སྤྱི་ཟུར་ད་ལྟའི་ལས་ཐོག་པ་ཁྱེད་ཚོར་བསམ་བློའི་ནང་གསལ་ངེས་ཡོད་པས་ད་དུང་ཡང་གཏང་རྒྱུ་བྱེད་རྒྱུའི་འདྲ་ཆགས་པོས་མི་དམངས་ལ་མགོ་བསྐོར་གཞུང་དངུལ་ཆུད་ཟོས་ཡོང་རྒྱུ་ལས་མེད་པས་ཡིད་ཟབ་ཡོང་བ་ཞུ།།།
འཇོན་པ་དང་བྱས་རྗེས་བྱུང་ན་ང་ཡིན་ཁོ་ཡིན་དང་་་་མ་འབྱོན་པ་ཞིག་བྱུང་ན་ང་མིན་ཁོ་མི་རྐྱང་ལས་མི་རིགས་ཀྱི་རྩ་དོན་ལ་ཕན་པའི་ཚོགས་འདུག་ཞིག་འཚོགས་ཡོང་བའི་རེ་ཟད་ཡོད།
གྲོས་ཀྱི་ཚོགས་ཀྱི་ཚོགས་གཙོའི་ཡག་པོ་གསུང་འདུག་་་་་ལག་ལེན་བསྟར་མཁན་ཚོས་དུས་ཐོག་ལག་ལེན་མ་བསྟར་ན་གྲོས་ཚོགས་ཚོགས་དགོས་པའི་དགོས་དམིགས་མ་འགྲུབ་རང་རེད་་་་་་དེ་འདྲ་ཡིན་དུས་ཁྱེད་ཀྱིས་གསུང་པ་བཞིན་དུ་ལག་ལེན་ཡག་པོ་ཞིག་བསྟར་རོགས།