མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་ཆད་མ་བྱུང་བ་ཞིག་འདིར་བརྗོད་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཤེས་དབང་བློ་གྲོས།

རྒྱལ་བའི་དགོངས་བཞེད་དང་མཁྲེགས་འཛིན་བསམ་བློ་ལས་འཕྲོས་པའི་ཉེན་བརྡ་རིང་མོ།

ལོ་རབས་མང་པོའི་སྔོན་དུ་འཕགས་ཡུལ་གྱི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། ཅེས་སྔོན་མེད་པའི་བྱུང་བ་གསར་བ་གང་ཡང་བརྗོད་དུ་མེད་པར་གསུངས་ཡོད། དེའི་རྗེས་ཀྱི་དུས་རབས་མང་པོ་འདས་པའི་དེ་རིང་ངས་སྔོན་ཆད་བྱུང་མ་མྱོང་བའི་གཏམ་གསར་བ་ཞིག་བརྗོད་འདོད་བྱུང་། དེ་ནི་ལྟོས་འཇོག་གི་གཏམ་གསར་བ་ཞིག་ལས་རྣམ་པ་ཐམས་ཅད་དུ་གསར་བ་ཡིན་མི་སྲིད། དེ་ཡང་༸གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་ཆེན་པོས། “ང་ཚན་རིག་ལ་དང་པའི་ཀུན་སློང་འདི་སྒེར་དོན་ཙམ་མིན་པར་བོད་ཀྱི་ཆབ་སྲིད་ཉམས་རྒུད་བྱུང་བའི་གཞི་རྩའི་རྒྱུ་རྐྱེན་གཅིག་ནི་བོད་དེང་རབས་ཅན་ལ་བསྒྱུར་མ་ཐུབ་པ་དེ་རེད། ཅེས་དང་།  ཚན་རིག་དང་སེམས་དོན་རིག་པ་གཉིས་ཟུང་འབྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་དང་ཤེས་རབ་ལ་མཐའ་རྒྱ་གསར་བ་ཞིག་བསྐྱེད་པར་རམ་འདེགས་བྱེད་ཆོག ལྷག་པར་ཕན་ཚུན་བར་གྱི་གྲོས་བསྡུར་ལ་བརྟེན་ནས་ཚན་རིག་དང་སེམས་དོན་རིག་པས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་དང་བདེ་ཐབས་ལ་སྔར་ལས་ལེགས་པའི་ཞབས་འདེགས་བསྒྲུབ་ཐུབ་པའི་རེ་བ་བདག་ལ་ཡོད།” ཅེས་གསུང་བ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཕུགས་རྒྱང་རིང་པོའི་དགོངས་གཞི་སྟེ་བོད་དེང་རབས་ཅན་དུ་བསྒྱུར་རྒྱུའི་རྨང་གཞི་དང་། ནང་ཆོས་ཀྱིས་འཇིག་རྟེན་སྤྱི་ཡོངས་ལ་ཕན་བདེའི་ཞབས་འདེགས་སྒྲུབ་པ་དང་ལྷན་དུ་འཛམ་གླིང་སྤྱི་ཡོངས་ཀྱི་ངོས་ལེན་དང་ཡིད་སྨོན་ཤོར་བའི་ཚན་རིག་གི་སྒྲོམ་གཞིའི་ལམ་ནས་བོད་ཀྱི་ནང་བའི་གྲྭ་བ་རྣམས་རྒྱལ་སྤྱིའི་སྡིངས་ཆར་འཛེགས་ཏེ། བོད་དང་བོད་ཀྱི་མཚན་ནས་སྐྱོར་བཞིན་བོད་ཀྱི་རང་དབང་བསུ་བའི་དགོངས་བཞེད་འོག་ནས་སྔ་ཕྱི་བར་གསུམ་དུ་བཀའ་སློབ་ལམ་སྟོན་གནང་ཞིང་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་ཡང་སྦྱར་ནས་ནང་བའི་གྲྭ་བ་རྣམས་ཚན་རིག་དང་། ནང་བའི་རིགས་ལམ་མཉམ་གཤིབ་ཀྱི་ཞིང་ཁམས་ཤིག་ཏུ་འཁྲིད་ཐབས་གནང་ཡོད།

དེ་ལྟར་ཡང་ནང་བའི་ལྟ་གྲུབ་དང་གཞུང་ལུགས་ལ་རྒྱུས་མངའ་ཟབ་པའི་ཆེན་པོ་དག་དང་། ནམ་ནམ་ཞར་ཞར་ལ་༸གོང་ས་མཆོག་ཟེར་ནས་ཆེས་རྩ་ཆེན་དུ་གླེང་བའི་འབྲེལ་ཡོད་ལས་སྣེ་དག་གིས་དེ་ནི་བཙན་བཀའ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ཤིང་གྲྭ་བས་ཚན་རིག་སློབ་ཚན་སྦྱང་དགོས་པའི་བསམ་བློའི་དགོས་དམིགས་འདི་བློ་ཡུལ་ལ་མ་ཤོང་བར་དེ་ནི་ནང་བའི་ཆོས་ཀྱི་སློབ་གཉེར་ཉམས་ཆག་གི་རྒྱུ་རུ་མཐོང་ནས་སྐད་ངན་སྟོང་ཕྲག་གི་ངུ་རྒྱངས་དང་བཅས་རྒྱལ་བའི་བཀའ་དགོངས་ཡིན་པ་རེད་ཟེར་བ་ཙམ་ལས་དགོས་པ་དང་། རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ཡང་མ་གླེང་བ་སྟེ་གང་ཡང་གླེང་མ་ཤེས་པར་ཁྲལ་ཆོས་ཙམ་གྱི་འཛིན་གྲྭ་རེ་བྲེལ་བྲེལ་ཚུབ་ཚུབ་ངང་བསྡུས་པ་རེད། ཁོང་ཚོར་རྒྱུ་མཚན་དང་ཁུངས་འདྲེན་གཅིག་ཡོད་པ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེས་ཚན་རིག་གིས་ནང་ཆོས་ཀྱི་པུས་མོ་ཙམ་ལ་སྙོབ་ཀྱི་མ་རེད་ཅེས་པ་དང་། ཚན་རིག་གིས་ནང་ཆོས་ལ་ཕན་ཐོགས་ཆེར་མེད་པའི་དགོངས་ཚུལ་གསུང་བཤད་རྣམས་ཡིན།

ད་ནི་ད་ལྟའི་བར་སུས་ཀྱང་བཤད་མ་མྱོང་བའི་གསུང་བཤད་འདི་གཉིས་ཀྱི་རྒྱབ་ལྗོངས་དང་དགོས་གལ་ནས་གླེང་ཏེ་དགོངས་གཞིའི་གནད་ཀྱི་མདོ་རྩ་བཟུང་སྟེ་བཤད་པར་བྱའོ།། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དངོས་ནི་གོང་དུ་རོབ་ཙམ་བཤད་པ་བཞིན་འཇིག་རྟེན་སྤྱི་ཡོངས་ཀྱི་མོས་མཐུན་དང་དད་པས་བཀུར་བའི་ཆོས་ལུགས་ཤིག་དགོས་ན་དེ་ནི་ཚན་རིག་གིས་བདེན་དཔང་གིས་མི་རྣམས་ལ་ཡིད་ཆེས་སུ་འཇུག་དགོས་རྒྱུ་དེ་ཡིན་པའི་གནས་ལུགས་ལ་གཞི་བཅོལ་བ་དང་། མཐར་ཐུག་གི་བདེན་པ་སྟེ་ཆོས་རྣམས་ཀྱི་རང་བཞིན་ངོ་མ་དེ་འཚོལ་བའི་དམིགས་ཡུལ་འདི་ནང་ཆོས་དང་ཚན་རིག་གཉིས་ཀྱི་གཅིག་མཐུན་གྱི་བསམ་བློ་ལྡན་པ་འདིའི་ངོས་ནས་དང་། ནང་ཆོས་དང་ཚན་རིག་གི་མཐུན་ཕྱོགས་མཉམ་སྦྲེལ་གྱི་ནུས་པས་འགྲོ་བ་མི་རྣམས་ཀྱི་ཕྱི་དང་ནང་གི་དགོས་མཁོའམ་བདེ་སྐྱིད་སྒྲུབ་ཐུབ་པའི་ཡིད་ཆེས་བཅས་ཀྱི་རྒྱབ་ལྗོངས་ནས་ཆོས་ཀྱི་གཞུང་ལུགས་ལ་གོ་རྟོགས་ལྡན་པའི་གྲྭ་བ་ཚོར་ཚན་རིག་སློབ་སྦྱོང་གི་གལ་ཆེའི་རང་བཞིན་ནན་བརྗོད་གནང་བ་དང་སློབ་སྦྱོང་བྱེད་པར་སྐུལ་དེད་བྱས་པ་རེད།

དེ་ཡང་གྲྭ་བ་རྣམས་ཚན་རིག་པ་ཆགས་ནས་རྡུལ་ཕྲན་ཚོན་ཆ་བཟོ་རྒྱུ་དང་། དཔལ་འབྱོར་འཚོལ་སྒྲུབ་བྱ་རྒྱུ་སོགས་ཀྱི་ཆེད་དུ་མ་ཡིན་པར་ཚན་རིག་གི་གཞི་རྩའི་ཤེས་བྱ་རྣམས་ངེས་པར་བྱས་ནས་ཐ་སྙད་དང་བསམ་བློའི་ཁ་ཕྱོགས་ངོས་འཛིན་གྱིས་ནང་ཆོས་ཀྱི་ལྟ་གྲུབ་སྒྲོམ་གཞི་གཞན་བློར་འཇུག་བདེ་བའི་བྱེད་ཐབས་ཀྱིས་ཕྱི་ནང་གི་དགོས་མཁོ་མཉམ་སྒྲུབ་ཀྱིས་བདེ་སྐྱིད་ལྡན་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ནི་དགོས་དམིགས་མཐར་ཐུག་པའོ།། དེ་ལྟར་བྱུང་ན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག་ཅེས་པའི་སྨོན་ལམ་འདི་དོན་དངོས་ཀྱི་ཕྱོགས་སུ་བསྙེག་པ་ཡིན་ལ་བསྟན་པ་རྒྱས་པར་ཤོག་ཟེར་བཞིན་དོན་དངོས་ཐོག་རང་དང་རང་གི་ཁོར་ཡུག་གཅིག་པོ་མ་གཏོགས་མི་རིག་པའི་ཆེས་རྒྱང་ཐག་ཉེ་བའི་བློ་མིག་ལྡོངས་པོ་དེ་ཚོར་ཡིད་གཏད་རྗེས་འབྲང་བྱེད་པ་ནི་ཛ་དྲག་དང་ཉེན་ཁའི་གནས་སོ།།

འོ་ན་མཁས་དབང་ཟམ་གདོང་རིན་པོ་ཆེས་ཚན་རིག་གལ་ཆེན་དུ་གཟིགས་ཀྱི་མེད་པ་དང་། ནང་ཆོས་དང་བསྡུར་ཐབས་མེད་པ་གསུངས་པ་མ་ཡིན་ནམ། ད་དུང་ཚན་རིག་ལ་དགག་པ་གནང་བ་མ་ཡིན་ནམ་ཟེར་ན་དེ་ནི་འགལ་འདུ་བྱེད་སྟངས་ཆེས་ཞན་པ་ལས་ཀྱང་ཞན་པའོ།། རྒྱུ་མཚན་ནི་འཇིག་རྟེན་ཡོངས་གྲགས་ཀྱི་བཤད་སྟངས་ལྟར་ན་རིག་གཞུང་དང་བྱ་བ་གང་ཡིན་ཡང་ལེགས་དང་ཉེས་ཀྱི་ཆ་དང་། མཐུན་དང་འགལ་བའི་ཆ་གཉིས་ཡོད་པ་བཞིན་དུ་མཁས་དབང་ཟམ་གདོང་རིན་པོ་ཆེས་ནི་ཚན་རིག་གི་བྱུང་རབས་ཀྱི་ཀུན་སློང་དང་། ལྟ་གྲུབ་རང་ངོས་ནས་ནང་པའི་ཡང་དག་པའི་རིགས་ལམ་ལ་འགྲན་དུ་མེད་པར་གསུངས་ཤིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནི་འགྲོ་བ་མིའི་དགའ་ཕྱོགས་དང་ཤུགས་རྐྱེན་གྱི་འགྲོས་ལས་སྤྱི་ཕན་གྱི་ཆ་རྐྱེན་ཞིག་ཏུ་འགྱུར་བར་གཟིགས་པས་དེ་ལ་འགལ་བར་འཛིན་པ་ནི་འགལ་སྤོང་རྩོད་སྤོང་གི་གཞུང་ལུགས་ལ་གོམས་འདྲིས་ཡོད་མཁན་ཞིག་གི་ངོས་ནས་ཆེས་བླུན་རྟགས་བླ་མེད་པ་ཞིག་གོ།

འདི་དང་འབྲེལ་ནས་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡོད་པ་ནི་གདན་ས་དང་དགོན་པ་ཁག་གི་དབུ་འཁྲིད་རེ་འགས་དུས་དང་དུས་སུ་༸གོང་ས་མཆོག་ཟེར་ཏེ་ཁ་ནས་འདོར་མེད་དུ་འབོད་ཀྱང་དོན་དངོས་ཐོག་རང་གི་བློ་ལ་མ་བབ་པའམ་མ་ཤོང་བའི་གནས་ཚུལ་གང་ལ་ཡང་དེའི་དགོངས་གཞི་འཚོལ་ཐབས་དང་། རྒྱུ་མཚན་དབྱེ་ཞིབ་མི་བྱེད་པར་གཡོལ་ཐབས་དང་། ཁྲལ་ཙམ་གྱི་ལས་གཞི་མགོ་འཛུགས་ཀྱིས་ཁོང་གི་མདུན་ནས་ལེགས་ཕྱོགས་རྐྱང་རྐྱང་གི་འགྲེལ་བཤད་བྱེད་པའི་སྲོལ་རྒྱུན་འདིའི་རྒྱུ་བ་ཧ་ཅང་མཐུག་པ་འདིའོ།། འདི་ནི་གོ་བདེ་བར་བརྗོད་ན་༸གོང་ས་མཆོག་དབུ་སྐོར་བཏང་བ་དང་སེམས་ནང་གི་༸གོང་ས་མཆོག་གི་རིན་ཐང་འགྲེལ་བཤད་བྱས་པའོ།། །།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 10

  1. བདེན་གཏམ། says:
    ལོ་ 14 སྔོན།

    ད་མང་པོ་མང་པོ་མ་བཤོད། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་བྱ་ཅི་དགོས། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱ་ཅི་ཕན། ཞེས་གསུང་པ་བཞིན་རེད་དོ། ད་ཁྱེད་ཚོ་སུ་མཚན་རིག་བྱེད་ན་བྱེད། སུ་ཆོས་པ་བྱེད་ན་བྱེད། མ་བྱེད་ན་མ་བྱེད། གང་ལྟར་བོད་སྤྱི་ལ་ཕན་མ་ཐོག་ནའང་གནོད་མ་སྐྱེད་པ་ཞིག་བྱུང་ན་སྒྲིག་ལེ་རེད།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ཚན་རིག་སློབས་ཤིག རིག་གནས་སྦྱོངས་ཤིག

    གདན་སའི་སློབ་གཉེར་ལམ་ལུགས་དང་ཁྲིམས་ལུགས་རྣམས་དུས་རབས་ཀྱི་རྗེས་ཟིན་པར་བརྐྱང་བསྐུམ་དགོས་པ་ལས་གདོད་མ་བཞིན་མཁྲེགས་ན་རྗེས་ལུས་སུ་མཐོང་།

    དགེ་བཤེས་ལྷ་རམས་སྟོང་ཕྲག་མང་པོའི་ནང་ནས་དུས་དང་མཐུན་པའི་འགྲོ་མི་་ཡོངས་ལ་ཕན་གྲོགས་དང་། བོད་ཀྱི་ནང་དོན་རིག་པའི་ལ་རྒྱ་བཟུང་ཐུབ་མཁན་ནི། ཚན་འཕྲུལ་དང་ཕྱི་ནང་སྐད་ཡིག་ཤེས་པ་ཁོ་ན་དག་ཡིན་པར་འདོད་དོ།།

    འགྱུར་བ་ཛ་དྲག་ཅིག་ངེས་པར་དགོས་པར་སེམས། གདན་སའི་གྲྭ་པ་ཕྱི་རྒྱལ་དུ་ཤོར་ཏེ་ལོག་འགྲོ་བ་ཡང་ཕུག་རྩ་གཅིག་་འདི་རང་ལ་ཐུག་ནས་ཡོད་དོ།།། ནོར་མེད་དོ།། ནང་མོལ་ཡིན་ཏོ།།

    Reply
  3. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    དཔེ་མི་སྲིད་པའི་ཡག་པོ་འདུག མངོན་ར་བསྟོད་དོ།།
    ཤེས་བློས་དྲེངས་པའི་སྨོན་ལམ་དེ་གཉིས་སྒྲུབ་ཀྱི་ཡིན་ནམ། ཡང་ན་ཁ་ནས་འདོན་པའི་སྨོན་ཚིག་ཙམ་དུ་འཇོག་རྒྱུ་ཨེ་ཡིན་དེ་རེད། ཟམ་གདོང་ཚང་གི་གསུང་ལ་གོ་བླངས་ཚུལ་ཡང་དག་རེད།
    འཇིག་རྟེན་སྐྱེ་འགྲོ་ཀུན་པོ་ལུས་བདེ་སེམས་སྐྱིད་ཅིག་ཏུ་འཁོད་འདོད་ན་ནང་ཆོས་དང་ཚན་རིག་ཟུང་འབྲེལ་དགོས་པ་རེད་དམ་མ་རེད་ཐད་ནས་བསམ་བློ་བཏངས་ན། དཔྱད་དོན་ངོ་མ་དེ་རྙེད་ཐུབ་ངེས་རེད་སྙམས་སོ།།

    Reply
  4. ཡུལ་གྱར་བུ། says:
    ལོ་ 14 སྔོན།

    དངོས་གནས་གནད་ལ་འཁེལ་བ་ཞིག་བཤད་འདུག དུས་ད་ལྟའང་ང་ཚོར་༧གོང་ས་མཆོག་ལ་ཡིད་ཆེས་གཙང་མ་ཡོད་པའི་དགོན་སྡེའི་དབུ་ཁྲིད་ཅིག་བྱུང་མ་ཐུབ་པ་ཅི་ཡིན་ནམ།

    Reply
  5. ཚེ་འབུམ་རྒྱལ། says:
    ལོ་ 14 སྔོན།

    རྒྱབ་སྐྱོར་ཡོད།

    Reply
  6. ཡུལ་གྱར་བ། says:
    ལོ་ 14 སྔོན།

    རང་ཉིད་ཤེས་རྒྱ་ཆུང་བས་ཡིན་ནམ་མི་ཤེས་ཀྱང་སུས་བཤད་ནའང་བདེན་པ་འདྲ་ཞིག་མཐོང་གི་འདུག འོན་ཀྱང་ཟམ་གདོང་རིན་པོ་ཆེ་ནི་ཁོང་དང་ཁོང་གི་ཆོས་ལས་གཞན་ལ་ཡོན་ཏན་ཏུ་གཏན་ནས་མཐོང་མཁན་ཞིག་མིན་པས་ཚན་རིག་གི་ལྟ་གྲུབ་ཙམ་དུ་མ་ཟད་ཚན་རིག་གི་བྱེད་ལས་སོགས་ཡོངས་སུ་རྫོགས་པར་ངན་སྣ་དགུ་འཛོམས་སུ་མཐོང་བཞིན་ཡོད་པས་དེར་འགལ་སྤོང་ཇི་ལྟར་བྱེད། རང་རིགས་སྤུན་ཟླ་འབུམ་ཕྲག་མང་པོས་ཚེ་སྲོག་བཅོམ་ཞིང་རྩ་བའི་བླ་མ་རྒྱང་ཕུད་བཏང་སྟེ་སྣོད་བཅུད་ཡོངས་ཁྱུར་མིད་གཏོང་མཁན་རྒྱ་འདྲེ་གུང་ཁྲན་ལ་་ཀྲུང་ཧ་མི་དམངས་སྤྱི་མཐུན་ཟེར་ནས་མི་ཚེར་གད་མོ་ཤོར་ནས་སོ་ཕྱིར་མངོན་མ་མྱོང་བ་ཞིག་ཅུང་ཟད་མངོན་ཡོང་བཞིན་འདུག་ལ། གཙན་བྱོལ་བའི་གཞུང་གྲོན་ཕལ་མོ་ཆེ་ནུབ་ཕྱོགས་ཀྱི་ཡུལ་གྲུའི་གཞུང་དང་ཚོགས་སྒེར་སོགས་ལ་བརྟེན་ཡོད་ཀྱང་ནུབ་ཕྱོགས་པར་ལེགས་བྱང་ཟེར་བ་ཞིག་མེད་རབས་དང་ཚན་རིག་པ་འདི་ཆེས་བླུན་རབས་སོགས་ཚིག་གི་རྡོ་ཆར་འབེབས་སྟངས་འདིར་གཞིགས་ན་ཟམ་གདོང་འདི་བར་མི་ཆོས་ཀུན་སྤྱོད་ཀྱི་སློབ་གསོ་གཏན་ནས་མེད་པ་འདྲ་ཞིག་རེད།

    Reply
  7. ཚེ་འབུམ་རྒྱལ། says:
    ལོ་ 14 སྔོན།

    དངོས་གནས་གནད་ལ་འཁེལ་བ་ཞིག་བཤད་འདུག་རྒྱབ་སྐྱོར་ཡོད། དུས་ད་ལྟའང་ང་ཚོར་༧གོང་ས་མཆོག་ལ་ཡིད་ཆེས་གཙང་མ་ཡོད་པའི་དགོན་སྡེའི་དབུ་ཁྲིད་ཅིག་ཅིའི་ཕྱིར་བྱུང་མ་ཐུབ་པ་ཡིན་ནམ།

    Reply
  8. ནོར། says:
    ལོ་ 14 སྔོན།

    རྩོམ་བྱང་གིས་འུར་བརྒྱབ་པ་མ་གཏོགས། ཅི་ཡང་ཤོད་མི་འདུག ཡར་དྲུད་མར་དྲུད་ཀྱི་མཐུན་ཐབས་སྨྲ་བ་ཙམ་རེད། ནང་པ་ཚོས་ནང་བསྟན་ཡང་དག་ཏུ་འཛིན་པའི་འདུ་ཤེས་དེ་མ་དོར་བའི་བར་དུ། དུས་ནམ་ཡང་ཚན་རིག་དང་མཐུན་ཐབས་མེད་དོ། དེ་གཅིག་ཡིན། གལ་སྲིད་དངོས་དོན་གྲྭ་བ་རྣམས་ཀྱིས་ཚན་རིག་སྦྱོང་བའི་ལམ་ཁར་ཕྱོགས་རྒྱུ་བདེན་པ་ཡིན་ན། གདམ་ས་ཁག་ནང་སློབ་ཆུང་བའི་གྲངས་རྩིས་ནས། དམའ་འབྲིང་གི་རྩིས་དངོས་རྫས་གསུམ་དང་། མཐོ་འབྲིང་གི་དབྱིབས་རྩིས་དང་ཚབས་རྩིས་སོགས་ཚན་རིག་གི་རིག་པའི་འགྲོས་ལ་འགྲེལ་བཤད་སྐྱོན་བྱེད་རྨང་གཞིའི་ཤེས་བྱ་དག་སྦྱང་དགོས་སོ། འདི་གཉིས་ཡིན། ས་སྒང་འདིའི་སྟེང་ཆེ་བ་ཉ་སྲིན་ནས་ཆུང་བ་སྲིན་འབུ་ཡན་ཆན་གྱི་སྲོག་ལྡན་ཀུན་གྱི་ཚོར་བ་དང་འདུ་ཤེས་མཐའ་དག་འགྲོ་བ་མི་ཁོ་ནའི་ཚོར་འདུའི་ཁབ་མིག་ལ་དྲངས་ཏེ་སྡོམ་རྒྱག་པ་དང་། འགྲོ་མི་ཁོ་ནའི་མཐོང་སྣང་འདུ་ཤེས་ཀྱིས་བདེན་རྫུན་ཡིན་མིན་ཁ་ཚོན་གཅོད་པ་དེ་ནི་འགྲོ་བ་མིའི་རིགས་ཀྱི་ཆོས་ལུགས་རིག་པ་རྣམས་གཙོས་མིའི་རིག་གནས་ཀྱི་ནག་ཉེས་ཆེ་ཤོས་དེ་རེད། འདི་གསུམ་ཡིན། འདས་ནས་ད་ལྟའི་བར་ངོ་ལེབ་རྐང་གཉིས་པ་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་ཀྱིས་བརྡར་ཤ་བཅད་པ་མཐའ་དག་ནི་ཡང་དག་བདེན་པ་ཞིག་མ་ཡིན་པ་དང་། རང་བྱུང་ཁམས་ཆེན་པོའི་འཕྲོད་སྦྱོར་རང་འགྲོས་དང་མཐུན་པ་ཞིག་མིན་པ་དེ་ནི། དེང་གི་དུས་རབས་གསར་བར་འབོད་པའི་ད་ལྟའི་གནས་སྐབས་འདིར་ངོ་ལེབ་རྐང་གཉིས་པ་འགྲོ་བ་མི་ཡོངས་རྫོགས་སྔར་ལས་ལྷག་པར་རང་ཉེས་དཀའ་ངལ་དང་ཉེན་ཁའི་འཇིགས་པའི་བཙུར་ཏེ་ཀི་འདེབས་ངུ་འཆོར་གྱི་གནས་སུ་ལྷུང་ཡོད་པ་འདིས་གསལ་བར་བསྟན་ཡོད་དོ། འདི་བཞི་ཡིན། གལ་དེ་ངོ་ལེབ་རྐང་པ་འགྲོ་བ་མི་དག་གིས་རང་ཉིད་རླབས་ཆེན་དང་རིན་ཐང་ཡོད་ཚད་ཀྱི་ཚད་གཞིར་བརྩིས་ནས་དེང་གི་བར་སླེབས་ཡོད་མོད། དོན་གྱིས་ངོ་ལེབ་རྐང་གཉིས་པ་འགྲོ་བ་མི་རུ་འབོད་པ་འདི་དག་སྒང་འདིར་འབུས་བ་ནས་བཟུང་། རང་བྱུང་ཁམས་ཆེན་པའི་རང་འགྲོས་ཆོས་ཉིད་ལ་མཐའ་གཅིག་ཏུ་གཏོར་རྒོལ་ཁོ་ནའི་ལས་ལ་གཞོལ་ཏེ་འོང་ཡོད་སྟབས། ས་སྒང་འདིའི་རི་ཆུ་ནགས་གསུམ་གྱི་མཛེས་ཉམས་ཤོར་ཞིང་། སྐྱེ་འགྲོ་མཐའ་དག་གི་རིགས་དང་གྲངས་སྟོངས་ཡོད། ད་ནས་བཟུང་། ས་སྒང་སྲིད་པ་འདི་ཆགས་པའི་ཚུན་ཆད་ནས་སྐྱེ་འགྲོ་ཀུན་གྱི་ཨ་མའི་བྲང་གཞུང་དང་མཚུངས་བའི་རང་བྱུང་ཁམས་ཆེན་པོའི་སྣོད་བཅུད་ཡོད་ཚད་རྩ་གཏོར་དུ་གཏོང་མཁན་གྱི་འདྲེ་དང་བདུད། སྲིན་པོ། སྒེར་གཅོད་པ། དབང་སྒྱུར་བ། བཙན་འཛུལ་བ། གཏོར་རྒོལ་བ། དྲག་སྤྱོད་པ་སྟེ། ཐ་སྙད་འདི་དག་གི་འཇུག་ཡུལ་ངོ་མ་ནི་ངོ་ལེབ་རྐང་གཉིས་པ་འགྲོ་མི་འདི་ཡིན་པ་ངེས་ལེན་དགོས། དེ་བཞིན་དུ། མི་རུ་སྐྱེ་བ་འདི་རླབས་ཆེན་ཞིག་ཡིན་མིན་གྱ་ཐེ་ཚོམས་དང་དོགས་སློང་གི་དྲི་བ་ཆེན་པོ་ཞིག་ཡོད་པའི་ཐོག་ནས། གོང་གི་ཐ་སྙད་འདི་དག་འཇུག་ཡུལ་ལས་ཐར་རྒྱུར་འབད་དགོས་པ་ནི། དུས་ཀྱི་རླབས་རྩེ་ནས་དྲག་ཏུ་འཕྱོ་བཞིན་པའི་མིའི་རིགས་ཀྱི་འགན་འཁྲི་དག་རེད།

    Reply
  9. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ནང་ཆོས་དང་ཚན་རིག་གཉིས་ནི་དེང་འཛམ་གླིང་དེའི་ནང་འགྲོ་བ་གཙོ་བྱས་པར་ཕན་ཐོག་མི་ཉུང་བ་ཞིག་ཡོང་མུས་ལ་དེ་གཉིས་ཀྱིས་མི་མཐུན་འགལ་བརྡ་ཡང་ལྟག་སྤྲོད་ཡིན་ལ་རིག་པའི་དཔྱད་པ་བྱེད་ཚུལ་འདྲ་བའི་ཆ་མང་། ཡིན་ནའང་ཁྱེད་ནས་གསུངས་པའི་གཤམ་གཏམ་འདི་ནི་༼མགོ་འཛུགས་ཀྱིས་ཁོང་གི་མདུན་ནས་ལེགས་ཕྱོགས་རྐྱང་རྐྱང་གི་འགྲེལ་བཤད་བྱེད་པའི་སྲོལ་རྒྱུན་འདིའི་རྒྱུ་བ་ཧ་ཅང་མཐུག་པ་འདིའོ།། འདི་ནི་གོ་བདེ་བར་བརྗོད་ན་༸གོང་ས་མཆོག་དབུ་སྐོར་བཏང་བ་དང་སེམས་ནང་གི་༸གོང་ས་མཆོག་གི་རིན་ཐང་འགྲེལ་བཤད་བྱས་པའོ༽ དེ་ཚོ་དགོན་པ་མ་ཡིན་བཙན་བྱོལ་གི་ཚོགས་པ་ཆེ་ཆུང་ཚང་མའི་ནང་ཡོད་པས་གུས་ནི་དེ་སྔ་ནས་ཡིད་མུག་བཞིན་ཡོད་དོ།

    Reply
  10. གྲྭ་རྒོད says:
    ལོ་ 14 སྔོན།

    དོན་དངོས་རང་རེད་ཡག་པོ་གསུང་འདུག་དེ་དེ་བཞིན་རེད་རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese