མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་བདུན་པའི་སྔོན་གྱི་བོད་ཡིག་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་ ༡༢ པའི་སྐབས་ཀྱི་དཔྱད་གླེང་གི་མ་ཟིན།

སློབ་དཔོན་སློབ་དགེ་པདྨ་དགྲ་འདུལ།

བོད་མི་རིགས་རང་ཉིད་ཀྱི་ཤེས་རིགས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས་སོགས་བརྟན་ཚུགས་ཀྱི་ལོ་རྒྱུས་རང་རྐྱ་ཐུབ་དང་མི་ཐུབ་ཡི་གེ་ལ་རག་ལས་ཡོད་པར་བརྟེན། བོད་ཀྱི་ཡི་གེའི་འབྱུང་གཞིར་ཕྱི་མིག་རྒྱང་རིང་པོས་ལུང་རིགས་ཟུང་འབྲེལ་གྱི་སྒོ་ནས་དཔྱད་གཞིགས་མཐིལ་ཕྱིན་པ་ཞིག་བྱུང་ན་དགེ་མཚན་ཆེ་བར་མཐོང་། སྤྱིར་དུས་རབས་བདུན་པའི་སྔོན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་སྨན་གྱི་ཁོག་འབུགས་ལས་སྤྱིར་ཀླ་ཀློ་ལ་སོགས་པ་ཁོས་བུ་རེ་གཉིས་ལས་ཕལ་ ཆེ་བ་མི་རིགས་ཡིན་ནོ་ཅོག་ལ་རང་རང་གི་ཡི་གེ་རེ་ཡོད་པར་གྲགས་ཤིང་མངོན་སུམ་ དུའང་སྣང་། འོན་ཀྱང་བོད་ཡུལ་འདིར་གནམ་རི་སྲོང་བཙན་ཡན་དུ་ཡི་གེ་མེད་པར་འདོད་པ་ལྟར་ན་ཞེས་མ་རངས་པའི་ཚིག་གསུངས་ཡོད། རྒྱ་གར་དང་རྒྱ་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཡི་གེ་དར་ནས་ཡུན་རིང་ཕྱིན་པ་མ་ཟད་དུས་རབས་བདུན་པའི་ནང་རྒྱ་གར་ནང་ཉུང་མཐར་ཡིག་རིགས་མི་འདྲ་བ་ཉི་ཤུ་རྩ་གཅིག་ཙམ་ཡོད་པ་ཐོན་མིའི་ཞལ་ལུང་དུ་དཔེ་རྙིང་ཞིག་གི་ལུང་དྲངས་འདུག

བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་བོད་ལ་རྒྱུ་མཚན་ཉིད་ཀྱི་བོན་ཐོག་མར་དར་བ་དང་། གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོའི་སྐུ་དུས་སུ་སྟག་གཟིག་དང་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་ནས་གཡུང་དྲུང་བོན་གྱི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐོར། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྐོར། བླ་ན་མེད་པ་རྫོགས་པ་ཆེན་པོའི་སྐོར་བཅས་ཐེག་པ་རིམ་པ་དགུའི་གཞུང་སོགས་དར་རྒྱས་ཆེ་བར་བྱུང་པ་བོན་གྱི་ཡིག་ཚང་ཁག་ལས་གསལ། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ཁུངས་གཏུགས་ས་གཏིང་རིང་ཤོས་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་རྒན་གྲས་དཔྱད་བུ་ཁྲི་ཤེས་ཞེས་པ་དེ་ཡིན་པ་བོད་ཀྱི་སྨན་གྱི་ལོ་རྒྱུས་ནང་གསལ་གྱི་ཡོད་པ་དང་། བོད་ཀྱི་རྩིས་རིག་པའི་ཁུངས་གཏུགས་ས་ཐོག་མ་ཡང་བོན་ཡིན་པ་མཁས་དབང་ནམ་མཁའི་ནོར་བུས་གཟི་ཡི་ཕྲེང་བའི་ནང་གསུངས་འདུག དེ་ལྟར་ན། ཡི་གེ་མེད་ན་ལོ་རྒྱུས་དེ་དག་རྒྱུན་རིང་གནས་ཐུབ་ཐབས་བྲལ།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་བོན་པོའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ཡོད་སྟབས། ཡི་གེ་མེད་ཟེར་བ་དངོས་ཡོད་གནས་ཚུལ་དང་མི་མཐུན་ཞིང་ཐོན་མིས་ན་ག་རའི་ཡི་གེར་དཔེར་བྱས་ནས་ཡིག་གཟུགས་གསར་གཏོད་བྱས་པ་ཡིན་ཞེས་པ་ནི་དེའི་གོང་དུ་བོད་ས་གནས་ཡོངས་ལ་སྤྱི་ཁྱབ་དུ་སྤྱོད་པའི་ཡི་གེ་མེད་པ་བཅས་ཀྱི་དོན་ཡིན་པ་མ་གཏོགས་དེའི་གོང་དུ་ཡི་གེ་གཏན་ནས་མེད་པ་དང་། ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་ཞེས་པའི་གོ་དོན་མིན། རྒྱུ་མཚན་ནི། ཡི་གེ་ཡོད་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་སྐད་ཡིག་ལ་གཞིར་བཟུང་ནས་བཟོས་པ་ཡིན་པ་ལྟར་བོད་ཡིག་ཀྱང་དེ་ལྟར་རེད་ཅེས་གསུངས།

མ་ཎི་བཀའ་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མ་པོད་ཕྲེང་༡༣༥ དང་། སྡེ་དགེའི་པར་མ་ཨེ་པོད་ལས་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་དུས་སུ། གསེར་གྱི་གའུ་ཁ་སྦྱར་གྱི་ནང་དུ་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་གཅིག གསེར་གྱི་གླེགས་བམ་ལ་བེེཌཱུརྱ་ཞུན་མས་བོད་ཡིག་ཐོག་ཏུ་བྲིས་པའི་མདོ་ཟ་མ་ཏོག་བཀོད་པ་དང་། སྤང་ཀོང་ཕྱག་རྒྱ་པ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་མདོ། དགེ་བ་བཅུའི་མདོ་དང་བཅས་བཅུག་སྟེ་ཉི་མའི་འོད་ཟེར་དང་འགྲོགས་ཏེ་ཕོ་བྲང་གི་སྟེང་དུ་བབས་པ་དང་ད་སྟེ་དུས་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་ནམ་མཁའ་ནས་སྒྲ་བྱུང་ངོ་ཞེས་གསུངས་པ་ལྟར་ན་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ཡི་གེ་ཡོད་པ་རྟོགས་ཐུབ།

གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་ཀྱི་མཚན་དང་མཛད་རྗེས། གཉའ་ཁྲི་གོང་གི་ལོ་རྒྱུས་ཁག་ཅིག་ཏུན་ཧོང་གི་དཔེ་མཛོད་ནས་ཐོན་པའི་ཡིག་རྙིང་དང་། བཀའ་ཐང་སྡེ་ལྔ་སོགས་ལས་འཁོད་ཡོད་པ་ འདི་དག་ཡི་གེ་མེད་ན་ཇི་ལྟར་གནས་ཐུབ། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་གཟི་ཡི་ཕྲེང་པ་ལས། ང་ཚོ་རང་གི་ནང་མིའི་ལོ་རྒྱུས་དཔེ་ཐོག་ཏུ་བཀོད་པ་ཞིག་མེད་ཕྱིན་ཆད་མི་རབས་གཉིས་གསུམ་གྱི་གོང་དུ་ང་ཚོའི་མེས་པོ་གང་འདྲ་བྱུང་ཡོད་པའི་གནས་ཚུལ་སུ་ཞིག་ལའང་བཤད་ཡག་མེད་པ་མངོན་སུམ་ཚད་གྲུབ་ཡིན་ཙང་། གནའ་དུས་ཀྱི་ བོད་མི་དེ་ཚོས་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་གི་ལོ་རྒྱུས་བློ་འཛིན་ཐུབ་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད། བྱས་ཙང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་ཡི་གེ་མེད་པའི་ལོ་རྒྱུས་དེ་ཚོ་ཡང་དག་པ་དང་ཚུལ་མཐུན་ཞིག་མ་ཡིན་པ་གསལ་བོར་སྟོན་གྱི་ཡོད་རེད་ཅེས་དང་། ཐོན་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ནས་བོད་ཀྱི་ཡིག་གཟུགས་སྟབས་བདེར་བཅོས་གནང་བ་དང་། སངས་རྒྱས་པའི་ཆོས་ཀྱི་ཁུངས་དེ་རྒྱ་གར་ལ་གཏུག་དགོས་པ་ནི་ཚད་ལྡན་ཚུལ་མཐུན་ཞིག་ཡིན། ཡིན་ན་ཡང་ཆོས་ལ་ཕུགས་གཏད་དྲག་ནས་མི་རིགས་རང་གི་ཤེས་རིག་གི་ཁུངས་མེད་པར་བྱས་ན་འགྲིག་ཐབས་རྩ་བ་ནས་ཡོད་མ་རེད་ཅེས་གསུངས།

ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་ལ་བཞེས་པའི་སྐབས་རྒྱལ་སྲིད་གསར་དུ་སྐྱོང་བ་དགའ་སྟོན་གྱི་སྐབས་རྒྱ་གར་དང་། རྒྱ་ནག ཁ་ཆེ། སུམ་པ་སོགས་ལ་སྐྱེས་ལན་འཕྲིན་ལན་ལ་རྒྱལ་ཁབ་དེ་དང་དེའི་ཡི་གེ་ལྟར་འབྲི་བའམ་ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་ཞེས་གསུངས་འདུག་པ་འདིས་སྐབས་དེ་དུས་བོད་ལ་ཡིག་སྣ་མི་འདྲ་བ་ཤེས་མཁན་ཡང་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་ཀུན་ལ་ཡི་གེའི་ལམ་ལུགས་ཡོད་པར་བོད་ལ་སྤྱི་ཁྱབ་ཏུ་སྤྱོད་པའི་ཡི་གེ་མེད་ཀྱང་ཡེ་གེ་ཡོད་དགོས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་ཐོན་མི་རྒྱ་གར་དུ་ཡི་གེ་སློབ་པར་མ་བྱོན་པའི་གོང་བལ་ཡུལ་དང་རྒྱ་ནག་ནས་བཙུན་མོ་ཁབ་ཏུ་བཞེས་སྐབས་བཀའ་ཤོག་གི་སྒྲོན་བུ་རེ་གནང་བའི་ལོ་རྒྱུས་ཡོད་པར་གཞིགས་ན་ཐོན་མིས་ད་ལྟའི་ཡི་གེ་འདི་མ་མཛད་པའི་གོང་བོད་ལ་ཡི་གེ་ཡོད་དགོས་ཚུལ་གསུངས་ཡོད།

ཐོན་མི་རྒྱ་གར་དུ་ཕེབས་པའི་དུས་དེ་ཙ་ན་ལཉྫ་ལྷའི་ཡི་གེ ཝ་རྟུ་ཀླུའི་ཡི་གེ ནཱ་ག་ར་མིའི་ཡི་གེ་ཞེས་གྲགས་པ་རྣམས་ཡོད་པ་ལས། ལཉྫར་ དཔེར་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེ་བྱས་ནས་དབུ་མེད་དང་། ནཱ་ག་ར་ལ་དཔེར་བྱས་ནས་ལན་ཝར་འབྲི་ཚེགས་ལས་སྟབས་བདེར་བྱས་ཞེས་པ་འདི་ནི་སྤྱིར་བཏང་མཁས་པ་ཡོངས་སུ་གྲགས་པའི་གཏམ་ ཡིན། ལན་ཝར་ནི་ཁ་ཆེའི་ཡི་གེ་ཡིན་པ་ཐོན་མིའི་ཞལ་ལུང་དུ་གསལ། སྔོན་རྒྱ་གར་གྱི་ཡི་གེ་ལཉྫ་ནི་རཉྫ་ཞེས་པ་དེ་ཡིན་པ་དང་ཝརྟུ་ནི་ངོས་འཛིན་བྱེད་དཀའ།

དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་སོགས་སུ་བོད་སྐད་ཀྱི་གཅིག་དང་ཆོས་སོགས་ལ་རྒྱ་གར་གྱི་ཡི་གེ་ཨེ་ཀ དྷརྨ་སོགས་སུ་བརྗོད་པས་རྒྱ་གར་གྱི་ཡི་གེར་ཅ་ཆ་སོགས་མི་དགོས་པ་འདིར་བསྣན་ཞེས་གསུངས། བོད་ཡིག་ཏུ་ཅ་ཆ་སོགས་བསྣན་པའི་རྒྱུ་མཚན་དུ་གཅིག་དང་ཆོས་སོགས་ལ་རྒྱ་གར་གྱི་ཡི་གེ་ཨེ་ཀ། དྷརྨ་སོགས་སུ་བརྗོད་པ་འདི་རྒྱུ་མཚན་གཙོ་བོ་ག་ལ་ཡིན། རྒྱུ་མཚན་གཙོ་བོ་ནི་བོད་ཡིག་མ་བཟོས་པའི་གོང་ནས་བོད་རང་ལ་གཅིག་དང་ཆོས་སོགས་ཀྱི་མིང་གི་གཞིར་གྱུར་བའི་ཅ་དང་ཆའི་སྐད་ཀྱི་གདངས་ཡོད་པ་ལ་གདངས་དེ་དང་མཐུན་པའི་ཡི་གེ་རྒྱ་གར་ཡུལ་དབུས་པས་འདོན་པའི་གསལ་བྱེད་སོ་བཞིའི་གྲས་མེད་པ་འདི་ལ་ཐུག་གོ་ཞེས་གསུངས།

ཡིག་བཤད་མཁས་པའི་ཁ་རྒྱན་སོགས་སུ་ཞང་ཞུང་ནས་འོངས། ཟ་ཧོར་དུ་འགྲོ། ཇ་ཉོ་རུ་འགྲོ། ཅི་ཆ་ཞེས་པ་ལས་ཞ་ཟ་འ་ཅ་ཆ་ཇ་སྣོན་དགོས་པར་དགོངས་ནས་སྟོད་དུ་ཅ་ཆ་ཇ་གསུམ་དང་།  སྨད་དུ་ཞ་ཟ་འ་གསུམ་བསྣན་ཞེས་བཀོད། མར་པ་ལོ་ཙའི་སྐུ་དུས་སུ་བྲིས་པའི་ཡིག་རྙིང་ཞིག་ཏུ། ཞ་ཟ་འ་ཅ་ཆ་ཇ་དྲུག་ཡུལ་དྲུག་གི་མིང་གི་ཟུར་ལས་རྙེད་པར་བཤད་ཅེས་ཚེ་བརྟན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་དུ་གསུངས་འདུག ཡི་གེ་དྲུག་གསར་དུ་བཟོས་ཚུལ་ལ་བརྟག་ན། སྐབས་དེའི་རྒྱ་གར་གྱི་ཡུལ་སྐད་ནང་ཅི་ནི། ཅྭར། ཆཏརི། ཆོ་ཊྭ་སོགས་ཅ་དང་ཆར་གྲུབ་པའི་ཡི་གེ་དུ་མ་ཞིག་ཡོད་པར་བརྟེན་ཅ་ཆ་ཇ་ལས་ཙ་ཚ་ཛ་མེད་པ་མ་ཟད་ག་ཇ་ད་བ་རྣམས་ཀྱི་སྒྲ་གདངས་ཡང་རྒྱ་གར་གྱི་ཡི་གེའི་གདངས་དང་་མི་མཐུན་པ་སྣང་།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཐོན་མི་དང་མཉམ་པའི་གུཔ་ཏའི་རྒྱལ་རྒྱུད་རྒྱལ་པོ་ཧརཤ་དང་། ཀུམཱར་གུཔ་ཏ་སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བམ་དང་རྡོ་རིང་གི་ཡི་གེ་རྣམས་བོད་ཡིག་དང་འདྲ་ཆེ་ཞིང་ཅུང་ཟད་རྒྱང་ནས་བལྟས་ན་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་པ་འདྲ་ཡོད་ཟེར་བ་དང་ཞང་ཞུང་གི་ཡི་གེ་སྨར་ཆེ་ཆུང་ལ་བལྟས་ན་དེ་ནི་ལག་མི་བདེ་བ་ཞིག་གིས་བོད་ཡིག་བྲིས་པ་རེད་ཟེར་གཉིས་ལ་ཡང་བསམ་བློ་གཏོང་དགོས་པ་ཞིག་འདུག་གསུངས་པར་དཔྱད་བསྡུར་བྱས་ན་ཞང་ཞུང་གི་ཡི་གེ་སྨར་ཆེ་ཆུང་གཉིས་གུབ་ཊའི་སྐབས་ཀྱི་རྒྱ་གར་གྱི་ཡི་གེ་ལས་འདྲ་ཆེ་ཞིང་། བོད་ཡིག་གི་དབུ་ཅན་དང་དབུ་མེད་གཉིས་ཀྱང་ཞིབ་ཏུ་བརྟག་ཚེ། དབུ་ཅན་དེ་ཉིད་མགྱོགས་པར་བྲིས་པ་ལས་རང་བཞིན་གྱིས་དབུ་མེད་ཀྱི་རྣམ་པ་བྱུང་བ་ལུང་དང་རིག་པས་སྒྲུབ་མི་དགོས་ཏེ། དཔེར་ན། ཀ་ཁ་ག་ང་། ཀ་ཁ་ག་ང་། ཀ་ཁ་ག་ང་། ཀ་སྡེ་གཅིག་པུའི་སྟེང་ ནས་ཤེས་སླ།

བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་རྣམས་སུ་བོད་ཡིག་གི་ཐོག་མའི་འབྱུང་ཁུངས་ནི་ཞང་ཞུང་གི་སྨར་ཡིག་ཡིན་པ་གསུངས་ཡོད། དེ་ཡང་མདོ་དྲི་མེད་གཟི་བརྗིད་ལས། ཡི་གེ་སུམ་ཅུས་བོན་གྱིས་ཁོག་ཡང་ཕུབ།། མགོ་ཡིས་ལམ་དྲང་ཤད་ཀྱིས་མདོར་ཡང་བཅད།།  ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས།། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།། ཞེས་པས་དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུང་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་ལ་སྨར་ཆེ་ཆུང་དུ་བསྒྱུར། དེ་ནས་བོད་ཡིག་ཏུ་བསྒྱུར། ཞེས་གསུངས་པ་དང་། དེ་བཞིན་མདོ་གཟེར་མིག་དང་། མ་རྒྱུད་སྐྱེ་མེད་ཐིག་ལེ། མདོ་ཕྲན། མཁའ་འགྲོ་རིན་ཆེན་འཕྲེང་རྒྱུད། མཛད་པ་དྲུག་ཅུའི་མདོ་སོགས་ལས་ཡི་གེའི་རྣམ་གཞག་རྒྱས་པར་བསྟན་ཡོད།

ཀན་སུའུ་ཏྭང་ཁྲེང་རྫོང་དུ་བོད་པའི་དུད་ཚང་ཁག་གཅིག་ཏུ་བསྡུ་ཉར་བྱས་པའི་གནའ་བོའི་བོན་གྱི་ཡིག་མཛོད་ཅེས་པའི་དེབ་ཕྲེང་སུམ་ཅུ་ཐམ་པ་ཅན་ཞིག་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཡོད་པའི་གནས་ཚུལ་ཐོན་འདུག དཔེ་རྙིང་དེ་དག་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་ཞིབ་འཇུག་ཁང་ནས་བརྟག་དཔྱད་ཞིབ་འཇུག་བྱས་སྐབས་དུས་རབས་དང་ལྔ་པ་དང་དྲུག་པ་སྔོན་གྱི་བོན་གཞུང་གསལ་བཤད་བྱེད་ཐུབ་པའི་ཡིག་རིགས་ཤིག་ཡིན་པ་གསལ་འདུག དེ་བཞིན་ཀན་སུའུ་ཞིང་ཆེན་གྱི་ཏྭང་ཁྲེང་རྫོང་དུ་དུས་རབས་ལྔ་པ་དང་། དྲུག་པའི་སྐབས་ཀྱི་ཞང་ཞུང་སྨར་ཡིག་ཅན་གྱི་གདོད་མའི་བོན་གྱི་དཔེ་ཆ་རྙིང་པ་རྙེད་པ་ཏྭང་ཁྲེང་རྫོང་སྲིད་གཞུང་གིས་ཚན་རིག་ཞིབ་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་རྟོག་ཞིབ་ཐེངས་བཞི་བྱས་པ་མཚོ་སྔོན་པོ་དྲ་བ་ནས་བསྒྲགས་འདུག་པར་གཞིགས་ན་དུས་རབས་བདུན་པའི་གོང་བོད་ལ་ཡི་གེ་ཡོད་པ་གསལ་བོ་རེད།

གཞོན་སྐྱེས་ཚང་མས་བློ་གྲོས་ཀྱི་སྤྱན་ཡངས་པོའི་སྒོ་ནས་གངས་ལྗོངས་ཤེས་རིག་གི་གཞི་མ་ཡི་གེའི་བྱུང་བ་འདི་གལ་ཆེན་དུ་བསམ་སྟེ་ཞིབ་འཇུག་བྱ་དགོས་གལ་ཆེ་བར་མཐོང་། ཕྲན་རང་ཀླད་པའི་ཆུ་ཚད་དམན་པའི་རྐྱེན་གྱིས་འདིའི་ནང་སྐྱོན་དང་ནོར་འཁྲུལ་ཇི་སྙེད་ཅིག་མཆིས་པ་ཀློག་པོ་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་བཀའ་སློབ་ཡོང་བ་ཞུ་རྒྱུ་བཅས།

ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༥ ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 17

  1. རྒྱ་རྙི། says:
    ལོ་ 13 སྔོན།

    ཐོན་མིའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ཀྱང་མི་ཤེས་པའི་དྲ་འབུ་འདི་ཚོ་སྙིང་རེ་རྗེ།

    Reply
  2. མངའ་རིས་བུ། says:
    ལོ་ 13 སྔོན།

    བོད་ལ་ཡོད་ཚད་བོན་གྱི་ཡིན།
    བོན་ལ་ཡོད་ཚད་བོད་ཀྱི་ཡིན།
    བོན་གྱི་ཡོད་ཚད་ཆོས་ཡིན་ན།
    བོན་པོ་ནང་པ་མིན་ཞེས་གཏམ།
    ཆོས་པ་ནང་མིན་སྒྲུབ་མིན་ནམ།
    སྔ་ཕྱིའི་གཏམ་ལ་གཟབ་པར་གྱིས།
    རྒྱ་གར་མ་ཧེ་བོད་ལ་སླེབས།
    ད་དུང་ལྷ་གཡག་ལྷ་འབྲི་སོགས།
    མ་ཧེ་ཡིན་ཞེས་ཧམ་པ་ཆེ།

    Reply
  3. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    དུས་རབས་བདུན་པའི་སྔོན་དུ་བོད་ཡིག་ཡོད་པ་ཡིན་ན་བོད་པ་ལ་ཡི་གེ་ཡོད་པ་རེད་བསམ། དེ་བོན་པོ་ཚོས་ཡོད་པ་སྟོན་ཐུབ་པ་དེ་བོད་པའི་རྒྱན་རེད། རྒྱ་དཀར་ནག་ཚང་མས་ཡི་གེ་བཀོལ་སྤྱོད་བྱེད་བཞྀན་པའི་སྐབས་བོད་པ་ལ་སྤྲེའུ་རྔ་མ་སྐྱེས་བསྡད་པ་དང་བོད་ཆཱུ་ཡི་གང་བསྡད་པའི་ལོ་རྒྱུས་དེ་ཚོ་དུས་ཚོད་རྫོགས་པར་བསམ། སངས་རྒྱས་ཐུབ་པས་རྒྱ་གར་དུ་ཆོས་འཁོར་བསྐོར་བཞྀན་པའི་སྐབས་བོད་ཀྱི་ལུང་པ་ཆུ་མ་གཏོགས་མེད་པ་དང་། སངས་རྒྱས་ཀྱི་སློབ་མ་བྱང་ཆུབ་སེམས་པ་སྤྱན་རས་གཟིགས་ཀྱིས་སྨོན་ལམ་བཏབ་སྟེ་ཁ་བ་ཅན་གྱི་མཚོ་བྲི་ནས། ང་ཡི་བསྟན་པ་ཚུགས་པ་ཤོག་གསུང་པ་དེ་ཚོ་ལ་དགོངས་གཞི་དགོས་གཞན་ཞིག་ཡོད་རྒྱུ་རེད། དེ་མིན་ལོ་རྒྱུས་དེ་དྲང་དོན་ཁོ་ནར་འགྲེལ་ན་འཛམ་གླིང་མི་མང་སུས་ཀྱང་ཁས་ལེན་དཀའ་བར་གྱུར། དེ་དག་ང་ཚོས་ལྐུགས་པ་ཨུ་ཚུགས་ཀྱིས་དེ་རང་ཡིན་དགོས་བསམ་ན་དངོས་དོན་དང་མི་མཐུན་པར་གྱུར་ཡོད། གནའ་མི་བོད་ཀྱི་གཏམ་དཔེ་ཞྀག་ཡོད་རེད། གླེན་པས་རྡོ་བསྲེགས་སྤང་པ་ནང་བཞྀན་ཟེར་བ་དེ་འདྲ་བྱེད་མི་རུང་། གླེན་པས་ཁོ་རང་གི་ལག་པ་འཚེགས་ཏེ་ས་ར་ར་དང་། སུ་རུ་རུ་ཟེར་གྱི་ཡོད་པ་ཧ་མ་གོ་ནས་། ཁྱེད་རང་ས་ར་ར་དང་། སུ་རུ་རུ་ཅི་ཟེར་ན་ངས་མི་གཏོང་ཐག་ཆོད་ཡིན་ཟེར་བ་ལྟར་རེད། དེ་བཞྀན་མངོན་པ་མཛོད་ཀྱི་ནང་དུ་རི་རྒྱལ་ལྷུན་པོ་ཟེར་བ་དེ་ཚོ་ལ་དགོངས་པ་བཞེས་དགོས་པ་སྐྱབས་མགོན་རིན་པོ་ཆེས་གསུང་ཡོད་རེད། དངོས་དོན་དང་འཚམས་ན་དེ་དོན་ཁས་བླངས་ན་ངོ་ཚ་དགོས་དོན་མེད། དེ་མིན་རྫུནརྒྱབ་རྫུན་ལངས་ཇི་ལྟར་བྱས་ཀྱང་ཕན་ཐོག་མེད་པར་སེམས། དེང་དུས་ཚན་རིག་གི་ཐོག་ནས་མི་ལོ་སུམ་སྟོང་བདུན་བརྒྱ་སྔོན་གྱི་བོད་ཡིག་རྡོ་རིང་གངས་རིན་པོ་ཆེའི་ཕྱོགས་རགས་ཡོད་པ་བོད་ཀྱི་སྤྱི་ཚོགས་ཚན་རིག་ཁང་དུ་བཤམས་སྟོན་བྱས་ཡོད། དེ་དོན་དངོས་དོན་གྱིས་ཁ་གྲགས་པ་ཡིན་ཙམ་དེ་ནི་ཇི་ལྟར་བྱས་ཀྱང་སྦས་བསྐུང་བྱ་ཐབས་བྲལ།

    Reply
  4. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 13 སྔོན།

    བོད་ལ་ཡོད་ཚད་བོན་ལ་གཏུག བོན་ལ་ཡོད་ཚད་ཆོས་ལ་རྐུས། ཆོས་ལ་ཡོད་ཚད་གཞན་ལ་གཡར། ད་ཡིན་ན་དཔེ་སྐྱ་སེང་པོ་རེད་འདུག་ག

    Reply
  5. ཁམས་པ། says:
    ལོ་ 13 སྔོན།

    ཨ་བུ་ལོ་ལོ། དུས་རབས་བདུན་པའི་སྔོན་དུ་བོད་ལ་བོད་ཡིག་ཅིག་ཡོད་ནི་མ་རེད། མོ་གཤམ་གྱི་བུ་མེད་ན། དེའི་འགྱིང་བག་མེད་པ་ནང་བཞིན་རེད། གཤོབ་མ་བཤད། ལོ་ལོ།

    Reply
  6. སྲོང་བཙན། says:
    ལོ་ 13 སྔོན།

    སློབ་དཔོན་སློབ་དགེ་པདྨ་དགྲ་འདུལ་ཞེས་རིང་བོ་ཞིག་འབྲི་རྒྱུ་ལས་སློབ་དཔོན་པད་འདུལ་ཞེས་ན་ལེགས་པ་འདྲ། ཀུ་རེ་ཡིན། གསུངས་ཚང་མ་བཀླགས་ཟིན། ཐུགས་རྗེ་ཆེ། འོན་ཀྱང་། བློ་བསྐྱེད་གང་ཡང་ཐོབ་མ་སོང་།
    བོད་ཡིག་གི་བྱུང་ཡུན་ཐུང་དུ་གཏོང་མཁན་ནི་བོན་མེད་པར་བཟོ་འདོད་པའི་སྔ་རབས་ཀྱི་མགོ་རིལ་ཁ་ཅིག་གོ

    Reply
  7. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    དུས་རབས་བདུན་པའི་སྔོན་དུ་བོད་ཡིག་མེད་ན་བོན་ཆོས་བོད་དུ་ཇི་ལྟར་དར། རིག་གནས་མེད་པའི་གཞུང་ལུགས་ཤིག་དང་གྲུབ་མཐའ་ཞིག་ཡོད་མི་སྲིད། 

    Reply
  8. གནས་ཚང་། says:
    ལོ་ 13 སྔོན།

    ཁྱེད་རང་ཚོས་ད་དུང་ལོ་ངོ་ཉིས་སྟོང་ཡན་དུ་བོད་ཡིག་ཡོད་ཚུལ་ཞིག་ལབ་ཀྱི་འདུག འོ་ན། བོད་ཀྱི་ནང་བ་ཚོ་རྫུན་ལབ་མཁན་མ་རེད་དམ། སྡོམ་པ་གང་དུ་ཡོད་དམ། སྟོན་པར་ངོ་ལོག་ཟིན་པ་མ་རེད་དམ། སྐུ་མཁྱེན་ཚང་མས་གསུང་རོགས་གནང་།

    Reply
  9. མངའ་རིས་བུ། says:
    ལོ་ 13 སྔོན།

    དུས་རབས་བདུན་པའི་སྔོན་དུ་ཡོད་པའི་ཡིག་རྙིང་རྙིང་དྲི་ཐུལ་ལེར་ཡོད་པ་ཞིག་ཕལ་ཆེར་སྟོན་རྒྱུ་དཀའ། དེ་ནི་འཇིག་རྟེན་ཅེས་པའི་གོ་དོན་གྱིས་གྲུབ། མ་ཟད་དུས་རབས་བརྒྱད་པའི་སྐབས་སུ་བྲིས་པའི་ཡིག་རྙིང་རྙིང་དྲི་ཐུལ་ལེར་ཅིག་སྟོན་རྒྱུ་ཡོད་དམ། མ་ཟད་ཉེ་འཆར་བོད་ནས་གསར་དུ་ཐོན་པའི་དུས་རབས་བཞི་པ་ལྔ་པའི་སྐབས་སུ་བྲིས་པའི་ཡིག་རྙིང་རེད་ཅེས་ཚན་རིག་པས་བརྟག་དཔྱད་བྱས་འབྲས་བྱུང་བའི་ཐག་ཆད་པའི་གཏམ་ཞིག་དྲ་རྒྱའི་ནང་དུ་ཐོན་ཡོད་འདུག་འོན་ཀྱང་དེ་མིག་སྔར་མ་མཐོང་བའི་བར་དུ་འདི་ཡིན་འདི་མིན་གྱིས་ཤོད་རྒྱུ་ཅང་མེད།
    དེ་མིན་དུས་རབས་བདུན་པའི་ཡར་སྔོན་དུ་བརྩམས་པའི་བོན་གྱི་གདམས་ཁྲིད་མང་པོ་ཞིག་ད་ལྟ་བཞུགས་བཞིན་པ་དང་དེ་ལ་སྤྱོད་བཞིན་པ་ཡོད་པས་དེ་ཚོར་གཟིགས་རྟོག་འདྲ་གནང་ན་གང་འདྲ་འདུག
    རང་ངོས་རྟག་འཛིན་བདག་འཛིན་ཅན་དེ་ཅུང་ལྷོད་ལ་བབས་ཏེ་གུ་ཡངས་ཞིང་ལྷོད་ལ་བབས་ཏེ་འདྲ་ཐང་གུས་བཀུར་གྱི་བསམ་བློ་ཞིག་གིས་སྟེང་ནས་གཟིགས་རྟོག་གནང་ན་བློ་བསྐྱེད་ཅིག་ཐོབ་ངེས།
    མིན་ཤག་ཤག་བྱས་ཏེ་བསྡད་ན་ཐོབ་རྒྱུ་དེ་ལས་མེད།
    ད་ཆ་འཇིག་རྟེན་མགོན་པོ་༸གོང་ས་༸་མཆོག་གིས་ཐུགས་དཔྱད་དང་དེ་བཞིན་བོད་ཀྱི་མཁས་དབང་མི་ཉུང་བ་ཞིག་ནས་དུས་རབས་བདུན་པའི་སྔོན་དུ་བོད་ཡིག་ཡོད་པ་ཐག་གིས་བཅད་ཚར་འདུག འོན་ཀྱང་ཁྱེད་ཚོའི་རིགས་ལ་དུས་རབས་བདུན་པའི་སྔོན་དུ་བོད་ཡིག་མེད་པའི་ཁུངས་བཙན་ཚན་རིག་དང་མཐུན་པའི་གཏམ་བཤད་རྩོམ་དེ་འདྲ་ཡོད་ན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་བཅར་ཏེ་སྒྲོག་སྦྱོང་གནང་ན་གང་འདྲ་འདུག་གམ། དེ་མིན་དྲ་འབུས་བཟི་བའི་དྲ་རྒྱ་འདི་འདྲའི་ནང་དུ་སྐད་ཆ་དེ་རིགས་བཤད་ན་ཅང་ཉན་མཁན་དང་ཆ་འཇོག་བྱེད་མི་དཀོན་སེ་རེད། ཤོད་མཁན་ཀྱང་དྲ་འབུ། ཉན་མཁན་ཀྱང་དྲ་འབུ་རྐྱང་རེད།
    ཨེ་གོ་ཐལ

    Reply
  10. འདྲེ་མེ་འབུད། says:
    ལོ་ 13 སྔོན།

    སྲོང་བཙན་ཡར་སྔོན་གྱི་ཡི་གེ་ཞིག་འཐོབ་པར་ང་ཚོས་ཤིན་ཏུ་འབད་ནའང་། ཡིད་སྐྱོ་བ་ཞིག་ལ་སྒྲུང་ལྟ་བུ་ཞིག་ལས་ཅི་ཡང་མ་ཐོབ། སྔར་གྱི་ཁྲམ་བྱང་དང་རྡོ་རིང་། ཏུན་ཧོང་སོགས་ནས་ཀྱང་མ་བྱུང་། དེ་མ་བྱུང་བ་མ་ཟད་ཏུན་ཧོང་ཡིག་རྙིང་དུ་སྲོང་བཙན་ཡར་སྔོན་དུ་ཡི་གེ་མེད་ཚུལ་ཐག་བཅད་དེ་གསུངས་སོང་། དེ་བཞིན་དུ་རྒྱ་ནག་གི་ཐང་ཡིག་ཏུའང་དེ་ལྟར་གསུངས་འདུག གལ་སྲིད་ཡི་གེ་འདི་ཉིད་དུས་རབས་བརྒྱད་པའི་ཁྲི་སྲོང་ལྡེ་བཙན་གྱིས་ས་འོག་ཏུ་རིམ་པ་དགུ་རུ་བཅུག་པ་ཡིན་ནམ། དེ་ཡང་མི་སྲིད་དེ། དུས་སྐབས་དེའི་ཕྱིས་ཀྱི་གཏེར་སྟོན་པ་མང་པོས་བསྟུད་མར་རང་ཉིད་ཀྱི་གཞུང་ལུགས་ས་འོག་དང་བྲག་སྐྱིབས་ནས་འདོན་འགོ་ཚུགས་ཡོད། ཡིན་ནའང་། ད་དུང་ང་ཚོར་སྲོང་བཙན་ཡར་སྔོན་གྱི་ཡི་གེར་བཏབ་པའི་བརྩམས་ཆོས་ཤིག་ཐོབ་མ་བྱུང་། མ་ཐོབ་པ་འདིས་ཡོད་ཚད་མེད་པར་ངོས་འཛིན་དཀའ་ནའང་། རྨི་ལམ་ཞིག་མངོན་འགྱུར་འབྱུང་བར་རྒྱང་ཁད་གྱེས་པ་ནི་དངོས་ཡོད་ཚུལ་ཞིག་རེད།

    Reply
  11. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 13 སྔོན།

    དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་པ་གསལ་བོ་རེད་ཟེར་ན། གསལ་བའི་རྒྱུ་མཚན་དེ་གོང་བཀོད་རྣམས་གཅིག་པུ་ཡིན་ནམ་ཡང་ན་གཞན་པ་ཡོད་ན་འགོད་རོགས་ཞུ། གོང་བཀོད་དེ་ཁོ་ན་ཡིན་ན་ཅི་ཡང་གསལ་ཐུབ་ཀྱི་མི་འདུག ཁྱབ་མེད་ཁོ་ན་རེད་འདུག ཨེ་བདེན་རིག་ལམ་པ་ཞིག་གིས་གཟིགས་དང་གོ་ངེས།

    Reply
  12. མངའ་རིས་བུ། says:
    ལོ་ 13 སྔོན།

    བོན་ལ་ཡོད་པ་ཐམས་ཅད་བོད་ལ་ཡོད་ཅེས་ན་སྐྱོན་ཆ་ཅི་འདུག་གམ།
    དེ་ལ་སྡང་དགོས་དོན་ཅང་མ་མཐོང། བོན་པོ་ཚོས་བོད་ལ་ཡོད་ཅེས་ཤོད་པ་ལས། བོན་ལ་ཡོད་བོན་གྱི་ཡིན་ཟེར་གྱི་མི་འདུག་གཱ། འོ་ན་བོད་ཀྱི་ཡོད་ཚད་རྒྱ་གར་གྱི་ཡིན་ཞེས་བརྗོད་དགོས་སམ། གཅིག་བྱེད་ན་དེ་ལྟར་འདོད་དགོས་པའང་མཐོང། གང་ཡིན་ཟེར་ན་རྒྱ་གར་ནི་ང་ཚོའི་དགེ་རྒན་ཡིན། དགེ་ཕྲུག་ལ་ཡོད་པ་ཐམས་ཅད་དགེ་རྒན་ལ་བསྟེན་ནས་བྱུང་བས། དེ་ཡང་གཏན་ཚིགས་ཡང་དག་ཞིག་ཏུ་མཐོང།
    བོད་ཁམས་འདི་ཡང་རྒྱ་གར་གྱི་ཡིན་ཟེར་ནའང་མ་ཆོག་པ་གང་ཡང་མེད། སྟོད་གངས་རིན་པོ་ཆེ་ཡང་རྒྱ་གར་གངས་རི་ཞེས་བོད་མི་ཚོས་བཤད་ཀྱི་འདུག དེ་ལྟར་ན་བོད་ཀྱི་ཐམས་ཅད་རྒྱ་གར་གྱི་ཡིན་ཟེར་ན་ང་ཚོར་གཏན་ཚིགས་རྒྱུ་མཚན་ཡང་དག་ཅིག་མི་འདུག་གམ།
    དང་པོར་བོད་ཡིག་ནི་འཛམ་གླིང་གི་སྐད་ཡིག་རྣིང་ཤོས་བཅུ་གཉིས་སུ་ཡོད་པའི་ནང་ནས་གཅིག་ཆགས་ཡོད།
    གཉིས་པར་ཐོན་མིས་བོད་ཡིག་གཏན་ལ་ཕབས།
    གསུམ་པར་ཐོན་མིས་བོད་ཡིག་ལ་ལེགས་བཅོས་གནང།
    བཞི་པར་ཐོན་མིས་བོད་ཡིག་གཏན་ལ་ཕབས་མེད་བོད་ཡིག་རང་བཙན་པ་རེད། སུམ་རྟགས་ཀྱི་སྐོར་འདི་རྒྱ་གར་ལ་དཔེ་བླངས་ནས་བསྒྱུར་བཅོས་བྱས།
    ལྔ་པ་དྲུག་པ་བདུན་པ་ལས་སོགས་ནས་རིམ་གྱིས་མཐར་ཐོན་མི་མི་ཞིག་ཡིན་མིན་དང་་གླིང་འདིར་བྱུང་ཡོད་མེད་ཀྱི་ས་མཚམས་ལ་སླེབས།

    Reply
  13. thapkegyatso says:
    ལོ་ 13 སྔོན།

    སློབ་དཔན་ཐོན་མིའི་ཡར་སྔོན་དུའང་།བོད་ལ་ཡེ་གེ་ཡོད་པ་ཧ་ཅང་གསལ།ཡིན་ཡང་རྒྱལ་པོ་ལྷ་ཐོ་ཐོ་རིའི་སྐབས་སུ་གསུང་རབ་འགའ་བོད་དུ་བྱུང་དེ་དག་བོད་ཡིག་ཡིན་པས་རྒྱུ་མཚན་གསལ་བོ་ཞིག་དང་ཁུངས་ཡང་དག་ཅིག་ཡོད་དམ།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཐོན་མི་བཀའ་དྲིན་ཅན་གྱི་གོང་དུ་བོད་ལ་ཡི་གེ་ཡོད་པའི་དབང་དུ་བྱས་ན།
    བོད་རིགས་ཞང་གཞུང་རྨར་ཡིག་དང་། རྒྱ་གར་ན་ག་རའི་ཡི་གེ་གཉིས་ཀ་ལ་གཞིར་བཞག་ནས་ཐོན་མི་མཆོག་གིས། གསར་བཅོས་་ཆེན་མོ་ཅིག་གནང་པ་ཡང་ཡིན་སྲིད།
    རྒྱ་གར་ནས་ཀ་ཁ་ག་ངའི་སྒྲ་གདངས་གོ་རིམ་གཙོ་བོར་བསྟུན་པ་དང་། རྨར་ཡིག་ནས་ཀ་ཁ་ག་ངའི་ཡིག་གཟུགས་དང་། གཞན་ལ་མེད་པའི་བོད་ལ་སྔར་ཡོད་ཡི་གེ་ཙ་ཚ་ཛ་ཝ་ཞ་འ་རང་སོར་བཞག་ནས། རྒྱ་གར་ཡི་གེའི་སྲོལ་ལ་མེད་པའི། ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ ཡ་སྟ་ཡིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །གསུངས་པ་འདི་བདེན་པར་རྩིས་ན་གང་འདྲ་འདུག་གམ། ད་དུང་དཔྱད་པར་འཚལ། །ཐོན་མིའི་བསྟན་པ་ཡུན་བརྟན་ཤོག །

    Reply
  15. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    དྲ་བ་འདི་ནང་http://ti.gzznews.com/Html/LiShi/ShiLun/3357.htmlགཟིགས་དང་སྔོན་བོན་ཡིག་གཟུགས་ཐམས་ཅད་བཀོད་འདུག། ངས་དྲ་ངོས་སུ་སྤེལ་ཐབས་བྱས་ཀྱང་ཐུབ་མ་སོང་དོ་སྣང་ཡོད་མཁན་ཚོའི་གཟིགས་རོགསཞུ།

    Reply
  16. གངས་ཟླ། says:
    ལོ་ 13 སྔོན།

    སྤྱིར་ཐོན་མིའི་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པར་འདོད་མཁན་ཧ་ཅང་དཀོན་པོ་ཡིན་ལ། མེད་པར་འདོད་ན་དངོས་ཡོད་ཀྱི་ལོ་རྒྱུས་དང་ཡང་མཐུན་གྱི་མི་འདུག འོན་ཀྱང་། ཐོན་མིའི་ཡར་སྔོན་དུ་ཡི་གེ་ཡོད་པ་དེ་ཙམ་གྱིས་སྣང་བ་གནམ་ལ་འཕྱར་ཆོག་པ་ཞིག་ནི་གཏན་ནས་མིན།ཐོན་མིས་བོད་ཡིག་གསར་བཟོ་བྱས་པ་མིན་པའི་སྒྲུབ་བྱེད་དུ་འང་འགྲོ་གི་མ་རེད།ང་ཚོའི་གཞུང་ལུགས་ཆེན་པོ་དག་གི་ཁྲོད་དུ་ཤིང་རྟའི་སྲོལ་འབྱེད་ཀྱི་གོ་དོན་སོགས་འཇོག་དུས།རྣམ་པ་ཀུན་ཏུ་ན་སྔར་མེད་གསར་བ་ཞིག་གི་སྲོལ་ཡིན་མི་དགོས་པ་དེ་བཞིན་ཡིན།༢སྤྱིར་སྟོན་པ་གཤེན་རབ་ཟེར་བ་དེ་ག་དུས་ཞིག་ལ་བྱོན་པ་ཡིན་མིན་རང་གཞན་ཚང་མ་ལ་ནག་ཁུང་ཡིན་པས།དཔྱད་དགོས་རྒྱུ་ངོ་མ་ནི་དེ་ཡིན་པར་འདོད།ད་ལྟའི་བན་བོན་གཉིས་ཀྱིས་སོ་སོ་རང་རང་གི་སྟོན་པའི་བཀའ་ཡིན་ཟེར་སའིབཀའ་འགྱུར་སྐོར་ལ་གཅིག་བལྟས་ན།ཡང་ན་བན་དེ་ཚང་གིས་བོན་སྟོན་ལ་རྐུན་མ་བྱས་ཡོད་པ་དང་།ཡང་མིན་ན།བོན་གྱིས་ནང་པའི་སྟོན་པ་ལ་རྐུན་མ་བྱས་པ་གང་རུང་ལས་འོས་མེད།དོན་དངོས་གང་ཡིན་མི་བསམ་པར་སྙན་སྙན་འགྲིག་འགྲིག་ཅིག་བཤད་བསྡད་ན་དོན་སྙིང་ཅང་མི་འདུག འདི་སྐོར་ནས་མང་པོ་བཤད་རྒྱུ་ཡོད། འོན་ཀྱང་དེ་རིང་དེ་ཙམ་ཡིན།

    Reply
  17. སྐར་མདའ། says:
    ལོ་ 13 སྔོན།

    ད་དུང་ཡང་དུས་རབས་བདུན་པའི་གོང་དུ་བོད་ཡིག་ཡོད་མེད་དང་། བོད་ཡིག་དེ་ཡང་བོན་གྱི་ཡིན་ཚུལ་གྱི་རྩོད་རྙོག་རྐྱང་རྐྱང་གླེང་ནས་སྡོད། བོན་ལ་མ་དགའ་བ་མིན་ཡང་བོད་ཀྱི་ཡོད་ཚད་བོན་ལ་གཏུག་དགོས་ན། དེ་ཡང་གནས་ལུགས་མེད་པའི་ཧམ་བཤད་རང་རེད་བསམ། བོན་ཚོས་འོལ་མོ་ལུང་དང་། ཞང་ཞུང་སོགས་སུ་འབོད་པ་དེ་ཚོའི་གནས་ཙམ་ཡང་གར་ཡོད་ཀྱི་ངོས་འཛིན་བྱ་ཐུབ་ཀྱི་མེད་པས། བོད་ཀྱི་རྩ་དོན་ཐད་ཕན་ཐོགས་མེད་པའི་རྩོད་རྙོག་དེ་ཚོ་གཡུག་བཞག་ན་རང་གཞན་གཉིས་ཀར་དགེ་མཚན་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese