མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ནམ། མྱི་ནག་ཚང་།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

ཁྱེད་ཅག་ད་ལོ་བོད་ལ་ཕེབས་མཁན་ཡིན་ནམ་་་་་་་

འོན་ཀྱང་། ཁྱེད་ཚོ་ཕར་འབྱོར་དུས། ང་ཚོ་གཙང་ཕྱགས་བྱས་ཚར་ཡོད་པ་རེད། ཤུལ་ན་གྲོག་ཚང་ཁ་ཕྱེ་བ་བཞིན་སྔོ་ཤུར་ཤུར་གདུ་བཞིན་པ་དེ་དག་ནི་ཁོང་ཚོ་རེད། ཕལ་ཆེར་ཁོང་ཚོ་རྐྱང་རྐྱང་ཡིན་སྲིད། ཁོང་ཚོ་ནི་ལོ་རྒྱུས་སྟེང་ང་ཚོས་ནམ་ཡང་བརྗེད་མ་མྱོང་ལ། རྗེས་མ་ཡང་གཏན་ཏུ་བརྗེད་མི་སྲིད་པ་དེ་དག་རེད།

ཕྱི་ཚེས་ ༢༠ རྗེས་ནས་ཕར་འབྱོར་དུས། ཁྱེད་ཅག་གིས་ལྷ་སའི་ཁྲོམ་ནས་གཟུགས་སྟོབས་ཆེ་ཞིང་། མགོ་ལ་ཅ་ལ་དམར་པོ་དཀྲིས་མཁན་དང་། ལུས་ལ་བདེ་མྱུར་དང་མིག་གི་ནང་དུ་གཟི་མདངས་འཕྲོ་བའི་བོད་པ་མང་པོ་ཞིག་མི་མཐོང་བ་སྲིད། གང་ཡིན་ཟེར་ན། ཁམས་པ་དང་ཨ་མདོ་བ་རྣམས་ལྷ་སའི་གླིང་ནས་ཕྱིར་འབུད་བྱས་ཟིན་པ་རེད།

ཨ་རབ་དང་འཛམ་གླིང་གི་དཔྱིད་ཉི་རིང་མོ་གཉིས་རྫོགས་རྗེས། ཁྱེད་ཅག་ལ་ལམ་ཁ་ཕྱེ་བ་རེད། དེའི་ཆེད་དུ། ཟླ་ཤས་སྔོན་འདིར་ཡང་རྒྱ་གཞུང་གིས་ལྷ་སའི་སྲང་ལམ་རེ་རེ་དང་། བོད་པའི་ཁྱིམ་ཚང་རེ་རེ། དགོན་པའི་གྲྭ་ཤག་རེ་རེ། ཟ་ཁང་དང་མགྲོན་ཁང་རེ་རེ། བོད་པ་ལམ་འགྲོ་བ་རེ་རེའི་རྒྱབ་ཁུག་དང་རུམ་ཁ་བསྔོག་ནས་ཞིབ་བཤེར་བྱས་པ་རེད། དེ་ནས་རིམ་པ་བཞིན་བཙོན་འཇུག་དང་། བཙན་འཁྲིད། ཕྱིར་འབུད། ཉེན་བརྡ་སོགས་བཏང་སྟེ་ཏག་ཏག་བཟོས་པ་རེད། ལྕགས་སྒྲོག་གིས་བཅིངས་ནས་མུན་ཁང་ལ་བཅུག་པ་རེད། མེ་མདས་དེད་དེ་རི་བོ་དང་ཆུ་བོ་མང་པོ་ཞིག་གི་ཕ་རོལ་ལ་བདའ་བ་རེད། ད་ནི་ལྷ་སའི་གླིང་ཁྱེད་ཚོར་ཡང་ཐོབ་འདུག

ཕྱི་ཚེས་ ༢༠ རྗེས། ཁྱེད་ཅག་ལྷ་སར་འབྱོར་དུས་ཧ་ཅང་ཁུ་སིམ་པོ་ཡིན་སྲིད། འོན་ཀྱང་། ཁུ་སུམ་པོ་ནི་སྐྱིད་དྲག་པ་དང་། ལྷིང་འཇགས་ནི་བདེ་འཇགས་ཀྱི་གོ་དོན་ནམ་ཡང་མིན་པ་ཁྱེད་ཅག་ལ་ཞུ་ག་ལ་དགོས། ཡང་མིན་ན། བོད་ཆས་གྱོན་པའི་སྤུན་གྲོགས་འགའ་རེས་ཁྱེད་ཅག་ལ་གང་ནས་ཐུག་ན་འཛུམ་སྟོན་སྲིད་པ་རེད། གཞས་གཏོང་སྲིད་པ་རེད། བྲོ་ཡང་འཁྲབ་སྲིད་པ་རེད། ཅི་ཧ་ལས། ཁོང་ཚོའི་འཛུམ་མདངས་དེའི་ཤ་སྐྱིའི་བར་དང་། ངག་གི་འགྱུར་ཁུག ལུས་ཀྱི་སྟངས་སྟབས་གང་སར་རྒྱ་གཞུང་གི་མདེའུ་དང་སོ་གྲི་སྦས་ཡོད་པ་རེད།

ངས་འདི་ལྟར་ཡང་སེམས། ཁྱེད་ཅག་ཁོ་ནར་ད་ལོའི་དབྱར་ཁ་འདི་གཅིག་པུར་རང་དབང་གི་ལྷ་ས་དང་། དེའི་ཕན་གྱི་ས་ཁུལ་འགའ་ཤས་དབང་བ་འདྲ། གང་ཡིན་ཟེར་ན། ཁྱེད་ཅག་ཕར་མགྲོན་འབོད་དང་མཉམ་དུ། ང་ཚོ་ཕྱི་ལ་བདའ་བ་རེད། ཁྱེད་ཅག་ལྷ་སར་འབྱོར་དུས་ཡིག་ཆ་གཅིག་རང་གཅིག་སྟེ། ཐོངས་མཆན་ཡོད་ན་འགྲིག་གི་ཡོད་པ་རེད། ང་ཚོར་ཉུང་མཐར་ཡིག་ཆ་ལྔ་ཚང་དགོས་པ་རེད། ཁྱེད་ཅག་ཕར་འབྱོར་དུས། ལྷ་སའི་གླིང་ན་ཡིག་ཆ་ལྔ་བཟུང་མེད་པའི་བོད་པ་ཞིག་མཐོང་སྲིད་གི་མ་རེད། དེ་ལ་རྒྱུ་མཚན་མེད་རུང་གནས་ལུགས་དེ་ག་རང་དུ་གྱུར་བ་རེད།

ཕྱི་ཚེས་ ༢༠ ཉིན་ནས་བཟུང་ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ན། ཡང་མིན་ན་འདི་ལྟར་དུ་ཕེབས་རོགས། ཨ་མདོ་རྔ་པ་ལ་ཕེབས་རོགས། ཁམས་དཀར་མཛེས་ལ་ཕེབས་རོགས། དེ་ལྟར། མདོ་སྨད་རྨ་ལྷོ་དང་། མགོ་ལོག བླ་བྲང་། ཁམས་བྲག་མགོ་དང་ལི་ཐང་། ཡུལ་ཤུལ་རྫ་སྟོད་སོགས་མདོ་སྟོད་སྨད་ཀྱི་ས་ཁུལ་ལ་ཡང་ཕེབས་རོགས། གང་ཡིན་ཟེར་ན། ན་ནིང་ད་ལོ་ཡི་བོད་པ་ཤི་གསོན་མང་པོ་ཞིག་གིས་ཁྱེད་ཅག་ཕེབས་པ་མཐོང་འདོད་ཡོད་པ་རེད། ད་དུང་དེང་རབས་ཀྱི་བོད་ངོ་མ་དེ་བོད་པའི་བཤད་ལུགས་ལྟར་ཁྱེད་ཅག་ལ་བཤད་གི་རེད།

ཡང་མིན་ན། ཁྱེད་ཅག་ད་ལོ་བོད་ལ་མ་ཕེབས་རོགས། མདོ་དབུས་ཁམས་གསུམ་གྱི་མི་ཚང་མ་ཡོང་མི་ཆོག་སའི་ལྷ་སའི་གླིང་ལ་ཁྱེད་ཅག་ཕེབས་ནས་ཅི་བྱ། ད་དུང་། མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཚང་མར་ཕེབས་མི་ཆོག་ན་ཁྱེད་ཅག་ལྷ་སའི་ཁྲོམ་གཅིག་པུར་ཕེབས་ནས་ཅི་བྱ། དེ་མིན་ན། དབྱིན་ཇི་དང་ཀོ་རི་ཡ། ནོར་ཝེ་སོགས་རྒྱལ་ཁབ་སྐོར་ཞིག་གི་ཡུལ་སྐོར་བ་ཕེབས་མི་ཆོག་ས་ནས་ཁྱེད་ཅག་རྔ་མོང་ནོག་རྡང་གི་ཚུལ་དུ་ཁྲིད་ཕྱིན་ཀྱང་ཅི་ཕན། གང་ལྟར། ཁྱེད་ཅག་ལ་ལམ་ཁ་ཕྱེ་ཆེད། ང་ཚོ་ནི་ཉི་མ་ལྷ་སའི་ཉེ་འཁྲིས་ཙམ་ལ་ཡང་ཡོང་མི་ཆོག་པ་བཟོས་སོང་།

 

མཆན། དེ་རིང་ཕྱི་ཚེས་ ༢༠ ཉིན་ནས་བོད་རང་སྐྱོང་ལྗོངས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྒོ་ཕྱེ་བ་དང་། བོད་ནང་གི་བོད་མི་རྣམས་ཀྱི་གནས་སྟངས་སྔར་ལས་ཇེ་སྡུག་དང་། རང་ས་ནས་འདུག་པའི་རང་དབང་ཙམ་ཡང་མེད་པ་བསམ་ནས་ཐོལ་བྱུང་གི་བསམ་ཚུལ་འདི་བཀོད་པ་ཡིན།

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 14

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ངོ་མ་བོད་ལ་མ་སོང་ན་བཟང་གི དེ་ན་ཁྱོད་ལ་ས་ཆ་ཉལ་ས་ཙམ་ཡོད་དམ། དེ་ན་ཁྱོད་ལ་སེམས་ཀྱི་དམར་དམར་པོ་ཤོད་མཁན་ཡོད་དམ། དེ་ན་རང་དབང་གི་གླུ་ཞིག་ལེན་དབང་ཡང་ཡོད་དམ། དེ་ནས་རང་གི་རྩ་བའི་བླ་མ་ལ་ཕྱག་གསུམ་འཚལ་ཆོག་གམ།
    ཁྱོད་བོད་ལ་མ་མ་འགྲོ། དེ་ན་མིག་ཆུ་འདོན་མཁན་མང། དེ་ན་ལྕགས་སྒྲོག་གོན་མཁན་མང། དེ་ན་རང་ལུས་སྒྲོན་མཁན་མང། ཁྱོད་ཀྱིས་དེ་དག་ཐུབ་བམ།
    བོད་ལ་འགྲོ་མི་ཉན། ཏང་གི་ཟོར་བ་སྐེ་ལ་བཞག་ན་ཅི་བྱེད། ལྕགས་ཀྱི་ཐོ་བ་མགོ་ལ་ཕྱར་ན་ཅི་བྱེད། ཐ་ན་སྨྲ་སྒོའི་ཚིག་རེ་ལ་ཁྲིམས་རེ་བཅད་ན་་་

    Reply
  2. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཡ་ཡ། ད་ཡིན་ན་ནི་ཁྱེད་ཚོ་ཁ་བྲོ་བཀྲ་ཤིས། ཉི་མ་ཁ་ཤས་རྗེས་ནས་བཅར་འདྲི་ཞིག་ཡོང་ཨེ་ཐུབ་ལྟ་གི་ཡོད། གལ་སྲིད་མཐུན་རྐྱེན་གྱིས་མ་འགྲིག་ན་ཡོང་མི་ཐུབ་ཀྱང་སྲིད། དེ་དུས་དགོངས་དུག་ཞུ་ངེས་ཡིན།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ངས་བསྐྱར་དུ་སྐད་ཆ་ཚིག་འགའ་བཤད་འདོད། དེ་ནི་ལུང་རིག་རྒྱལ་གྱི་རྩོམ་ཡིག་དང་དེའི་མཆན་བུའི་སྐོར་རེད།
    སྤྱིར་དྲ་ངོས་སར་བོད་ཡིག་འབྲི་མཁན་མང་པོ་ཞིག་གིས་བསམ་གཟས་ནས་མིང་རྫུས་བཀོལ་བཞིན་མི་སྒེར་བ་དང་མིའི་མི་གཞི་ལ་དམའ་འབེབས་བྱེད་ཅི་ཐུབ་བྱས་དང་བྱེད་བཞིན་པའི་སྐོར་ལ་རིག་འབྱུང་དོན་གྲུབ་བཀྲ་ཤིས་དང་ཨ་རིག་འགྱུར་མེད་གཉིས་གཙོས་དྲ་གྲོགས་མང་པོས་བསམ་ཚུལ་བཤད་ཡོད་པ་དེ་ལྟར་གུས་ཀྱང་འདོད།

    གོང་དུ་མཆན་བུ་བཀོད་པ་ལས་རེ་འགས་རྩོམ་ལ་བལྟས་ནས་མཆན་བུ་བཀོད་པ་དང་། ཡང་ང་དང་ང་ལྟ་བུ་འགའ་རེས་མཆན་བུ་ལ་བལྟས་ཏེ་མཆན་བུ་བཀོད་ཡོད་པས་ན། འདིར་ཡིག་གེ་ཤེས་མིན་དང་དོན་གོ་ལོན་མིན་ཀྱི་སྐད་གདངས་སྦོམ་པོ་དེ་འདྲ་མི་གསུང་བའི་རེ་བ་ཞུ་འདོད་བྱུང་།
    རྒྱུ་མཚན་གཞན་མེད་དེ་གོང་གི་མཆན་བུ་ཚང་མར་བལྟས་ན་བོད་མི་རིགས་རིག་གཞུང་དང་རྒྱལ་ཞེན་ཅན་ཏག་ཏག་རེད་ཨང་སྙམ་པས་སོ།།
    ཡང་མཆན་བུ་བ་དག་གིས་ལུང་རིག་གི་རྩོམ་དོན་གོ་མེད་པ་དང་གཏིང་ཟབ་པའི་གོ་བ་རྒྱ་ཆེན་པོ་ཞིག་མཆིས་ན་དོན་འགྲེལ་ཡང་འགྲེལ་བྱས་ཏེ་ཀློག་མཁན་དག་གི་དགོས་འདུན་བསྐང་རྒྱུའང་བོད་མི་རིགས་རིག་གནས་དང་གང་ལྟར་རང་རིགས་ལ་ཞེན་པ་ཅན་ཞིག་ཡིན་ཚེ་ལས་དེ་འདྲ་ཡང་དོན་ལྡན་ཞིག་ལོས་ཡིན་སྙམ།

    Reply
  4. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    དུས་བབ་མཆན་འདེབས་པའི་ཁྲོད་ན་བོད་ཡིག་ཡག་པོ་ཀློག་ཤེས་མཁན་ག་ཚོད་ཡོད། ཀློག་ཤེས་ཀྱང་དོན་གོ་མཁན་ག་ཚོད་ཡོད་པ་རེད། དེ་རིང་མི་ནག་ཚང་གི་རྩོམ་ཡིག་འདིའི་དོན་གོ་མཁན་ཕལ་ཆེར་གཅིག་ཀྱང་ཡོད་ས་མ་རེད། གཏན་ནས་མི་གོ་བ་ཡིན་ན། འོག་གི་མཆན་ལ་ཐེངས་གཅིག་བལྟས་ནས། ཡང་བསྐྱར་རྩོམ་ཡིག་དེ་ལ་ཞིབ་འདངས་ཤིག་རྒྱོབས་དང་། དོན་དག་ཅིག་གོ་ཡོང་ངེས། གཞན་ང་བོད་ལ་འགྲོ་གི་ཡིན་དང་། ཕྱི་རྒྱལ་ལ་ཁྱོད་བུད་སོང་བ་དེ་སྡུག་ཆགས་རེད་ཟེར་བ་སོགས་ནི་ཕྲུ་གུ་ཞིག་གི་སྐད་ཆ་ལྟ་བུ་ལས་ཀྱང་གཙོག་པ་འདུག

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བོད་ལ་ལོག་འགྲོ བོད་ནང་གི་བོད་མི་ཚོས་རྒྱ་དམར་པོའི་མེ་མདའི་འོག་ན་རང་ས་གོར་མོ་དེ་ཤུགས་ཀྱིས་བཟུང་ཡོད་པས་ང་ཚོ་བོད་ལ་ལོག་འགྲོ
    བོད་ལ་ལོག་འགྲོ བོད་ནང་གི་བོད་མི་ཚོས་བོད་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པའི་སྲོག་ཀྱང་ཕངས་མེད་དུ་བཏང་དང་གཏོང་བཞིན་ཡོད་པས་ང་ཚོ་བོད་ལ་ལོག་འགྲོ
    བོད་ལ་ལོག་འགྲོ བོད་ནང་ན་རྒྱས་གདུབ་རྩུབ་དྲག་པོས་དུས་ཡུན་སྐད་ཅིག་ཙམ་ཡང་མི་གློད་མི་ས་སྟོད་སྨད་བར་གསུམ་འཚོ་བའི་རྒན་དར་བྱིས་གསུམ་དང་སྐྱ་སེར་ཕོ་མོ་མེད་པར་བསད་བཟུང་བཅུག་གསུམ་གྱིས་མནར་གཅོད་གཏོང་བཞིན་ཡོད་པས་ང་ཚོ་བོད་ལ་ལོག་འགྲོ

    བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མ། བོད་ལ་ལོག་འགྲོ གང་ནས་ཡོང་བའི་གནས་དེར་ལོག་འགྲོ རང་ས་རང་གིས་འཛིན་དུ་ལོག་འགྲོ རང་རིགས་རང་གིས་སྐྱོང་དུ་ལོག་འགྲོ ཤི་ན་རང་ས་ནས་ཤི་འོས་ལ་གསོན་ནའང་རང་ས་ནས་འཚོ་ཐུབ་ན་ཅི་འདྲའི་མི་སྐྱིད་ཨང་། རུས་བ་ཅན་ཚོ་བོད་ལ་ལོག་དགོས། དུས་ཚོད་ཀྱི་སྔ་ཕྱི་བར་གསུམ་ནས་བོད་ལ་ལོག་དགོས། བོད་མི་གཅིག་གི་ཤོང་སའང་རྒྱ་ལ་ཤོར་མི་རུང་། ཁྱོད་རང་གང་ནས་ཡོང་ས་དེ་ད་དུང་སྟོང་བར་ལུས་འདུག་པས་བོད་ལ་ལོག་དགོས། བོད་ལ་ལོག་དགོས། བོད་ལ་ལོག་དགོས། བོད་ལ་ལོག་དགོས།

    Reply
  6. རེབ་ཐོག་མདའ says:
    ལོ་ 14 སྔོན།

    ང་བོད་ལ་འགྲོ་མཁན་རྒྱུ་མཚན་ནི་ངའི་ནུབ་ཕྱོགས་གི་གྲུ་སྣེ་རེ་རེ་ན་བོང་བུའི་སྐྱེས་བ་ལེན་བཞིན་པའི་བོད་པ་ཚོ་སྙིང་རྗེ་བའི་ཡིན།
    ང་བོད་ལ་འགྲོ་མཁན་ཡིན་རྒྱུ་མཚན་ནི་ང་མེ་དམར་བོ་ཞིག་རྣམ་ཤེར་རུམ་ཀྱིན་ཀ་ཁ་སུམ་བླ་སྲོག་འཚཽལ་དུ་འགྲོ་བ་ཡིན།
    ང་བོད་ལ་འགྲོ་བ་ཡིན་རྒྱུ་མཚན་ནི་ངའི་ལོ་ན་རྒས་ཀྱིན་བླ་མ་ཞིག་ཕ་ཡུལ་ལ་གདན་འདྲེན་ཞུ་བཞིན་ཕུ་ནུ་མིང་སྲིང་དག་གི་མིག་ཆུ་འཐུང་འདོད་པའི་ཡིན
    ང་བོད་ལ་འགྲོ་མཁན་ཡིན་རྒྱུ་མཚན་ནི་ངའི་མི་གཞི་བོར་ཀྱིན་པའི་བོད་པའི་སྨྱུག་ཐོག་པ་མང་པོ་ཕྱི་ལོགས་སྒོར་མོའི་གཡོག་དུ་རྒྱུགས་བཞིན་པའི་ཡིན
    ང་བོད་ལ་འགྲོ་མཁན་ཡིན་རྒྱུ་མཚན་ནི་ང་ལ་གངས་ཅན་པའི་རུས་བ་ཡོད་ལ་ང་ལས་གངས་ཅན་པའི་ཁ་ལྕེ་ཡོད་པའི་ཡིན
    ང་བོད་ལ་འགྲོ་མཁན་ཡིན་རྒྱུ་མཚན་ནི་ངའི་ཨ་མའི་མིག་ཆུ་དང་ཨ་ཕའི་རྒས་གཉེར་དག་སྒོར་མོ་ལ་བརྗེས་མ་ཐུབ་པའི་ཡིན

    Reply
  7. ཤག་སྒང་པ། says:
    ལོ་ 14 སྔོན།

    རེད།་རེད།

    ངེད་ཅག་བོད་དུ་འགྲོ་མཁན་མིན། ཁྱེད་ཅག་གིས་ལམ་དཀྱུས་བསྟན་པ་བཞིན་ནུབ་གླིང་དུ་མགྱོགས་མྱུར་ཡོང་ངེས་ཡིན།

    དེ་ནས་དུས་ཚོད་གང་ཁོམ་ཚོད་དུ་རྩོམ་ཡིག་སྤེལ་ངེས་ཡིན།

    མྱི་ནག་གིས་ལེགས་པོ་བྲིས་པར་བསྟོད་དོ།།

    Reply
  8. རྐང་གསུམ། says:
    ལོ་ 14 སྔོན།

    དུས་ནས་དུས་སུ་བཀུར་འོས་པའི་བོད་ཀྱི་རྩོམ་པ་པོ་མྱི་ནག་ཚང་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། ཟླ་ངོ་གང་མང་ཞིག་གི་རིང་ལ་བོད་ཀྱི་དུ་བབ་དྲྭ་ཚིགས་ཀྱི་ནང་དུ་འདི་འདྲའི་རྩོམ་ཡིག་ཅིག་ཡོང་མ་སོང་། སྐུ་ཉིད་ལ་དུས་ཚོད་ཡོད་ན་རྩོམ་ཡིག་དེ་བཞིན་གང་མང་དྲྭ་ཐོག་ཏུ་འགོད་རོགས། ཁྱེད་ཀྱི་རྩོམ་གཤིས་ལ་ཧ་ཅང་དགའ་བའི་རྐང་གསུམ་ནས།

    Reply
  9. བློ་འཕེལ། says:
    ལོ་ 14 སྔོན།

    ཁ་ཞེ་གཉིས་མེད་ཀྱིས་བོད་དང་བོད་ནང་གི་བོད་མི་ལ་གདུང་སེམས་མཉམ་བསྐྱེད་ཡོད་ན་ཕ་ཡུལ་ཕྱོགས་འགྲོ་དགོས་པ་རེད།
    མགོ་བདེ་དྲན་འཕྲུལ་ཅན་ཚོས་གནད་འགག་གི་སྐབས་སུ་བདེ་ས་དང་སྐྱིད་ས་ཤིག་འཐེན་འགྲོ་གི་རེད།
    རང་ས་རང་ཡུལ་ཕན་པ་བྱུང་ན་བྱས་རྗེས་ཟེར།

    Reply
  10. མྱི་ནག་ཚང་། says:
    ལོ་ 14 སྔོན།

    མཆན་ཇི་ལྟར་བཏབ་ཀྱང་ཆོག་གི། ངའི་རེ་བ་གཙོ་བོ་ནི་ཡུལ་སྐོར་བ་དེ་དག་ལ་བརྡ་འཕྲོད་འདོད་པ་དེ་ཡིན། རྒྱ་གཞུང་གིས་བོད་ལ་ཡོང་ཆོག་པའི་གོ་བརྡ་སྤྲད་མཁན་རྒྱལ་ཁབ་འདི་དག་ནི་རྒྱ་དམར་ལ་དགའ་མཁན་དང་། དེ་མིན་རུང་། རྒྱ་ནག་གི་ཤུགས་རྐྱེན་འོག་ན་ཡོད་པ་གསལ་བོར་བསྟན་པ་རེད། རྒྱ་ནག་གི་ཁ་གཏད་སུ་ཡིན་ན་དེའི་མི་སེར་གཅིག་ཀྱང་བོད་ལ་ཡོང་ཆོག་གི་མེད་ཅེས་པ་དེ་རེད། གནོན་ཤུགས་སྤྲོད་ཀྱིན་པའི་ཁུལ་རེད། དེས་ན་གནོན་ཤུཌ་ཀྱི་ཁ་གཏད་དུ་གྱུར་བའི་རྒྱལ་ཁབ་དང་དེའི་མི་དམངས་ལ་ང་ཚོས་ཀྱང་གནས་སྟངས་ངོ་མ་གསལ་བཤད་བྱ་ལོས་ཆོག

    Reply
  11. ནད་པ says:
    ལོ་ 14 སྔོན།

    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ནམ་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཞེ་ན་མི་ནག་ཚང་ཡང་བོད་ལ་མ་ཕེབས་པར་ཁ་ན་ཌ་ལ་ཕེབས་སོང་བ་རེད།

    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཞེ་ན་ང་ཡང་ཨ་རིར་ཕེབས་མཁན་གྱི་གྲས་ཤིག་ཡིན།

    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཞེ་ན་ང་ཚོའི་བོད་མི་མིག་གིས་མཐོང་ཚད་ཚང་མ་བེལ་ཇམ་དང་། ཕོ་རང་སི། ཇར་མན་ནི་སོགས་ནུབ་ཕྱོགས་སུ་ཕེབས་མཁན་ཤ་སྟག་རེད།

    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཞེ་ན་བོད་ལ་ཕེབས་མཁན་ཚང་མ་རྒྱ་ནག་དམར་ཤོག་གི་ཏང་ཨུའི་འགོ་འཁྲིད་དང་ལས་བྱེད་ཚོ་རེད།

    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཞེ་ན་བོད་ལ་ཕེབས་མཁན་ཚང་མ་རྒྱ་ནག་ནང་སའི་རྒྱ་མི་ཤ་སྟག་བོད་ལ་ཕེབས་མཁན་རེད།

    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཞེ་ན་་་་་་་ད་དུང་དྲི་རྩད་དང་། ཚ་འདྲི། བཅར་བརྡུང་། མཐོང་ཆུང་། ཁྱད་གསོད། ཉེས་རྡུང་། མནར་གཅོད། བཙན་ཤེད། འཇིགས་སྐུལ། དམའ་འབེབས། བཙོན་འཇུག ཁྲིམས་གཅོད། སྡུག་སྦྱོང་སོགས་ཚད་ལས་འདས་པ་ཞིག་གཏོང་དང་གཏོང་མུས་ཡིན།

    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཞེ་ན་ད་དུང་ལྷ་སའི་སྐྱི་ཆུ་སྔོན་མོ་དེ་ཁྲག་གིས་བསྒྱུར་བའི་ལྷ་སའི་སྐྱི་ཆུ་དམར་པོ་ཅན་དུ་གྱུར་ཡོད།
    ཁྱེད་ཅག་བོད་ལ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཟེར་ན་ད་དུང་མདོ་སྟོད་སྨད་གཉིས་སུ་མི་སོན་པོ་མེ་ཕུང་གི་དབུས་སུ་བསྲེགས་ཏེ་ཚིག་དྲི། རྣག་དྲི། ཤ་དྲི། བོད་དྲི་ངན་པ་ཤ་སྟག་གང་སར་རླུང་བུས་འཁྱེར་བཞིན་འདུག

    ཁྱེད་ཅག་བོད་དུ་ཕེབས་མཁན་ཡིན་ཟེར་ན། མིན་ཟེར་རྒྱུ་ཡིན། གང་ཡིན་ཟེར་ན་བོད་ལྗོངས་སྐྱིད་པའི་ལྷ་ཡུལ་སུམ་རྩོན་ཕོ་བྲང་མི་ཡུལ་དུ་ཕོས་པ་འདྲ་བའི་ཕོ་བྲང་པོ་ཏྰ་ལ་ཡང་མི་གསོད་ལག་དམར་བ། ཁྲག་དམར་བ། དར་དམར་བ། དམར་ཤོག་བ། ཏང་དམར་བ། འདྲེ་དམར་བ། རྒྱ་དམར་བ་སྤྱང་ཀིའི་ཁྱུ་ཚོགས་ཅན་གྱིས་མཐའ་ནས་ཡོངས་སུ་བསྐོར་ནས་ཁྱི་སྐད་དང་། སྤྱང་སྐད། འདྲེ་སྐད། གདོན་སྐད། སྡུག་སྐད་སོགས་ཀྱི་སྐད་སྒྲས་ཁེངས་པའི་ཡུལ་ལུང་ཞིག་ཏུ་གྱུར་ནས་འདུག

    འདི་ལྟ་བུའི་འཇིགས་རུང་སྲིན་བུའི་བོད་གླིང་དུ་ཕེབས་མཁན་སུ་ཞིག་ཨེ་ཡོད་དམ། གལ་ཏེ་ཡོད་ན་དེ་ནི་ཆེས་ཇི་འདྲའི་གླེན་པ་ཞིག་མ་ཡིན་ནམ། ད་དུང་་་་་་

    Reply
  12. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྣམ་པ་གཉིས་ཀྱིས་གདེངའཇོག་གནང་བར་ཐུགས་རྗེ་ཆེ།

    རྒྱ་ནག་གཞུང་ཁོ་ནས་འཛམ་བུའི་གླིང་ལ་དོན་དག་གང་ཅིའི་ཐད་ནས་སྔོན་འགྲོའི་ཆ་རྐྱེན་འདོན་གི་ཡོད་པ་རེད། བོད་ནང་ཡུལ་སྐོར་ལ་ཡོང་མཁན་ཚོར་ཡང་ཐ་ན་རྒྱལ་ཁབ་རིམ་པ་དང་། ཚོགས་པ་དང་མི་སྒེར་ཚུན་ཆད་སྔོན་འགྲོའི་ཆ་རྐྱེན་ཞིག་གི་འོག་ནས་མ་གཏོགས་ཡོང་ཆོག་གི་ཡོད་པ་མ་རེད། རྒྱ་ནག་གི་བྱེད་སྟངས་དེ་ཕར་ཡང་བྱ་ཐུབ་ན་ཅི་མ་རུང་སྙམ་པ་ཡིན།

    Reply
  13. སྐྲན། says:
    ལོ་ 14 སྔོན།

    མྱི་ནག་ཚང་ཡིན་ན། མགོ་ནག་ཚང་གི་ཡིན་ན་གང་ལྟར་བོད་དོན་ཐད་འབྲེལ་གྱི་རྩོམ་ཡིག་རྟབ་རྟབ་པོ་ཞིག་བྲིས་འདུག ཕལ་ཆེར་དགའ་ཁས་ཁྱེར་ནས་སྐད་འདི་བཞག་པའོ།།

    Reply
  14. རྒྱང་མིག says:
    ལོ་ 14 སྔོན།

    རྒན་མྱི་མག་ཚང་གི་རྩོམ་ཀློག་རྗེས། ནམ་རྒྱུན་དུས་བབ་ཚང་གི་རྩོམ་ཐར་ཐོར་དེ་ཚོ་རྩོམ་ངོ་མ་ཞིག་ཡིན་མིན་ལ་དོགས་པ་སྐྱེ་བཅུག་གི་འདུག དངོས་གནས་རྩོམ་སྟངས་དེ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་ཀི། རྒྱུན་དུ་ཕེབས་རོགས་ཞུ། ང་ཚོ་ཀློག་པ་པོ་ཚོའི་ཆེད་དུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese