མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུ་དོག་པོའི་བསམ་བློ་ནི་བོད་ཡིག་འཆི་ལམ་དུ་གཏོང་བྱེད་ཅིག་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

འབྲོང་ངུར་ཆོས་རྗེ།

མི་རིགས་ཤིག་ལ་མཚོན་ན་རང་ཉིད་ཀྱི་སྐད་དང་ཡི་གེ་གཉིས་པོ་ནི་མི་རིགས་དེ་ཡི་ངོ་བོ་མཚོན་བྱེད་དམ་མི་རིགས་དེ་སྲ་བརྟན་རྒྱུན་གནས་ཡོང་བའི་སྲོག་རྩ་ལྟ་བུ་ཆགས་ཡོད་པ་ནི་དུས་རབས་འདིར་མི་ཕལ་མོ་ཆེས་ཤེས་གསལ་ཡིན་ལ། རང་སོའི་སྐད་ཡིག་དར་སྤེལ་དང་སྲུང་སྐྱོབ་ཀྱི་ཆེད་བྱ་གཞག་སྣ་ཚོགས་སྤེལ་བཞིན་ཡོད་པའང་མཐོང་ཆོས་སུ་གྱུར་ཡོད། འཛམ་བུའི་གླིང་འདིའི་ནང་གི་མི་རིགས་དང་སྐད་རིགས་སྟོང་ཕྲག་མང་པོའི་ཁྲོད་ནས་སྐད་ཡིག་གཞན་ལས་ཁྱད་དུ་འཕགས་པ་ནི། ཡོངས་གྲགས་སུ་དབྱིན་ཇིའི་སྐད་དང་ཡི་གེ་གཉིས་པོ་ཆགས་ཡོད་པ་མ་ཟད། དེ་གཉིས་པོར་འཛམ་གླིང་སྤྱིའི་སྐད་ཡིག་ཀྱང་བརྗོད་ཆོག་པའི་གནས་སུ་སླེབས་ཡོད། མི་རིགས་སུ་འདྲ་ཞིག་ཡིན་ནའང་རང་གི་སྐད་དང་ཡི་གེ་གཉིས་པོའི་དར་ཁྱབ་མི་འདོད་མཁན་ཞིག་མེད་པ་དང་། དེའི་ཆེད་འབད་རྩོལ་ཡོད་རྒུ་རྩལ་སྤྲུགས་གཉེར་གྱིན་ཡོད་ནའང༌། དབྱིན་ཇིའི་སྐད་ཡིག་གཉིས་པོ་དམིགས་བསལ་གྱིས་འབུར་དུ་འཐོན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་ང་ཚོས་བསམ་གཞིག་རེ་བྱས་ན། དེ་ནི་གློ་བུར་ཐོག་རྒྱག་ཏུ་བྱུང་བའམ་དང་པོ་ནས་འཛམ་གླིང་སྤྱིའི་སྐད་ཡིག་གི་ངོ་བོར་གྲུབ་པ་མིན་པར་རང་གི་སྐད་ཡིག་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་སྤེལ་གྱི་ཐབས་ལམ་བསྟེན་ཕྱོགས་ལ་མགོ་སེར་ཚོ་གཞན་དག་ལས་རྣམ་དཔྱོད་ཆེ་བ་ཡོད་པས་རེད། དངོས་པོ་ཀུན་གྱི་གཤིས་ལུགས་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཞིག་ལ་བརྟེན་ནས་དེ་ལྟར་འབྱུང་བ་ཡིན་གྱི་རྒྱུ་མེད་ལས་སྐྱེ་བོ་ཀུན་གྱིས་ཚད་མཐོན་པོའི་གདེང་འཇོག་དེ་ཐོབ་པ་ཞིག་ག་ལ་ཡིན། དེས་ན་ང་ཚོའི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་འདོད་མཁན་ཞིག་ཡིན་ན། ངེས་པར་དུ་སྐད་ཡིག་གཞན་གྱི་དར་རྒྱས་ཀྱི་ཕྱོགས་ལ་བསམ་གཞིག་བྱ་དགོས་སྙམ།

ང་ཚོའི་སྐད་ཡིག་གཉིས་ཀྱང་ངོ་བོའི་ཆ་ནས་བཤད་ན། འཇིག་རྟེན་ཁམས་འདིར་དེས་བརྗོད་བྱ་མི་ཐུབ་པ་ཞིག་གཏན་ནས་གཞི་མ་གྲུབ་ལ་འགྲུབ་པར་མི་འགྱུར་ཞིང༌། ཁྱད་པར་དུ་དབྱངས་གསལ་སོ་བཞིའི་རང་བཞིན་ཅན་གྱི་གདོང་དམར་བའི་ཡི་གེ་འདི་ཤིན་ཏུ་ནས་སྟོབས་ལྡན་ཞིག་ཡིན་ནའང༌། འདི་ཉིད་འཛིན་སྐྱོང་དང་འཕེལ་རྒྱས་སུ་གཏོང་མིའི་བསམ་སྤྱོད་ཀྱི་ཆ་ནས་བཤད་ན། ངེས་པར་རྗེས་ལུས་ཤུགས་ཆེན་ཐེབས་ཡོད་པ་ནི་བསྙོན་མེད་དུ་གྲུབ། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཆེད། ལས་འགུལ་སྤེལ་བ་དང་། རེ་སྐུལ་ཞུ་བ། ཁྱབ་བསྒྲགས་བྱེད་པ་སོགས་ཇེ་མང་ནས་ཇེ་མང་ཆགས་ཡོད། དེ་དག་གིས་བརྗོད་བྱའི་གཙོ་བོ་ནི། བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པ་དང་རྩ་ཆེན་ཡིན་པ་སོགས་གཙོ་ཆེར་འཛིན་མོད། དེ་ཙམ་གྱིས་གྲུབ་འབྲས་ངེས་ཅན་ཞིག་འཐོན་དཀའ་བར་སེམས། གང་ཡིན་ཞེ་ན། གལ་གནད་ཀྱི་དོན་པོ་གདོང་དམར་བོད་པའི་སྐད་ཡིག་གཉིས་པོ་མི་ཉམས་རྒྱུན་འཛིན་བྱེད་པར་འགལ་རྐྱེན་གཙོ་བོ་གང་ཡིན་པ་དེ་ངོས་འཛིན་གསལ་པོ་ཞིག་ཡོད་དགོས་ཀྱང༌། ད་བར་འགལ་རྐྱེན་གྱི་གཏེ་པོ་དེ་ངོས་འཛིན་མ་ཐུབ་པའམ་ཐུབ་ཀྱང་མི་སྨྲ་བའི་བརྟུལ་ཞུགས་སུ་ལུས་ཡོད། ཇི་སྲིད་འགལ་རྐྱེན་གྱི་གཙོ་བོ་དེ་ངོས་འཛིན་དང་འབྲེལ་དེ་ཉིད་བསལ་མ་ཐུབ་པ་དེ་སྲིད་དུ་ཡར་རྒྱས་ཡང་དག་པ་ཞིག་མི་ཡོང་བ་ནི་དངོས་པོའི་གཤིས་ལུགས་ཤིག་ཡིན་པ་སྨོས་ཅི་དགོས། དེར་བརྟེན། འདས་པའི་གནས་ཚུལ་དང་ཉམས་མྱོང་ལ་དཔགས་ནས་ད་མ་འོངས་གཉིས་ལ་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པ་ཟུང་འབྲེལ་གྱི་སྒོ་ནས་བསྐྱོད་དགོས་པ་ཡིན། མདོར་ན་གལ་ཆེན་ཡིན། རྩ་ཆེན་ཡིན། ཞེས་ཡང་ཟློས་བསྐྱར་ཟློས་མི་བྱེད་པར་སྐད་ཡིག་འཕེལ་རྒྱས་ལ་གནོད་པའི་འགལ་རྐྱེན་ངོས་གཟུང་རྒྱུ་དང་དེ་ཉིད་སེལ་བའི་ཐབས་ལམ་བསྟེན་རྒྱུ་ནི་དུས་སྐབས་འདིར་གནད་འགག་ཅིག་ཆགས་ཡོད། དེ་དག་ནི་ངས་སྐད་ཡིག་གཉིས་པོའི་འཕེལ་རྒྱས་ཐད་གླེང་སློང་ཙམ་ཡིན།

ད་ནི་གང་ཞིག་གླེང་བྱའི་གཙོ་བོ་བོད་ཀྱི་ཡི་གེ་འདི་ཉིད། ཉམས་པ་སོར་ཆུད། སོར་ཆུད་རྒྱུན་སྐྱོང༌། རྒྱུན་སྐྱོང་དར་སྤེལ་བཅས་ཀྱི་ཆེད་འགག་རྩ་ལྡན་པའི་ཚིག་དུམ་འགའ་ཞིག་སྤེལ་བར་འདོད། སྐབས་འདིར་ཡང་ངས་བོད་ཡིག་འདིས་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བརྗོད་བྱར་བྱས་པས་ཤིན་ཏུ་རྩ་ཆེན་ཡིན་པ་དང་བོད་མི་རིགས་ཀྱི་ཚབ་མཚོན་ཡིན་པས་ཤིན་ཏུ་གལ་ཆེན་ཡིན་པ་མ་ཟད། འཇིག་རྟེན་ཁམས་འདིའི་དངོས་པོ་ཡོད་ཚད་དབྱངས་གསལ་སོ་བཞི་པོ་གཅིག་པུ་འདིས་བརྗོད་ནུས་པས་ཤིན་ཏུ་སྟོབས་ལྡན་ཡིན་ཞེས་པ་སོགས་ལས་འཕྲོས་ནས་བསྐྱར་ཟློས་ཡང་ཟློས་ཀྱིས་ཁ་གཡང་བསྒྲག་རྒྱུ་མིན་པར། གལ་ཆེན་རྩ་ཆེན་སྟོབས་ཆེན་རང་བཞིན་ལྡན་པའི་བོད་ཡིག་འདི་ཉིད་ཀྱི་མདུན་སྐྱོད་ཀྱི་བཀག་རྡོ་ཆེ་ཤོས་ཤིག་ངོ་སྤྲོད་དང་སྦྲགས་ནས་བཀག་རྡོ་དེ་ངེས་པར་རྩ་གཏོར་གཏོང་དགོས་པའི་སྐོར་ལས་འཕྲོས་ནས་གཙོ་བོར་གླེང་འདོད་པ་ཡིན།

དེ་ཡང་རྒྱལ་ཁབ་ཅིག་ལ་མཚོན་ན་རྒྱལ་ཁབ་དེའི་ཡི་གེ་ནི། རྒྱལ་ཁབ་ཕན་ཚུན་བར་འཕྲལ་ཕུགས་ཀྱི་དོན་ཆེན་སྒྲུབ་པར་མེད་དུ་མི་རུང་བའི་ལག་ཆ་ཞིག་གམ། རྒྱལ་ཁབ་དེའི་མི་སེར་རྣམས་ཆོས་དང་འཇིག་རྟེན་གང་ཐད་ནས་རྨོངས་གཉིད་ལས་དཀྲོག་བྱེད་ཀྱི་ལག་ཆ་ཆེ་གྲས་ཤིག་ཡིན། མདོར་ན་ཡི་གེ་ནི། ཆོས་དང་འཇིག་རྟེན་གྱི་བྱ་གཞག་ཐམས་ཅད་རི་མོའི་ལམ་ནས་མཚོན་བྱེད་ཅིག་ཡིན་པས། ནམ་ཡང་ཆོས་དང་འཇིག་རྟེན་གཉིས་ཀས་ཐུན་མོང་དུ་ལོངས་སུ་སྤྱད་བྱ་ཞིག་ཡིན་ཞིང་དེ་གཉིས་ཀྱི་ཕྱོགས་སུ་མ་ལྷུང་པར་གནས་དགོས་པ་ལྟ་ཅི་སྨོས། གལ་སྲིད་རྒྱལ་ཁབ་དེའི་ཡི་གེ་གང་ཞིག་ཆོས་ཕྱོགས་ཀྱི་བསམ་བློའི་སྟངས་འཛིན་ཚད་ལས་བརྒལ་བ་ཐེབས་སོང་ན་ཡི་གེ་དེས་གོང་བརྗོད་ཀྱི་བྱེད་ལས་རྣམས་ཇི་བཞིན་སྒྲུབ་པར་བྱེད་པ་ལ་འགལ་རྐྱེན་དུ་གྱུར་ཅིང་། གནོད་པས་བྱེ་བྲག་མི་སེར་དཀྱུས་མའི་འཚོ་བ་ནས་མགོ་རྒྱལ་ཁབ་སྤྱིའི་དོན་ཆེན་ལ་ཤིན་ཏུ་གནོད། མདོར་ན་ཡི་གེའི་ཚེ་སྲོག་ལ་གནོད་པ་ཡིན། ཡི་གེའི་ཚེ་སྲོག་ལ་གནོད་པ་ནི། རྒྱལ་ཁབ་དེའི་མི་རིགས་ཀྱི་ཚེ་སྲོག་ལ་གནོད་པ་ལྟ་སྨོས་ཀྱང་ཅི་དགོས།

དེས་ན་ང་ཚོས་ནམ་ཡང་ཡི་གེའི་སྟེང་འཛིན་དགོས་པའི་འདུ་ཤེས་གསུམ་ཡོད་པ་ནི། ངོ་བོ་ལ་བསམས་ན། སྨྱུག་རྩེ་ལས་རི་མོའི་གཟུགས་སུ་འཕོས་པའི་བེམ་གཟུགས་ཤིག་དང༌། བྱེད་ལས་ལ་བསམས་ན། གང་བརྗོད་པར་འདོད་པའི་དོན་གསལ་བྱེད་ཅིག ཁྱད་པར་ལ་བསམས་ན། མི་རིགས་དེའི་ཐུན་མིན་གྱི་ངོ་བོ་མཚོན་བྱེད་ཅིག་དང་མི་རིགས་དེ་གནས་མིན་གྱི་འགག་རྩ་ཞིག་ཡིན་པ་བཅས་ཡིན། ང་ཚོར་ཡི་གེའི་སྟེང་འཛིན་པའི་བསམ་བློ་དེ་ཙམ་ཡོད་ན་དེ་གས་མ་འཐུས་པ་མེད་ལ། དེ་ལས་ལྷག་འགྲེལ་བཤད་དང་བརྩི་མཐོང་གང་ཡང་དགོས་པ་མེད། ཡི་གེ་རྩ་ཆེན་པོ་ཡིན་པ་ཡང་བྱེད་ལས་དང་ཁྱད་པར་གཉིས་པོ་དེའི་སྟེང་ནས་འཇོག་དགོས་པ་ཁོ་ན་ཡིན་པར་ངོས་འཛིན་གསལ་པོ་ཞིག་ཚང་མས་ཡིད་འཇགས་ཐུབ་དགོས་སྙམ། དེ་མིན་ང་ཚོས་ཆོས་ཕྱོགས་དང་འབྲེལ་ནས་རྟོག་བློས་འགྲེལ་བཤད་སྣ་ཚོགས་པ་ཞིག་རང་བཟོ་བྱས་ནས་གུ་དོག་པོའི་བསམ་བློ་དང་ལག་ལེན་རྒྱ་འབྱམས་སུ་ཕྱིན་ཏེ། ཡི་གེ་ལ་བསམ་བློའི་གུ་ཡངས་དང་ལག་ལེན་གྱི་གུ་ཡངས་མི་སྟེར་བ་ནི་ང་ཚོ་གདོང་དམར་བའི་བོད་ཡིག་འདི་ཉིད་ཀྱི་འཕེལ་རྒྱས་ལ་གནོད་པའི་འགལ་རྐྱེན་ཆེ་ཤོས་ཤིག་ཡིན་པར་ཁོ་བོས་ངོས་འཛིན་བྱེད་ལ། ཐམས་ཅད་ཀྱིས་དེ་ལྟར་ངོས་འཛིན་གསལ་པོར་ཐུབ་སོང་ན་ད་གཟོད་བོད་ཡིག་འཕེལ་རྒྱས་ཀྱི་སྒོ་མོ་ཧ་ཅང་ཡངས་པོར་འགྱུར་བ་ཡིན།

ཁ་གསལ་དུ་བཏང་ནས་བརྗོད་ན་ང་ཚོའི་ཡི་གེ་འདིར་བོད་མི་རྣམས་ཀྱིས་ཐུབ་གསུང་གི་དགོངས་པ་ཇི་བཞིན་མ་ལོན་པར་ཆོས་ཕྱོགས་ཀྱི་བསམ་བློའི་སྟངས་འཛིན་ཚད་ལས་བརྒལ་བ་ཐེབས་སོང་བ་འདི་ནི། ང་ཚོའི་བོད་ཡིག་གི་འགལ་རྐྱེན་གཙོ་བོ་ཞིག་ཏུ་འཁུམས། ང་ཚོའི་བོད་ཡིག་འདི་དབྱིན་ཡིག་སོགས་ཀྱི་རྗེས་ཟིན་ནས་ཡོངས་ཁྱབ་ཏུ་དར་རྒྱས་འབྱུང་དགོས་པའམ་རྒྱུན་གནས་ཐུབ་དགོས་ན། ང་ཚོའི་བོད་ཡིག་འདིར་ཡང་ངེས་པར་དུ་དབྱིན་ཡིག་གི་གུ་ཡངས་རང་བཞིན་དང༌། བེད་སྤྱོད་རང་བཞིན། ཁྱབ་ཚད་རང་བཞིན་བཅས་རྣམ་པ་གསུམ་པོ་ལྡན་དགོས། དེ་མིན་ང་ཚོས་སྐད་ཡིག་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཞེས་གནམ་ས་གང་བའི་སྐད་འབོད་བྱས་ཀྱང་ཕན་པ་མི་སྲིད་སྙམ། ང་ཚོས་སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་འདོད་ན་ཡར་འཛིན་བསྡད་རྒྱུ་མ་ཡིན་པར་ངེས་པར་དུ་དེ་གཉིས་གུ་ཡངས་ངང་མར་གློད་གང་ཐུབ་བྱ་དགོས། རྒྱལ་ཁབ་བམ་མི་རིགས་ཤིག་ལ་མཚོན་ན། དེའི་ཡི་གེར་བཀོལ་སྤྱོད་ཀྱི་གུ་ཡངས་དང་རང་དབང་ཇི་ཙམ་ཡོད་པའམ་ཇི་ཙམ་ཁོ་རང་རང་དབང་གིས་གློད་ཐུབ་ན་དེ་ཙམ་གྱིས་འཕེལ་རྒྱས་སུ་འགྲོ་བ་དང་ཤུགས་ལ་མི་ཉམས་རྒྱུན་འཛིན་རང་བཞིན་གྱིས་འབྱུང་བ་ཡིན། ཡི་གེ་མི་ཉམས་རྒྱུན་འཛིན་ཞེས་པ་ང་ཚོའི་མེས་པོ་གླེན་ལྐུགས་འགའ་ཞིག་གི་བྱ་སྤྱོད་ལྟར་སྒམ་ནང་དུ་བཟུང་ནས་སྡོད་པ་དང་མཆོད་གཤོམ་དུ་བསྒྲིགས་ནས་བཞག་པ་དེ་འདྲ་གཏན་ནས་མིན་པ་འདྲ། ང་ཚོའི་ཟེར་སྒྲོས་ཀྱི་སྐྱབས་འགྲོའི་བསླབ་བྱ་དང་འབྲེལ་བའི་ཡི་གེ་བཀོལ་སྤྱོད་ལ་གུ་ཡངས་མི་སྤྲོད་པ་ནི་བསམ་བློའི་ངོས་ནས་རང་གི་ཡི་གེར་མཐོང་ཆེན་བྱེད་ཀྱིན་ཡོད་སྲིད་ཀྱང་དོན་དངོས་ཐོག་རང་གི་ཕུན་སུམ་ཚོགས་པའི་ཡི་གེ་འདིའི་རིང་གནས་ཀྱི་ཚེ་སྲོག་གཏུབས་དང་གཏུབ་བཞིན་ཡོད་པ་ནི་དངོས་བྱུང་ལོ་རྒྱུས་ཀྱིས་བདེན་དཔང་བྱས་དང་བྱེད་བཞིན་པ་ཡིན།

ཡི་གེ་ཞིག་ལ་མཚོན་ན་ཇི་ཙམ་གང་སར་མིག་མདུན་དུ་མཐོང་རྒྱུ་མང་བ་ཡོད་པ་དེ་ཙམ་གྱིས་ཡི་གེ་དེས་མི་ཚོར་རང་བཞིན་གྱིས་བག་ཆགས་ཤིག་འཇོག་འགྲོ་བའང་ཆོས་ཉིད་ཅིག་རེད།་དཔེར་ན། དབྱིན་ཇིའི་ཡི་གེ་ལ་མཚོན་ན། ཡུལ་དུས་གནས་སྐབས་གང་དུའང་མཐོང་རྒྱུ་ཡོད། མཐོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་དཔེ་མཛོད་ཆེན་མོ་ནས། དམའ་གད་སྙིགས་དང༌། སྲང་ལམ་ཛོར་པོའི་ཐོག་ཏུའང་མངོན་གསལ་ངང་ང་ཚོས་མཐོང་ཐུབ། ངང་ཚུལ་འདིས་མི་རྣམས་ལ་དབྱིན་ཡིག་ཅེས་ཟེར་དུས་བག་ཆགས་གཏིང་ཟབ་ཅིག་སྐྲུན་གྱིན་ཡོད། མ་ཟད་དུས་རབས་འདིར་ཅ་དངོས་ཤིག་ལ་མཚོན་ན་དབྱིན་ཡིག་གིས་མ་ཁྱབ་པ་ཕལ་ཆེར་མེད་ཟེར་ན་ཆོག་ལ། ཐ་ན་གསང་སྤྱོད་ཤོག་བུ་ལའང་དབྱིན་ཡིག་བྲིས་ཡོད་ལ་མི་རྣམས་ཀྱིས་ཀྱང་སྣང་བ་རྣམ་རྟོག་ཅི་ཡང་མེད་པའི་སྒོ་ནས་ཕྱི་ཤོག་ཏུ་བེད་སྤྱོད་བྱེད། མི་ཞིག་གིས་དབྱིན་ཇིའི་ཡི་གེས་འཕོངས་ཕྱིས་སོང༌། ཁ་ལུད་སྣབས་ལུད་ཕྱིས་སོང་ཟེར་ནས་འཕྱ་སྨོད་དང་འཁང་ར་བྱེད་མཁན་ཞིག་གཏན་ནས་མེད། འདི་ནི་དབྱིན་ཇིའི་མེས་པོ་ཚོས་རང་གི་སྐད་ཡིག་དར་ཁྱབ་འགྲོ་བའི་ཆེད་གུ་ཡངས་ཀྱི་བསམ་བློ་ལ་བརྟེན་ནས་བྱུང་བ་ཞིག་རེད། མི་ཚང་མ་གུ་ཡངས་དང་སྟབས་བདེ་ལ་ཤིན་ཏུ་དགའ་བའི་དུས་རབས་འདིར་གུ་ཡངས་རང་བཞིན་ལྡན་པའི་དབྱིན་ཇིའི་ཡི་གེ་ཤིན་ཏུ་དར་རྒྱས་འགྲོ་ཡིན་ཡོད། དོན་དངོས་ཐོག་བསམས་ན། དབྱིན་ཡིག་གིས་འཕོངས་ཕྱིས་པས་དབྱིན་ཡིག་ལ་གནོད་པ་མེད་པ་མ་ཟད། དེ་ཉིད་འཕེལ་རྒྱས་ལ་སྨན་པའི་མཐུན་རྐྱེན་གྱི་ཆ་ཤས་ཤིག་ཆགས་པ་ཡིན།

མདོ་དོན་ཡང་སྙིང་དཔེ་མཚོན་དེ་དག་གིས་གང་ཞིག་སྒྲུབ་འདོད་པ་ནི། ང་ཚོའི་བོད་ཀྱི་ཡི་གེ་འདིར་ཡང་དབྱིན་ཡིག་ལྟར་གུ་ཡངས་རང་བཞིན་ལྡན་དགོས་ཟེར་བ་ཡིན། གུ་ཡངས་རང་བཞིན་ལྡན་ཞེས་པའང་གཉིས་ཏེ། བསམ་བློ་གུ་ཡངས་དང༌། བཀོལ་སྤྱོད་གུ་ཡངས་བཅས་རྣམ་པ་གཉིས་སོ། །དེ་གཉིས་པོ་རྒྱུ་འབྲས་སུ་གནས་པ་ཡིན་གཤིས་དབྱིན་ཡིག་ལྟར་བཀོལ་སྤྱོད་གུ་ཡངས་ཡོང་བ་ལ་དང་ཐོག་ང་ཚོ་བོད་མིས་བོད་ཡིག་ཐོག་བཟུང་བའི་བསམ་བློ་དེ་གུ་ཡངས་བཟོ་དགོས་པ་གལ་གནད་དུ་མཐོང༌། ང་ཚོས་བོད་ཡིག་ཟེར་བ་དེ་བོད་མི་རིགས་ཀྱི་ངོ་བོ་ཡུན་དུ་གནས་མིན་གྱི་ཚེ་སྲོག་ཅིག་ཡིན་པར་ངོས་འཛིན་གྱི་བསམ་བློ་ངེས་ཤེས་འདྲོངས་པ་ཞིག་ཡོད་ན་བོད་ཡིག་ཐོག་བཟུང་བའི་བསམ་བློ་དེ་གས་ཆོག དེ་མིན་ཡི་གེའི་ཐོག་བཟུང་བའི་སྲོལ་རྒྱུན་ངན་པའི་བསམ་བློའི་འཆིང་རྒྱ་ལས་གྲོལ་མ་ཐུབ་པ་དེ་སྲིད་དུ་བོད་མི་རིགས་ཀྱི་ཡི་གེ་འདིའི་ཚེ་སྲོག་རྒྱས་མི་ཐུབ། ད་བར་ཕུན་སུམ་ཚོགས་པའི་བོད་ཡིག་འདིའི་ཚེ་སྲོག་ཤིན་ཏུ་ཉམ་ཆུང་དུ་གནས་པའང་བསམ་བློ་འདིས་བཟོས་པའི་བྱས་རྗེས་ནག་པོ་ཞིག་ཡིན་ལ་བོད་ཡིག་འཕེལ་རྒྱས་ཀྱི་བཀག་རྡོ་ཆེ་ཤོས་ཤིག་ཆགས་ཡོད།

ཁ་གསལ་དུ་བཏང་ནས་བརྗོད་ན། ང་ཚོའི་བསམ་བློའི་ནང་ཡི་གེ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པ་དང༌། ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་ཕྱིན་ཆད་ཡི་གེ་ན་གཅིག་ཚུན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་ནས་གོང་དུ་བཀུར་དགོས་པར་སེམས་བཞིན་ཡོད། གོང་དུ་བཀུར་ཞེས་པའི་དོན་ནི། བོད་ཡིག་ན་གཅིག་པུ་ཞིག་ཡིན་ཡང་རྐང་པས་འགོམ་པའམ་རྫི་མི་རུང་བ་དང༌། བཙོག་སར་འཇོག་པའམ་གཡུག་མི་རུང་བར་ནམ་ཡང་མཐོ་སར་འཇོག་ཅིང་གཙང་སར་འཇོག་དགོས་པ་སོགས་ཀྱི་དག་སྣང་ཆེ་བའི་བསམ་སྤྱོད་ཅིག་གམ་གུ་དོག་པོའི་བྱ་སྤྱོད་ཅིག་རེད། ང་ཚོའི་བོད་ཡིག་ནི་མིག་གིས་ལོངས་སྤྱོད་ཁོ་ན་མ་གཏོགས་ཡན་ལག་གཞན་གྱིས་ལོངས་སུ་སྤྱོད་མི་ཆོག་པའི་བཀའ་ཁྲིམས་ཤིག་བོད་ཡིག་གསར་གཏོད་གནང་བ་པོ་སློབ་དཔོན་ཐོན་མིས་གནང་མེད་ལ་ཆོས་རྒྱལ་བཀའ་དྲིན་ཅན་རིམ་བྱོན་གྱིས་ཀྱང་གཏན་ནས་མཛད་མེད་ནའང་གུ་དོག་པོའི་གནས་ཚུལ་དེ་ལྷག་པ་ནི། ཡབ་མེས་གོང་མ་རེ་ཟུང་གི་དག་སྣང་ཆེ་བའི་སྐད་ཆ་སྒྲ་ཇི་བཞིན་དུ་བཟུང་བ་དང༌། ཡང་འགའ་ཞིག་གིས་ལུང་དོན་མ་གོ་ནའང་རང་ཉིད་མཁས་མདོག་གིས་འགྲེལ་བཤད་ཅིག་བརྩམས་པར་བོད་མི་ཚོས་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་བཟུང་བ་ལས་བྱུང་བ་གོར་མ་ཆག ཤིན་ཏུ་གུ་དོག་པོའི་བསམ་བློ་དེ་དག་ནི་བོད་ཡིག་འཕེལ་རྒྱས་ལ་གནོད་པའི་བསམ་བློའི་དུག་ཅིག་རེད་ཟེར་ན་མི་ཆོག་པ་མེད།

དེ་ཡང་སྟོན་པ་བཀའ་དྲིན་ཅན་གྱིས། ལྔ་བརྒྱ་མཐའ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་དེས་ང་ཉིད་ཡི་གེའི་གཟུགས་སུ་གནས་ཞེས་སྤྱི་བམ་པ་ཞིག་ལས་ང་ཉིད་བོད་ཡིག་གཟུགས་སུ་གནས་ཞེས་གསུངས་མེད། ང་ཚོས་ལུང་དེ་རྒྱུ་མཚན་དུ་བྱས་ནས་དགོས་མེད་དུ་བོད་ཡིག་ཉིད་ཀྱི་མདུན་ལམ་འགོག་དགོས་དོན་ཅི། ཁ་ཐུག་བཤད་ན། ལུང་དེའི་དོན་དང་སྐྱབས་འགྲོའི་བསླབ་བྱ་ལས་ཡི་གེར་གོང་བཀུར་བྱ་དགོས་པར་གསུངས་པ་རྣམས་ཡི་གེ་སྤྱི་འབྱམས་ལ་གོ་རྒྱུ་མིན་པར། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ཆོས་དཀོན་མཆོག་བརྗོད་བྱར་བྱས་པའི་ཡི་གེ་རྣམས་ལ་གོ་དགོས། དེ་ལྟའི་རང་བཞིན་ལྡན་ཕྱིན། བོད་ཡིག་གཅིག་པུ་མ་ཡིན་པར་དབྱིན་ཧིན་རྒྱ་བལ་སོགས་ཀྱི་ཡི་གེའི་རིགས་ཐམས་ཅད་ལ་ཆ་སྙོམས་ཐོག་ཆོས་དཀོན་མཆོག་གི་འདུ་ཤེས་ཀྱིས་བསམ་སྤྱོད་གཉིས་ཐད་ནས་ཕྱག་མཆོད་གོང་བཀུར་སོགས་སྐྱབས་འགྲོའི་བསླབ་བྱ་ལྟར་བྱ་དགོས་ངེས་རེད། བོད་ཡིག་གཅིག་པུར་འགྲེལ་བཤད་བྱེད་པ་སོགས་ནི་རང་ཉིད་གོ་རྒྱ་ཆུང་བའི་རང་མཚང་བསྟན་པ་ཙམ་དུ་ཟད། གཞན་ཡང༌། ཚིགས་སུ་བཅད་པ་དེས་སྟོན་པ་བཀའ་དྲིན་ཅན་རང་ཉིད་ཀྱིས་ཤེས་རིག་གི་རྨང་གཞི་ཡི་གེའི་སྦྱོར་བ་ལ་གདེང་འཇོག་ཧ་ཅང་ཚད་མཐོན་པོ་གནང་བ་མཚོན་ཕྱིར་དང་། རྗེས་འཇུག་རྣམས་ཀྱིས་ཀྱང་ཡི་གེའི་སྦྱོར་བ་ལ་ངེས་པར་དུ་བསླབ་དགོས་པར་གདམ་པའི་ཆེད་དུ་ཡི་གེ་ནི་རང་ཉིད་དང་དབྱེར་མེད་དོ། །ཞེས་དྲང་དོན་དགོངས་པ་ཅན་གྱི་གསུང་ཞིག་ཡིན་པ་ནི་མངོན་གསལ་ཡིན། དཔེར་ན། མདོ་ལས་ང་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་བཞིན་ནོ།།

དེ་མིན་ཆོས་ཕྱོགས་ཀྱི་བརྗོད་བྱ་མིན་པར་དེ་ལས་གཞན་སྒྲུང་གཏམ་དང༌། སྙན་ངག དཔྱད་བརྗོད། བསྒྱུར་རྩོམ། འབོལ་རྩོམ་སོགས་བརྗོད་བྱར་བྱེད་པའི་བོད་ཡིག་གི་དེབ་དང་ཚགས་ཤོག་སོགས་ནི་ཇི་ལྟར་དབྱིན་ཡིག་བེད་སྤྱོད་བྱེད་པ་དེ་བཞིན་རང་ལུས་ཀྱི་ཡན་ལག་ཚང་མས་གང་འདོད་དུ་བེད་སྤྱོད་བྱས་ན་མི་ཆོག་པ་ཅི་ཡང་མེད་པ་མ་ཟད། མིག་གིས་ལོངས་སྤྱོད་གྲུབ་རྗེས་གང་འདོད་ལྟར་བེད་སྤྱོད་གཞན་དུ་བཏང་ན་ད་དུང་དགེ་མཚན་ཤིན་ཏུ་ཆེ། ང་ཚོས་ཉིན་རེའི་དབྱིན་ཇིའི་ཚགས་པར་ལ་བསམས་ན། དང་པོ་ང་ཚོས་ཐེངས་གཅིག་བཀླགས་ནས་ཉིན་རེའི་གནས་ཚུལ་རྒྱུས་ལོན་གྱིས་མཐོང་རྒྱ་ཐོས་རྒྱ་སྐྱེད་པ་སོགས་དགོས་སྙིང་གྲུབ་ཟིན་པའི་རྗེས་སུ་ཡང༌། རང་ཉིད་ཀྱི་དགོས་མཁོ་དང་བསྟུན་ཤོག་བུ་ཞིག་གི་འདུ་ཤེས་ཀྱི་སྒོ་ནས་བེད་སྤྱོད་གཞན་འདྲ་མིན་གཏོང་ཐུབ་ཀྱི་ཡོད་པས་མི་རྣམས་རང་བཞིན་གྱིས་དབྱིན་ཡིག་གི་ཚགས་དཔར་ཀློག་ཉོ་བྱེད་པར་དགའ་སྣང་དང་སྟབས་བདེ་པོ་ཚོར་གྱིན་ཡོད། ང་ཚོས་བོད་ཡིག་ཚགས་དཔར་ཞིག་ཉོས་ཤིང་། བཀླགས་ཚར་ན་མེར་བསྲེགས་གཏང་རྒྱུ་ལས་གཞན་བེད་སྤྱོད་གང་ཡང་ཡོང་གི་མེད། འདི་ནི་གོང་དུ་རྒྱས་པར་བརྗོད་པའི་གུ་དོག་པོའི་བསམ་བློ་དེས་བསྐྱེད་པའི་མཇུག་འབྲས་ཤིག་རེད། མདོར་ན་ང་ཚོ་རང་ཉིད་ཀྱིས་རང་ཉིད་ལ་དོན་མེད་དུ་གྱོང་ཁུར་བའམ་གྱོང་སྤྲོད་ཀྱིན་པ་ཁོ་ན་རེད།

དེ་བཞིན་དབྱིན་ཇི་བ་ཚོས་དབྱིན་དེབ་ཅིག་བཀླགས་ནའང་དེབ་ཅིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ཀློག་གི་ཡོད་ལ་བེད་སྤྱོད་ཀྱང་བྱེད་ཀྱི་ཡོད། ཁོང་ཚོས་ཡི་གེ་ལ་ཡི་གེའི་འདུ་ཤེས་མ་གཏོགས་དེ་ལས་ལྷག་དག་སྣང་གང་ཡང་མི་བྱེད། ལྟ་ཚུལ་དེས་ཁོང་ཚོར་ཁེ་བཟང་ཞེ་དྲག་ཐོབ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རྟོགས་སླ་བ་ཞིག་ཡིན། ང་ཚོས་དུས་དེབ་དང་བརྩམས་དེབ་དང་ཚགས་པར་སོགས་གང་ཞིག་ཡིན་ཡང་བག་ཆགས་ངན་པའི་དབང་གིས་དཔེ་དེབ་ཅིག་ཁོ་ན་ཡིན་པའི་འདུ་ཤེས་དེ་སླེབ་མི་ཐུབ་དུས་ཡར་མར་འཁྱེར་འཇོག་ལ་སྟབས་མི་བདེ་བའི་སུན་སྣང་སྐྱེ་ཡི་ཡོད། དེས་མི་མང་པོར་བོད་ཡིག་གི་དེབ་དང་ཚགས་པར་སོགས་མཐོང་དུས་གུ་དོག་པོའི་ཚོར་སྣང་དང་ཉོབ་སྣང་ཞིག་རང་བཞིན་གྱིས་སྐྱེ་ཡོང༌། དེ་ལས་ཀྱང་དབྱིན་དེབ་ཅིག་ལ་མཚོན་ན། ཀློག་སྙིང་འདོད་ན་ཀློག དེ་མིན་བཀླགས་མཚམས་སུ། ས་ལ་གཞག་སྙིང་འདོད་ན་འདྲ། རྐང་པའི་ལྷམ་ཕྱི་སྙིང་འདོད་ན་འདྲ། རྐུབ་ལ་གདན་ཚབ་ཏུ་གདིང་སྙིང་འདོད་ན་འདྲ། དེ་བཞིན་ལག་པ་ཕྱི་སྙིང་འདོད་ན་འདྲ། ཐ་ན་གསང་ཤོག་གི་ཚབ་ཏུ་བེད་སྤྱོད་བྱ་སྙིང་འདོད་ན་འདྲ། རང་གིས་གང་འདོད་ལྟར་བཀོལ་སྤྱོད་བྱེད་བཞིན་པ་ནི་ཡོངས་ཁྱབ་མངོན་སུམ་འཛེམས་མེད་ཀྱི་གནས་ཚུལ་ཞིག་ཆགས་ཡོད། བཞག་ན་འཇོག་བདེ་བ། གཡུགས་ན་གཡུག་བདེ་བ། ཁྱེར་ན་འཁྱེར་བདེ་བ། ཉར་ན་ཉར་བདེ་བ་སོགས་མདོར་ན་དབྱིན་དེབ་དང་དབྱིན་ཚགས་རྣམས་ནི། བེད་སྤྱོད་མང་བ། སྟབས་བདེ་ཆེ་བ། གུ་ཡངས་ཀྱི་རང་བཞིན་ཆ་ཚང་ལྡན་པའི་ཁྱད་ཆོས་ཡོད་པ་འདིས། འདི་ལྟར་མི་རྣམས་རང་བཞིན་གྱིས་དབྱིན་ཡིག་ལྟ་ཀློག་ལ་དགའ་སྤྲོ་གཞན་ལས་ཆེ་བ་བསྐྲུན་པ་རེད་ལ། འདི་ཉིད་དབྱིན་ཡིག་དར་ཁྱབ་ཀྱི་རྒྱུ་མཚན་གཙོ་བོའམ་གཞི་རྩ་དང་པོའི་དང་པོ་དེ་ཡིན་པར་སེམས། དེས་ན་ང་ཚོས་དབྱིན་ཡིག་དར་ཁྱབ་ཀྱི་རྒྱབ་ལྗོངས་དང་ཕུག་གམ་ཐོག་མའི་རྒྱུ་མཚན་འདི་དག་ལ་བསམ་གཞིག་ཡང་ཡང་བཏང་ནས་དེ་དོན་ཧ་གོ་བའི་ཐོག་ང་ཚོའི་བོད་ཡིག་འདི་བེད་སྤྱོད་བྱས་པ་ཡིན་ན་གདོང་དམར་བོད་པའི་ཡི་གེ་འདིའི་སྐྱེད་ཚལ་སྔར་ལས་རྒྱས་ཤིང་མཛེས་སྡུག་རྣམ་པར་བཀྲ་བ་གདོན་མི་ཟ་སྙམ།

ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཕྲུག་ཤེས་རབ་ཅན་འགའ་ཞིག་རྒྱ་གར་དུ་ཡི་གེ་བསླབ་ཏུ་གཏང་རྒྱུའི་ཐུགས་བསམ་དེ་ཡང་རྒྱལ་ཁབ་ཀྱི་འཛིན་སྐྱོང་བརྟན་བརླིང་ཡོང་བ་དང༌། གཞན་གྱི་ཡི་གེ་གཡར་བའམ་གཞན་གྱི་ཡི་གེ་ལ་སྐྱབས་འཇུག་ཞུ་མི་དགོས་པར་རང་གི་ཡི་གེ་ཞིག་གཞུང་དམངས་ཀུན་གྱིས་བེད་སྤྱོད་བྱ་རྒྱུ་བྱུང་ན་འཕྲལ་ཕུགས་གང་ལའང་དགེ་མཚན་ཤིན་ཏུ་ཆེ་བར་དགོངས་ནས་ཐོག་མར་བོད་ཡིག་གསར་བཟོའི་ཐུགས་སྐྱེད་དེ་བྱུང་བ་ཡིན་པར་ལོ་རྒྱུས་རྣམས་སུ་གསལ་བ་ལྟར་རེད། ང་ཚོས་ད་དུང་ཐ་ན་རང་གི་སྟབས་བདེའི་འབོལ་གདན་སོགས་ལ་སོ་སོའི་མིང་ཙམ་ཞིག་བྲིས་ན་ཡང་དབྱིན་ཡིག་སོགས་གཞན་གྱི་ཡི་གེ་གཡར་ནས་འབྲི་བའམ། བཤད་སྟངས་གཞན་ཞིག་ལྟར་ན་རང་ལ་ཕུན་སུམ་ཚོགས་པའི་ཡི་གེ་ཞིག་ཡོད་བཞིན་དུ་གཞན་གྱི་ཡི་གེ་ལ་སྐྱབས་འཇུག་ཞུ་བ་ནི། ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད། 

བཙན་པོ་སྲོང་བཙན་དང་སློབ་དཔོན་ཐོན་མིས་བོད་ཡིག་འདི་བེད་སྤྱོད་གཏོང་བའི་ཕྱིར་བཟོས་པ་ཞིག་ཡིན་པ་ལས་མཆོད་གནས་ཤིག་ཏུ་བཟོས་པ་ག་ལ་ཡིན། སློབ་དཔོན་ཐོན་མིས་དཀའ་ངལ་མང་པོ་ཁྱད་དུ་བསད། ངལ་བ་མང་པོ་དང་དུ་བླངས་ནས་བསྐྲུན་པའི་བོད་ཡིག་འདི་མདོར་བསྡུས་ནས་བཤད་ན་ང་ཚོ་བོད་རིགས་ཚོས་ཚད་བཀག་གང་ཡང་མེད་པའི་ཐོག་ནས་བེད་སྤྱོད་གཏོང་བའི་ཕྱིར་དུ་བཟོས་པ་ཞིག་ཡིན་པ་ཐམས་ཅད་ཀྱིས་མཁྱེན་དགོས། བེད་སྤྱོད་གཏོང་བའི་ཕྱིར་བཟོས་པ་དེ་བེད་སྤྱོད་མ་བཏང་ན་ནམ་ཞིག་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད་པ་ནི་ཆོས་ཉིད་ཡིན། གནའ་ནས་ད་བར་འཛམ་གླིང་འདིའི་སྟེང་ཡིག་རིགས་མི་འདྲ་བ་སྟོང་ཕྲག་མང་པོ་བྱུང་ཡོད་པའི་ལོ་རྒྱུས་མཆིས་ནའང༌། དེ་དག་ལས་མང་པོ་ཞིག་མིང་ཙམ་ལས་མཐོང་རྒྱུ་མེད་པར་གྱུར་པ་ནི། ཡི་གེ་དེ་དག་བེད་སྤྱོད་མ་བྱས་པ་དང༌། བེད་སྤྱོད་བྱེད་མ་བཅུག་པ། བེད་སྤྱོད་བྱེད་མཁན་མེད་པ་སོགས་ལ་བརྟེན་ནས་རིམ་བཞིན་ཉམས་སོང་བ་ཞིག་ཡིན་པར་རྗེས་སུ་དཔོག་ཐུབ། དེར་བརྟེན་ང་ཚོས་བོད་ཡིག་འདིའི་ཚེ་སྲོག་ཡུན་གནས་སུ་འདོད་ན་ངེས་པར་དུ་ཚད་བཀག་གང་ཡང་མེད་པའི་ཐོག་ཧ་ཅང་གུ་ཡངས་ཀྱི་ངང་ནས་བེད་སྤྱོད་བྱེད་དགོས།

སྐབས་འདིར་ངས་དཔེ་མཚོན་ཞིག་བཀོད་ན། སྔོན་མི་དབུལ་པོ་ཞིག་ལ་རང་གི་བླ་མས་འབྲས་ཀྱི་ས་བོན་ཁྱོར་བ་གང་སྤྲད་ནས་ཁྱོད་ཀྱིས་ས་བོན་འདི་ཞིང་ལ་ཐོབ་དང་ལོ་ཏོག་ཕུན་སུམ་ཚོགས་པ་བྱུང་ནས་མ་འོངས་པར་ཁྱོད་རང་གི་འཚོ་བ་ལ་དཀའ་ངལ་མེད་པར་འགྱུར་རོ་ཞེས་བཀའ་བསྩལ། སྤྲང་པོ་དེ་ནང་དུ་སླེབ་སྐབས་འདི་ནི་ངའི་རྩ་བའི་བླ་མས་བསྩལ་བ་ཡིན་པས་ས་ལ་འདེབས་ག་ལ་རུང་ཞེས་འབྲས་ཀྱི་ས་བོན་ཞིང་ལ་གདབ་རྒྱུའི་ཚབ་ལ་མཆོད་གཤོམ་དུ་བསྒྲིགས་ནས་ཉིན་ལྟར་མཆོད་པ་འབུལ་བ་དང་ཕྱག་འཚལ་བའི་རྟེན་རྩ་ཆེན་ཞིག་ཏུ་བྱས། འོན་ཀྱང་ཡུན་རིང་མ་འགོར་བར་འབྲས་ཚང་མར་འབུ་བརྒྱབ་པ་དང་སྤུ་ནག་ཟིང་ཟིང་ཐོན་ནས་རུལ་བ་ན་འགྱོད་ཀྱང་ཕྱིས་དྲགས་སོང་ཞེས་ངུ་དགོས་བྱུང་བ་རེད། དཔེ་དེ་བཞིན་དུ་ང་ཚོས་ཀྱང་བཀའ་དྲིན་ཅན་གྱི་ཐོན་མིས་བེད་སྤྱོད་གཏོང་བའི་ཕྱིར་བཟོས་པའི་བོད་ཡིག་འདི་བེད་སྤྱོད་གཏོང་དགོས་པ་མ་གཏོགས་རྨོངས་དད་བྱས་ནས་འགྲེལ་བཤད་སྣ་ཚོགས་པ་ཞིག་བརྒྱབ་ནས་བསྡད་པ་ཡིན་ན། གོང་གི་སྒྲུང་ཐུང་དེ་བཞིན་མ་འོངས་པར་འགྱོད་པ་སྐྱེ་དགོས་པ་ཞིག་ཡོང་རྒྱུ་གཏན་འཁེལ་བ་མ་རེད་དམ། ཁྱེད་ཀྱིས་ཐུགས་བསམ་ཞིག་བཞེས་དང་གྲོགས་པོ་ལགས། 

གཞན་ཡང༌། གལ་སྲིད་ང་ཚོར་རང་སྐྱོང་གི་དུས་ཤིག་མགྱོགས་མྱུར་ཤར་སོང་ན་དེའི་ཚེ་སོ་སོའི་སྐད་དང་སོ་སོའི་ཡི་གེ་གཙོ་བོར་བེད་སྤྱོད་བྱ་རྒྱུའི་ང་ཚོའི་རེ་སྨོན་མངོན་དུ་གྱུར་པ་ཡིན་པས། དེའི་ཚེ་སོ་སོའི་རྒྱལ་ཁབ་ལ་དབང་སྒྱུར་མཁན་གྱི་སྐད་ཡིག་གཙོ་བོ་ནི་བོད་མི་རིགས་རང་གི་སྐད་ཡིག་གཉིས་ཡིན་པ་སྨོས་ཅི་དགོས། དེར་བརྟེན་དེའི་ཚེ་ང་ཚོས་བོད་ཡིག་བེད་སྤྱོད་དེ་གོང་བཤད་ཀྱི་བསམ་བློ་གུ་དོག་དང་ལག་ལེན་གུ་དོག་ལས་ལྡོག་ནས་བསམ་བློ་གུ་ཡངས་དང་བཀོལ་སྤྱོད་གུ་ཡངས་བཅས་གཞི་རྩ་གཉིས་ཀྱི་ཐོག་ནས་འགྲོ་ཐུབ་པ་ཡོང་ཆེད་ད་ལྟ་ནས་ཚང་མས་ཧུར་བརྩོན་སྐྱེད་དགོས། ང་ཚོས་དེའི་ཚེ་རང་གི་རྒྱལ་ཁབ་ཀྱི་བཟོ་གྲྭ་ནས་བཏོན་པའི་ཐ་ན་ལྷམ་གོག་དང་བསིལ་ལྷམ། གསང་དོར་དང་གསང་ཤོག་ཚུན་ཆད་ལ་ཁོངས་སོ་སོའི་བཟོ་གྲྭའི་མིང་དང༌། ཚད་གཞི། རིན་གོང་སོགས་བོད་ཡིག་ཐོག་འབྲི་དགོས་ངེས་ཡིན། འོན་ཀྱང་དེའི་ཚེ་ད་དུང་གླེན་རྨོངས་པ་ཁ་ཅིག་གིས་ང་ཚོའི་བོད་ཡིག་རྩ་ཆེན་པོ་ཡིན་པས་ལྷམ་གོག་དང་གསང་དོར་སོགས་ལ་བྲིས་ན་གཏན་ནས་མི་འགྲིག་ཅེས་གུ་དོག་པོའི་བསམ་བློ་འཁོར་སོང་ན། ང་ཚོའི་མི་རིགས་འདིའི་ཚེ་སྲོག་རྒྱ་སྐྱེད་ལ་བཀག་རྡོ་དེ་ལས་ཆེ་བ་མེད་པས་ད་ལྟ་ནས་རིམ་བཞིན་ལག་ལེན་དོན་ཐོག་ཏུ་བཀལ་ནས་བསམ་བློ་གུ་ཡངས་དང་བཀོལ་སྤྱོད་གུ་ཡངས་གཉིས་པོར་གོམས་འདྲིས་ཤུགས་ཆེར་བྱེད་ཐུབ་དགོས། དེ་ལྟ་ན་མ་འོངས་པར་རང་ཡུལ་རང་ལ་བདག་པའི་སྐལ་བཟང་གི་དུས་སྐབས་དེའི་ཚེ་ན་དཀའ་ངལ་གང་ཡང་མེད་པར་རང་སྲིད་རང་གིས་འཛིན་སྐྱོང་ལྷུག་པོར་བྱེད་ཐུབ། རྒྱལ་ཁབ་དང་སྤྱི་ཚོགས་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་བསྐྱོད་ཐུབ།

ད་དུང་དོན་གནད་འདི་གོ་སླ་བའི་ཕྱིར་དཔེ་མཚོན་ཁ་ཤས་བཀོད་ན། ང་ཚོས་རྒྱུན་ལྡན་དུ་མཐོང་བཞིན་པ་འགའ་དཔེ་མཚོན་དུ་འགོད་ཆོག དེ་ཡང་ཚོང་ཁང་དང་མགྲོན་ཁང་དང་དེ་བཞིན་མཐུན་རྐྱེན་ཅུང་ལེགས་པའི་སྒེར་ཁང་སོགས་ཀྱི་མདུན་དུ་ལྷམ་བརྡར་འགྱིག་ལྷེབ་བམ། རས་ལྷེབ་གྲུ་བཞི་དེ་ཡི་སྟེང་དབྱིན་ཡིག་ཐོག  (Welcome)ཝེལ་ཁམ་ཞེས་བྲིས་ཡོད་པ་ནི་བོད་ཡིག་ཐོག་བསྒྱུར་ན་བྱོན་པ་ལེགས་སོའི་འཚམས་འདྲི་མཚོན་བྱེད་ཅིག་རེད། དེ་བཞིན་ང་ཚོས་ཀྱང་རང་ཁྱིམ་གྱི་སྒོ་ཐེམ་མདུན་དུ་དེ་ལྟའི་ལྷམ་གོག་ཕྱི་བརྡར་བྱེད་སའི་འགྱིག་ལྷེབ་འཇོག་དགོས་ན། དེ་ཡི་སྟེང་དབྱིན་ཡིག་གི་ཚབ་ཏུ་ངེས་པར་རང་གི་བོད་ཡིག་ཐོག་བྱོན་པ་ལེགས་ཞེས་བྲིས་ན་དགེ་མཚན་ཤིན་ཏུ་ནས་ཆེ་སྙམ། ཡང་ན་བཀྲ་ཤིས་བདེ་ལེགས་ཞེས་བྲིས་ནའང་ཤིན་ཏུ་རིགས་ཤིང་འཐད། དེ་བཞིན་བླ་ཆེན་མི་ཆེན་སོགས་གདན་འདྲེན་ཞུ་སྐབས་ས་ལ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་བྲིས་ནས་སྣེ་ལེན་ཟབ་རྒྱས་ཞུ་ཡིན་ཡོད་པ་དང་ཆབས་ཅིག་བོད་ཡིག་ཐོག་ཡིད་འཕྲོག་པའི་ཤིས་ཚིག་ཚིགས་སུ་བཅད་པའམ་ལྷུག་མ་འགའ་རི་མོ་དང་འབྲེལ་ནས་བྲིས་པ་ཡིན་ན། དེ་ནི་ཐད་ཀར་བལྟས་ན་ཤིན་ཏུ་བྱ་དཀའ་བ་དང་ཆེས་རླབས་ཆེན་གྱི་བྱ་གཞག་ཅིག་མིན་ནའང་ང་ཚོའི་བོད་ཡིག་འདིར་དགེ་ཕན་ལྡན་པའི་ལས་ཤིག་ཡིན།

དང་ཐོག་ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་དང་ཁྱེད་ཀྱིས་རྩོམ་འདི་འདྲ་ཞིག་ཀློག་སྐབས། ང་ཚོའི་མཐོང་རྒྱ་ཐོས་རྒྱ་ཆུང་བའི་མི་རབས་གོང་མ་འགའ་ཞིག་གི་བསམ་བློ་ཞན་པའི་དབང་བསྒྱུར་འོག་ཆུད་པའི་གོམས་གཤིས་རྒྱུན་འབྱམས་སུ་སོང་ཡོད་པ་ལ་བརྟེན་ནས་སེམས་ལ་ཚོར་སྣང་དོག་མི་བདེ་བ་ཞིག་འབྱུང་བ་ནི་ཆོས་ཉིད་ཅིག་ཏུ་འཁུམས། མ་ཟད་དོན་དངོས་ལག་ལེན་དུའང་བོད་ཡིག་གི་བེད་སྤྱོད་དེ་དབྱིན་ཡིག་ལྟར་གུ་ཡངས་རང་བཞིན་ཅན་ཞིག་ཏུ་བསྐྲུན་པ་ལ་ཐོག་མར་སྟབས་བདེ་མིན་གྱི་གནས་ཚུལ་སོགས་ཀྱི་དཀའ་སྣང་ཅུང་ཟད་ཡོང་སྲིད་པའང་ཤེས་ཀྱི་ཡོད། འོན་ཀྱང༌། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་དཀའ་ངལ་ལ་གདོང་ལེན་རྒྱུན་མཐུད་བྱེད་ཐུབ་ན་རིམ་བཞིན་ཡར་རྒྱས་འགྲོ་ངེས་སྙམ། བྱེད་ནུས་ཁྱད་པར་ཅན་ལྡན་པའི་བོད་ཡིག་འདི་རང་གི་མི་རིགས་འདིས་དགའ་བཞིན་སྤྲོ་བཞིན་གང་འདོད་དུ་ལོངས་སུ་སྤྱོད་པའི་སྐལ་བཟང་ཞིག་འཆར་བ་ལ། དུས་ད་ལྟ་ནས་ང་ཚོས་ཉི་མ་རེ་རེའི་འཚོ་བའི་ནང་བོད་ཡིག་འདི་དབྱིན་ཡིག་ལྟར་བེད་སྤྱོད་བྱེད་དགོས་པའི་དགོས་པ་དང་རྒྱུ་མཚན་རྣམས་ཤེས་པའི་ཐོག་ནས་བོད་ཡིག་བཀོལ་སྤྱོད་བྱ་རྒྱུ་འགོ་འཛུགས་བྱེད་དགོས།

དེ་ལྟར་ང་ཚོས་དགོས་མེད་བཀག་རྡོར་གྱུར་པའི་བག་ཆགས་རྙིང་པ་དང་འགྲེལ་བརྗོད་ཡ་མ་བརླ་དེ་དག་གཞི་མེད་རྩ་བྲལ་དུ་བཏང་ནས་སོ་སོའི་མི་རིགས་འདིའི་དགེ་མཚན་ལ་སྨན་པའི་བསམ་བློ་དང་ལག་ལེན་ཟུང་འབྲེལ་གྱིས་ད་ལྟ་ནས་མདུན་སྐྱོད་བྱེད་དགོས་པ་ཡིན། ཡང་ན་དེང་དུས་ཀྱི་བསམ་བློ་བ་འགའ་ཞིག་གི་བཤད་སྟངས་ལྟར་ན། དང་པོ་རང་ཉིད་ནས་འགོ་རྩོམ་དགོས་པ་ཡིན། ངས་ཀྱང་སྟོང་བཤད་ཙམ་མ་ཡིན་པར་དཔེ་ཁྲིད་དང་ཆོས་རའི་སྐབས་གདིང་རྒྱུའི་སྟབས་བདེའི་འབོལ་གདན་གྲུ་བཞི་མ་དེའི་སྟེང་དུ་རང་མིང་རང་གི་ཡི་གེའི་ཐོག་ནས་བྲིས་ཡོད། གསལ་པོར་བཤད་ན། བོད་ཡིག་ཐོག་རང་ཉིད་ཀྱི་མིང་དང་མིང་གཞུང་ཨང་གྲངས་བཅས་བྲིས་ཡོད། རང་ལ་སློབ་དཔོན་ཐོན་མིའི་བཀའ་དྲིན་ལ་བརྟེན་ནས་བེད་སྤྱོད་གཏང་རྒྱུའི་ཕུན་སུམ་ཚོགས་པའི་བོད་ཡིག་ཅིག་ཡོད་བཞིན་དུ་ངས་དབྱིན་ཡིག་གཡར་དགོས་དོན་མི་འདུག འགའ་ཞིག་གིས་བྱ་སྤྱོད་འདིར་ཧང་སང་སང་གིས་མིག་འབུར་ཚུགས་སུ་ལྟ་བ་དང༌། འགའ་ཞིག་གིས་སྐྱབས་འགྲོའི་བསླབ་བྱ་དང་འགལ་ལོ་ཞེས་ཅ་ཅོ་སྒྲོག འགའ་ཞིག་གིས་ཅི་ཡང་མི་སྨྲ་བར་སྒམ་ཚུགས་འཛིན། འགའ་ཞིག་གིས་ལེགས་སོ་ཞེས་ཁ་གཡང་སྒྲོག གང་ལྟར་ངས་ནམ་ཡང་བོད་ཡིག་སློབ་སྦྱོང་དང༌། བོད་ཡིག་བེད་སྤྱོད། བོད་ཡིག་འཕེལ་རྒྱས་གསུམ་ནི་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་ཡོད་པར་འདོད་ཀྱི་ཡོད། 

ང་ཚོས་བོད་ཡིག་གི་སུམ་རྟགས་དག་གསུམ་སྦྱོང་བ་དང་རྩོམ་ཡིག་སྤེལ་བ་སོགས་ནི་བོད་ཡིག་སྦྱོང་བ་ཙམ་ཡིན་པ་ལས་དོན་ངོ་མའི་བོད་ཡིག་བེད་སྤྱོད་བྱེད་པ་ཞིག་གི་གོ་ཆོད་ཀྱི་མེད། བོད་ཡིག་བེད་སྤྱོད་བྱེད་ཅེས་པ་ནི་ཡི་གེ་འབྲི་དགོས་པའི་ཅ་དངོས་གང་འདྲ་ཞིག་ཡིན་ནའང་དེའི་སྟེང་དུ་གང་སྦྱངས་པའི་བོད་ཡིག་དེ་འབྲི་བའམ་བྲི་རུ་བཅུག་པ་དེ་ཡིན། དཔེར་ན་གོང་དུ་བཤད་པའི་དཔེ་མཚོན་དེ་དག་བཞིན་ནོ།། དེ་ལྟར་བོད་ཡིག་སློབ་སྦྱོང་དང་བོད་ཡིག་བེད་སྤྱོད་གཉིས་པོ་ཡོད་ཚར་ནས་བཟུང་བོད་ཡིག་འཕེལ་རྒྱས་ཀྱང་རང་བཞིན་གྱིས་བྱུང་བ་ཡིན་པས། རང་ཉིད་ཀྱིས་བོད་ཡིག་སྦྱངས་ཤིང་ཤེས་པའི་རྗེས་སུ་བེད་སྤྱོད་མ་བྱས་པ་ཡིན་ན་བོད་ཡིག་འཕེལ་རྒྱས་དགོས་ཞེས་གནམ་ས་རལ་བའི་འུར་སྒྲ་བསྒྲགས་ཀྱང་ཕན་ཐོགས་གང་ཡང་མེད། དེར་བརྟེན་མདོར་ན། དང་པོ་རང་ཉིད་ནས་འགོ་མ་བརྩམས་པའི་སྐད་ཆ་ཐམས་ཅད་ནི་མགོ་བསྐོར་དང་སྙིང་པོ་མེད་པ་ཞིག་ཡིན་སྟབས། ངས་ཀྱང་བོད་ཡིག་ཐོག་བཟུང་བའི་བསམ་འཆར་འདི་སྤེལ་བ་དང་ཆབས་ཅིག་རྩོམ་ཡིག་འདིའི་ནང་དོན་དང་མཐུན་པར་དང་པོ་རང་ཉིད་ནས་འགོ་བརྩམས་ཟིན་པ་ཞིག་ཡིན།

མདོར་ན་ང་ཚོའི་བོད་ཡིག་འདི་མཐོ་ཁང་པའི་སྒོ་བྱང་ལ་འབྲི་ཆོག་ལ། དམའ་ཐེམ་སྐས་མདུན་གྱི་ལྷམ་བརྡར་སྟེང་བྱོན་པ་ལེགས་སོའི་འཚམས་འདྲིར་ཡང་འབྲི་རུང༌། ང་ཚོའི་བོད་ཡིག་འདི་སྦུག་མཆོད་གཤོམ་དང་དཔེ་ཁྲིའི་སྟེང་མཆོད་འབུལ་གྱི་གནས་བྱེད་ཆོག་ལ། ཕྱི་གད་སྙིགས་དང་རྫབ་དོང་གི་ནང་དུ་གཡུག་པའམ་སྲང་ལམ་དུ་ཡན་གར་བོར་ཆོག་པའང་ཡིན། ང་ཚོའི་བོད་ཡིག་འདིར་གུས་བཀུར་གྱིས་ཐོད་པ་གཏུག་ཆོག་ལ། སྣང་མེད་དུ་རྐང་པས་བརྫིས་ནའང་ཆོག དེ་ལྟ་ན་ང་ཚོའི་བོད་ཡིག་འདི་འབྲི་མི་རུང་ས་ཞིག་གཏན་ནས་མེད། བོད་ཡིག་དང་ལྡན་པའི་ཚགས་ཤོག་དང་དཔེ་དེབ་སོགས་ཅ་དངོས་ཤིག་ཡིན་ན་ཡང་རང་གིས་གང་འདོད་ལྟར་བེད་སྤྱོད་གཉིས་པ་དང་གསུམ་པ་སོགས་བྱེད་པར་བཀའ་རྒྱ་གང་ཡང་མེད་པས་ཅི་དགར་ལོངས་སུ་སྤྱོད་ཆོག

ཡང་སྙིང་བོད་ཡིག་ཅེས་པ་འདི་རང་གི་ཁོར་ཡུག་ཆུང་ཆུང་ཞིག་ལས་མེད་ནའང་གང་སར་མཐོང་ཐུབ་པ་ཞིག་དང་བཀླག་རྒྱུ་ཡོད་པ་ཞིག་བཟོ་དགོས། དེས་ང་ཚོ་དང་ང་ཚོའི་མ་འོངས་ཚ་རྒྱུད་ཚོར་བག་ཆགས་གཏིང་ཟབ་ཅིག་རང་བཞིན་གྱིས་བསྐྲུན་ངེས། ང་ཚོའི་སྤྱི་སྒེར་གྱི་ཚོགས་པ་མང་པོས་འགེངས་ཤོག་དང་གསལ་བསྒྲགས་དེ་བཞིན་སྙན་ཞུ་སོགས་བོད་ཡིག་ཐོག་འབྲི་དགོས་པའི་སྐུལ་འདེད་དང་སྒྲིག་གཞི་སོགས་བྱུང་དང་འབྱུང་བཞིན་པ་ནི་ཆེས་ཤིན་ཏུ་དགའ་འོས་པ་ལོས་ཡིན་མོད། ད་དུང་དེ་ཙམ་གྱིས་རྩ་བ་ཉིད་ནས་འགྲིགས་མེད། གོང་བརྗོད་གཞི་རྩའི་གནད་འགག་འདི་དག་ལ་དོ་སྣང་ངེས་པར་དུ་བྱེད་དགོས་པ་ཡིན། གསལ་པོར་བརྗོད་ན། ང་ཚོའི་མི་རབས་འདིས་བོད་ཡིག་ཐོག་བཟུང་བའི་བསམ་བློ་ལ་དག་ཐེར་དང་ལག་ལེན་ལ་དག་ཐེར་ཡར་རྒྱས་ངེས་ཅན་ཞིག་གཏོང་མ་ཐུབ་ན། ལས་འགུལ་གཞན་ག་ཚོད་སྤེལ་ཀྱང་རྩ་བ་རུལ་བའི་ཤིང་སྡོང་བཞིན་གནས་སྐབས་ཙམ་ལས་རྐང་ཚུགས་པའི་ཕན་འབྲས་འབྱུང་མི་སྲིད་པ་ཚང་མས་ཡིད་འཇགས་མཛད་དགོས་པ་འདུག་གོ། 

འབྲོང་ངུར་ཆོས་རྗེ་མཚོ་བྱུང་དགྱེས་པའི་དབང་པོ་རུ་འབོད་པས།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    གནས་ལུགས་རྒྱུ་མཚན་ལྡན་པ་རེད། ངས་རི་བོང་ཅལ་འདྲོགས་བྱས་པ་ཁྱོན་ནས་མིན་བོད་ཡིག་ཡར་རྒྱས་གཏོང་དགོས་ན་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས་པ་འགའ་ཞིག་འདུག

    Reply
  2. ཡུལ་གྱར་བ། says:
    ལོ་ 14 སྔོན།

    འབྲོང་ངུར་ཆོས་རྗེས་གནད་ལ་འཁེལ་བའི་གཏམ་ཞིག་བཤད་འདུག འདི་ལས་བདེན་ཆ་ཆེ་བ་ཞིག་ཅི་ཡོད། ད་དུང་བརྡ་སྤྲོད་ཀྱི་སྐོར་ལ་གུ་དོག་པའི་བསམ་བློ་འགའ་ཐེར་འདོན་གནང་ཐུབ་ན་ཡག་པོ་འདུག དཔེར་ན་དཀོན་མཆོག་ལ་ཕྱག་འཚལ་ལོ་ལྟ་བུ་རྣམ་དབྱེ་བཞི་པ་ཡིན་ཚུལ་དགེ་ལུག་པས་འགྲེལ་ཞིང་རྒྱུ་མཚན་ནི་ལེགས་བཤད་གསེར་ཕྲེང་དུ་གསལ་ཡོད་ཅེས་ཟེར། ཚེ་རྟན་ཞབས་དྲུང་གིས་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཀྱི་གོ་རྒྱུ་ཆེན་པོ་ཡོད་ཚུལ་བཤད། མདོར་ན་ཞེན་ཁོག་རང་ལས་རྒྱུ་མཚན་ཏིལ་གྱི་འབྲུ་ཙམ་ལས་མེད་རུང་ཨུ་ཚུགས་ཀྱིས་བརྗོད་པ་འདི་དག་ལས་གུ་དོག་པ་ཞིག་གང་དུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese