དེ་རིང་གནས་ཚུལ་འབྱོར་གསལ་ལ། རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ལས་ཁུངས་ཀྱི་ལས་བྱེད་གྲྭ་བློ་བཟང་རབ་བརྟན། རང་ལོ་ ༣༤ ཡིན་པ་ཁོང་ཟླ་འདིའི་ཚེས་ ༡༩ ཉིན་གྱི་མཚན་མོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག་པར། འབྲེལ་ཡོད་དགོན་གྲོང་གཉིས་ཀས་རྩད་གཅོད་རིམ་པར་བྱས་མཐར་འབར་ཁམས་སུ་བཀག་ཉར་བྱས་ཡོད་པ་ཙམ་ལས། ད་ལྟའི་གནས་སྟངས་དང་། རྒྱུ་མཚན་ཅིའི་ཕྱིར་བཀག་ཉར་བྱས་པ་སོགས་གཅིག་ཀྱང་ཤེས་རྟོགས་ཐུབ་མི་འདུག
ཁོང་ནི་འབར་ཁམས་རྫོང་ཚོ་བདུན་ཞང་། གཙུག་ཚེ་སྡེ་བའི་རུ་ཆེན་གཉིས་པའི་འཚམ་འབྲས་ཚང་ཡིན་པ་དང་། ཕ་མིང་ལ་ཚེ་རིང་པོ་པོ་དང་། མ་མིང་ལ་སྒྲོལ་མ་ཡིན་འདུག དེ་མིན། དེ་སྔ་རིམ་པར་འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་གཅིག་ཀྱང་ཀློད་གྲོལ་བཏང་མི་འདུག
གནས་ཚུལ་གཏོང་མཁན། བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།