མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོང་གི་གཏམ་གླེང་དྲི་ལན་དྲུག་མ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

འབྲོང་དཀར་པོ།

བདག་ལ་འདོད་པ་གཅིག་རང་ཡོད་པ་ནི་ཁུ་སིམ་གྱི་རི་གྲོང་ཞིག་ཏུ་དཔེ་དེབ་འདྲ་བལྟས་སྙན་རྩོམ་ཐུང་ཐུང་འདྲ་བྲིས་ནས་སྡོད་འདོད་ཀྱང་བདག་གི་སྡོད་གནས་ནོར་བ་ཡིན་ནམ་གང་ལྟར་སྐད་ཆ་མང་པོ་ཞིག་བཤད་དགོས་འདུག་ལ་འབྲི་དགོས་འདུག འདི་ལྟར་བྱེད་དོན་ནི་འུད་སྒྲོག་ལ་དགའ་ཞིང་དོན་དངོས་ལ་སུན་པའི་ཁོར་ཡུག་འདིའི་སྐྱོ་གར་མཐོང་མང་བས་སོ།། དེ་ནི་བདག་གི་ལས་སྐལ་ཡིན་པ་འདྲ། དེས་ན་བདག་གིས་དེང་སྐབས་རང་གིས་རང་ལ་དྲིས་པའི་དྲི་བ་དྲུག་གི་ཐོག་ལ་ལན་འདེབས་ཀྱི་ཚུལ་དུ་བྱས་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་དང་བགྲོ་གླེང་བྱ་རྒྱུ་ཡིན།

དང་པོ། ༸གོང་ས་མཆོག་ནས་ཉེ་ཆར་ཨི་ཊ་ལི་དང་། ལ་དྭགས་ལ་བོད་གཞུང་ཕྱིར་བསྡུ་བྱས་ཡོད་མེད་དང། མཚན་བྱང་བརྗེ་སྒྱུར་སྐོར་སླར་ཡང་གསུངས་དགོས་དོན་གང་ཡིན་ནམ།

གནད་དོན་དེ་ཚོའི་ཐོག་༸གོང་ས་མཆོག་གིས་སླར་ཡང་བཀའ་སློབ་ཕེབས་དགོས་བྱུང་བ་ནི་ལོ་ངོ་དེ་དག་གི་རིང་ཁོང་ལ་བློ་ཕམ་དང་ཡིད་ཆད་ཆེན་པོ་བྱུང་ཡོད་པ་གསལ་པོ་རེད། ༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཐམས་ཅད་མི་མང་ནས་འོས་འདེམ་བྱས་པའི་དབུ་ཁྲིད་ཅིག་ལ་རྩིས་འབུལ་ཞུ་རྒྱུའི་དགོངས་པ་ནི་བཙན་བྱོལ་ནང་མང་གཙོའི་སྒྲིག་འཛུགས་བཙུགས་པའི་ཉིན་དེ་ནས་ཡོད། དུས་དེ་ནས་བཟུང་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་ལ་ཡར་རྒྱས་ཀྱི་འགྱུར་བ་རིམ་ཕྱིན་གྱིས་ཕྱི་ལོ་ ༢༠༠༡ ལོར་བཀའ་ཁྲི་མི་མང་གིས་ཐད་ཀར་འོས་འདེམ་བྱས་པ་ནས་བཟུང་༸གོང་ས་ཆེན་པོའི་ཆབ་སྲིད་སྐུ་དབང་གི་ནུས་པ་ཆུང་དུ་ཕྱིན་ཡོད། དུས་སྐབས་དེའི་རིང་༸གོང་ས་མཆོག་ནི་དོན་དམ་པར་ཕྱེད་བགྲེས་ཡོལ་རང་རེད། མི་མང་ནས་འོས་འདེམ་བྱས་པའི་བཀའ་ཁྲི་སྐབས་གསུམ་པ་དེ་དེང་རབས་ཀྱི་ཤེས་ཡོན་ཐོག་ནས་འབུམ་རམས་པའི་མཚན་སྙན་ཡོད་པའི་ན་གཞོན་ཞིག་ཕེབས་པར་བརྟེན་༸གོང་ས་མཆོག་ནས་སྐབས་དང་དུས་ལ་བབས་པར་གཟིགས་ཏེ་གསུམ་དུས་ཐེངས་ང་གཉིས་པའི་གསུང་འཕྲིན་ནང་ཆབ་སྲིད་ཀྱི་སྐུ་དབང་ཡོང་རྫོགས་མི་མང་ནས་ཐད་ཀར་འོས་འདེམ་བྱས་པའི་དབུ་ཁྲིད་ལ་རྩིས་འབུལ་ཞུ་རྒྱུ་ཡོངས་ཁྱབ་གནང་བར་མ་ཟད། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་བཅའ་ཁྲིམས་ནང་གསལ་བའི་༸གོང་གི་སྐུ་དབང་ཐམས་ཅད་ཕྱིར་བསྡུ་དགོས་པ་དང་། དགའ་ལྡན་ཕོ་བྲང་གི་མཚན་གནས་རྗེས་འབྲེལ་གྱི་གཞུང་གི་མཚན་བྱང་ལའང་འགྱུར་བ་དགོས་སྐོར་གྱི་ཟབ་གསལ་གསུང་འཕྲིན་བསྩལ་ཡོད། དེ་རྗེས་སྨོན་ལམ་ཚེས་བཅོ་ལྔ་ཉིན་༸གོང་ནས་སྐྱེས་རབས་གསུང་ཆོས་སྐབས་མི་མང་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་འབུལ་ཞུ་ཕྱོགས་དང་། གཞུང་གི་མཚན་བྱང་ལ་འགྱུར་བ་འགྲོ་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་སློབ་ཧ་ཅང་གསལ་པོ་ཕེབས་ཡོད། མཐར་ཕྱི་ལོ་ ༢༠༡༡ ཟླ་༨ ཚེས་༨ ཉིན་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ནས་བདམས་པའི་དབུ་ཁྲིད་ལ་རྩིས་འབུལ་ཞུས་ཡོད། སྐབས་དེར་༸གོང་ནས་ལོ་དྲུག་བཅུའི་སྔོན་སྲིད་སྐྱོང་སྟག་བྲག་གི་སྐུ་མདུན་ནས་བཞེས་པའི་ཆབ་སྲིད་ཀྱི་སྐུ་དབང་དེ་དེ་རིང་འོས་འདེམ་བྱས་པའི་སྲིད་སྐྱོང་བློ་བཟང་སེངྒེ་ལ་རྩིས་འབུལ་ཞུ་བཞིན་ཡོད་སྐོར་བཀའ་གནང་བར་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་བཀའ་ཐམ་བདེ་སྐྱིད་མ་མི་མང་ཚང་མའི་མིག་གིས་མཐོང་སར་རྩིས་འབུལ་ཞུས་པ་སོགས་གཞུང་འཛིན་ལམ་ལུགས་བརྒྱུད་སྤྲོད་ཀྱི་རྣམ་འགྱུར་གསལ་པོ་བསྟན་ཡོད། འོན་ཀྱང་ཡ་མཚན་དགོས་པ་ཞིག་ལ་སྐབས་དེར་མི་འགའ་ཤས་ཤིག་གིས་དོན་དངོས་ཀྱི་གནས་ཚུལ་དེ་ཚོ་མིག་མཐོང་ལག་ཟིན་བྱུང་ཡང་ད་དུང་མ་གོ་མ་ཐོས་པའི་ཚུལ་གྱིས་བོད་གཞུང་བསྡུ་གསོག་བརྒྱབ་ཚུལ་དང་། བཙན་བྱོལ་གཞུང་གི་མིང་མེད་པ་བཟོས་ཚུལ་སོགས་འུད་སྒྲོག་ཆེན་པོས་གླེང་ཡོད། ཁོ་ཚོ་ལ་དམིགས་ཡུལ་ཞིག་ཡོད་ཀྱི་རེད། ང་ཁོ་ཚོའི་དམིགས་ཡུལ་དེར་དོགས་པ་ཧ་ཅང་ཆེ་ཡང་ངས་དེའི་ཐོག་ཚོད་དཔག་ཀྱི་སྐད་ཆ་ཤོད་འདོད་མེད།

བོད་གཞུང་བསྡུ་གསོག་བརྒྱབ་སྟེ་མེད་པ་བཟོས་པར་འུད་སྒྲོག་བྱས་པ་དེ་༸གོང་ས་མཆོག་བློ་ཕམ་ཡིད་ཆད་བྱུང་བ་དང་། ཉེ་ཆར་གནད་དོན་འདིའི་ཐོག་སླར་ཡང་བཀའ་སློབ་ཞིབ་གསལ་ཕེབས་དགོས་པའི་རྒྱུ་རྐྱེན་ཡང་དེ་ཡིན། གསལ་བཤད་ཇི་ཙམ་བྱས་ཀྱང་གསལ་པོ་ཆགས་རྒྱུ་མེད་པ་ནི་ཐང་ཆད་དགོས་པ་རང་རེད།

གཉིས་པ། བོད་ཡིག་ནང་བཙན་བྱོལ་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་བཏང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

འདི་ལ་དགག་དགོས་པའི་རྒྱུ་མཚན་དུ་མ་ཞིག་ཡོད་རེད་སྙམ། དཔེ་ན། ཉེ་ཆར་གནང་བའི་ཨི་ཊ་ལི་དང་། ལ་དྭགས་ཀྱི་བཀའ་སློབ་ནང་གསལ་པོ་ཡོད། ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོས་བཙུགས་པའི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དེ་ཕྱི་ལོ་ ༡༩༥༩ བར་དུས་འགྱུར་རིམ་པའི་ཁྲོད་རང་ཡུལ་དུ་ཕྲ་ཚུགས་ཐུབ་པ་བྱུང་ཡོད། ང་དགུ་ལོར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ཏེ་ཟླ་གསུམ་པའི་ཚེས་བཅུ་བདུན་གྱི་དགོངས་དྲོ་༸གོང་ས་མཆོག་དང་བཀའ་ཤག་ལྷན་རྒྱས་ནོར་གླིང་ནས་ཕེབས་ཐོན་གནང་ཞིང་ཚེས་བཅོ་བརྒྱད་ཙམ་ནས་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པར་རྒྱ་མིས་ཚོད་འཛིན་དོ་དམ་ཡོངས་སུ་བྱས་པར་བརྟེན་༸གོང་ས་མཆོག་དང་བཀའ་བློན་ལྷན་རྒྱས་ནས་ལྷོ་ཁུལ་ལྷུན་རྩེར་བོད་གཞུང་གནས་སྤོས་བྱས་པའི་ཁྱབ་བསྒྲགས་གནང་ཡོད། ང་དགུ་ལོའི་ཟླ་བཞི་པའི་ནང་རྒྱ་གར་གྱི་སྲིད་བློན་ནེ་རུ་མ་སུ་རིར་༸གོང་ས་མཆོག་གི་བཞུགས་སྒར་དུ་བཅར་ནས་ཕན་ཚུན་འཚམས་འདྲི་དང་ནང་མོལ་གནང་སྐབས། ༸གོང་ནས་བཙན་བྱོལ་བོད་གཞུང་ངོས་བཞེས་ཡོང་ཐབས་ཀྱི་རེ་བ་གནང་ཡང་སྲིད་བློན་མཆོག་ནས་ངོས་བཞེས་ཐོབ་མེད། <ཕྱི་ལོ་ ༡༩༥༤ དང་། ༡༩༥༦ ལོ་སོ་སོར་རྒྱ་དཀར་ནག་གཉིས་ཀྱི་རྒྱལ་ཁབ་སོ་སོར་གནས་ཡོད་མི་སྣ་ཕན་ཚུན་འཚམས་ཞུར་བཅར་སྐབས་གནད་དོན་མང་པོའི་ཐོག་བཀའ་མོལ་དང་མཁས་ལེན་བྱུང་ཡོད་ཚོད་འདུག>  དེ་རྗེས་༸གོང་ནས་གསར་འགོད་པས་བོད་གཞུང་གང་དུ་ཡོད་དམ་ཞེས་པའི་དྲི་བར་ལན་འདེབས་གནང་སྐབས་ཏཱ་ལའི་བླ་མ་དང་ཏཱ་ལའི་བླ་མའི་བཀའ་ཤག་དང་བཀའ་བློན་ཚོ་གང་དུ་ཡོད་པ་དེར་བོད་མི་ཚོས་བོད་གཞུང་ཡོད་པར་ངོས་འཛིན་བྱེད་ཀྱི་རེད། ཅེས་གསུངས་པར་ཉིན་གཉིས་ཀྱི་རྗེས་སུ་ལྡི་ལི་ནས་རྒྱ་གར་གཞུང་ཀྱིས་བོད་གཞུང་ཟེར་བ་མེད་སྐོར་གྱི་གསར་བཀོད་གསལ་བསྒྲགས་སྤེལ་ཏེ་ལང་ཕྱོགས་གསལ་སྟོན་བྱས་ཡོད། འདི་ཚོ་དཔེ་མཚོན་ཙམ་རེད། ཉེ་ཆར་༸གོང་ས་མཆོག་ནས་བྱ་ཕྲུག་མའི་སྦོ་འོག་ནས་དྲོད་པའི་དཔེ་གསུངས་པ་ལྟར་སྲིད་དོན་གྱི་དཀའ་ངལ་འདི་འདྲའི་ཁྲོད་དུ་རྒྱ་གར་གཞུང་ནས་༸གོང་ས་མཆོག་གི་ཐུགས་རེ་བཞིན་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་མཚན་བྱང་འོག་གཟུགས་ཆེ་ཡང་དབྱིབས་མི་མངོན་པའི་ཐོག་ནས་གནས་ཐུབ་པའི་མཐུན་འགྱུར་བསྐྲུན་པར་བརྟེན་མི་ལོ་ལྔ་བཅུ་ཙམ་གནས་ཐུབ་པར་མ་ཟད། གཞི་རྒྱ་ཆེ་བའི་གཞུང་འབྲེལ་ལས་དོན་སྣ་མང་ཕུན་ཚོགས་བསྒྲུབས་ཐུབ་པ་བྱུང་ཡོད། ལོ་ངོ་འདི་དག་གི་རིང་རྒྱ་གཞུང་ནས་རྒྱ་གར་གཞུང་ལ་བརྙས་འདོགས་ཀྱི་ལག་པ་འཇུ་ས་བྱུང་མེད་ལ་རྒྱ་གར་གཞུང་ཡང་གནང་སྟབས་བདེ་པོ་བྱུང་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་དང་ཁོང་གི་བླ་བྲང་ནས་བོད་གཞུང་གི་ཆབ་སྲིད་སྐྱོང་རྒྱུའི་སྐུ་དབང་ཕྱིར་བསྡུ་གནང་བར་བརྟེན་༸གོང་གི་བླ་བྲང་གི་མཚན་བྱང་དང་། གཞུང་གི་མཚན་བྱང་སོ་སོར་ཕྱེས་པར་བརྟེན་གཞུང་ཞེས་པའི་ཚིག་ཅིག་ལྷག་ཡོད་པ་འདི་འབྱུང་འགྱུར་ནང་ཕྱི་དགྲ་ནང་དགྲ་ཚང་མས་འགྲེལ་བརྗོད་འདྲ་མིན་གྱིས་ལོག་བཤད་སྤེལ་ས་མེད་པར་གཙང་མ་ཞིག་ཡོང་ཕྱིར་བོད་མིའི་སྒྲིག་འཛུགས་ཞེས་སྒྱུར་བཅོས་གནང་ཡོད། མིང་བྱང་འདིའི་འོག་དོན་དམ་པའི་བོད་གཞུང་དེ་སླར་ཡང་གཟུགས་ཆེ་ཡང་དབྱིབས་མི་མངོན་པའི་ཐོག་ནས་ལས་དོན་ཐམས་ཅད་སྔར་བཞིན་གནང་དང་གནང་མུས་སུ་ཡོད། ང་རང་གི་བསམ་ཚུལ་བྱས་ན་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་བྱང་འདི་༸གོང་ས་མཆོག་གི་ཐུགས་ལ་ཡོད་པའི་མིང་དེ་མ་རེད་སྙམ། གང་ཡིན་ཞེ་ན། སྐབས་དེར་ཚོགས་ཆེན་མཇུག་བསྒྲིལ་རྗེས་ཚོགས་ཞུགས་པ་ཚང་མར་༸གོང་ས་མཆོག་ནས་མཇལ་ཁ་དང་བཀའ་སློབ་གནང་ཡོད། སྐབས་དེར་ཚོགས་ཞུགས་པའི་རེ་ཞུ་བཞིན་༸གོང་ས་མཆོག་ནས་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ། ཡང་ན། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཚོགས་ཞེས་བཏགས་ན་ལེགས་པའི་ལམ་སྟོན་ཕེབས་ཡོད། དེ་རྗེས་གྲོས་ཚོགས་ནང་བཀའ་སྤྱི་ལྷན་སྦྲེལ་གྱི་ཚོགས་ཆུང་དེས་༸གོང་ས་མཆོག་ལ་མིང་བྱང་འགའ་ཤས་ཤིག་སྤྱན་འབུལ་ཞུས་ཏེ་དེ་ཁྲོད་ནས་གཅིག་བདམས་གནང་ཡོང་བའི་སྙན་སྒྲོན་ཞུས་པར་༸གོང་ས་མཆོག་ནས་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་བདམས་གནང་ཡོད་པ་རེད། འདིའི་ཐོག་བསམ་ཞིབ་བྱས་ན་ཚོགས་ཆུང་ནས་ཕུལ་བའི་མིང་བྱང་ཁྲོད་དུ་༸གོང་ས་མཆོག་ནས་བཏགས་གནང་བའི་མིང་དེ་གཉིས་མེད་པ་གསལ་པོ་རེད། ༸གོང་ས་མཆོག་གི་དགོངས་པར་གཞུང་གི་མིང་དུ་གངས་ལྗོངས་རང་དབང་མང་གཙོའི་ལྷན་ཚོགས་སམ་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་ཞེས་པ་གང་རུང་འདོགས་འདོད་ཡོད་ཅིང་བཀའ་ཁྲིར་སྲིད་སྐྱོང་ཞེས་འབོད་འདོད་ཡོད་ཀྱང་། སྐབས་དེའི་གྲོས་ལ་དབང་བའི་སྐྱེ་བོ་དབང་ཤུགས་ཅན་མང་པོས་ཐུགས་འདུན་བཞིན་གནང་མེད་པ་གསལ་པོ་རེད།

གསུམ་པ། བོད་གཞུང་གི་མཚན་བྱང་བརྗེ་སྒྱུར་ཐད་སླར་ཡང་འབྱུང་འགྱུར་གྱི་ཚོགས་ཆེན་ཐོག་བཀའ་བསྡུར་དགོས་པ་མཐོང་གི་འདུག་གམ།

ངའི་བསམ་ཚུལ་བྱས་ན་ད་ལྟ་ང་ཚོས་སླར་ཡང་གཞུང་གི་མཚན་བྱང་ཐོག་བཀའ་བསྡུར་གནང་བ་དགོས་པ་དམིགས་བསལ་བ་གང་ཡང་ཡོད་པ་མ་རེད་སྙམ། དེ་ལས་ལྡོག་སྟེ་ང་ཚོས་ཚོར་བ་རྣོ་མདོག་དང་། གོ་བ་ཟབ་མདོག སེམས་ཤུགས་ཡོད་མདོག་བྱས་ཏེ་བོད་གཞུང་གི་མཚན་དོན་གཉིས་ཀྱི་ཐོག་གླེང་ཕྱོགས་མང་པོ་བཟོས་ན་རྒྱ་གར་གཞུང་དང་བོད་གཞུང་བར་གྱི་ནང་མོལ་མང་པོ་ཞིག་ཁྲོམ་བསྒྲགས་བྱ་དགོས་པར་ཐུག་སྲིད། དེ་འདྲའི་ཐོག་ནས་རྒྱ་ནག་ལ་ལག་པ་འཇུ་སའི་ཁོར་ཡུག་བསྐྲུན་པ་ལྟ་བུ་ཆགས་མི་སྲིད་པ་མིན། རྒྱ་ནག་གཞུང་གི་རེ་བ་ནི་གཟུགས་ཆེ་ཡང་དབྱིབས་མི་མངོན་པའི་སྲིད་བྱུས་འོག་གནས་པའི་བཙན་བྱོལ་བོད་གཞུང་དེའི་གཟུགས་བརྙན་གསལ་སྟོན་བྱ་རྒྱུ་དང་། དེ་ནས་དེ་ཉིད་ཐོག་གླེང་ཕྱོགས་བཟོས་ཏེ་མཐའ་མ་མེད་པ་བཟོ་རྒྱུ་དེ་ཡིན། ད་ལྟའི་ཆར་ང་ཚོར་ཉེན་ཁ་ཆེ་བའི་གླེང་ཕྱོགས་ཉེན་ཁ་ཅན་གཉིས་ཡོད། གཅིག་ནི་རྒྱལ་ཁབ་སུས་ཀྱང་ངོས་བཞེས་མེད་པའི་བཙན་བྱོལ་བོད་གཞུང་ཞེས་པ་འཛམ་གླིང་ཡོངས་ཁྱབ་བྱ་དགོས་པ་དེ་དང་། གཉིས་པ་ནི་བཙན་བྱོལ་བོད་གཞུང་ཞེས་པ་བསྡུ་གསོག་བརྒྱབ་ནས་ད་ཆ་རྩ་བ་ནས་མེད་པ་ཡོངས་ཁྱབ་བྱ་རྒྱུ་དེ་རེད། འདི་གཉིས་ཀ་རྒྱ་ནག་གཞུང་ལ་དགོས་པའི་རིན་བྲལ་གྱི་དངོས་པོ་རྩ་ཆེན་ཞིག་རེད། གནད་དོན་འདི་ཚོའི་ཐོག་རྒྱ་མིས་ཀྱང་གླེང་ཕྱོགས་སྤེལ་སྲིད་པས་ང་ཚོས་དེ་ལ་ཞབས་འདེགས་ཞུ་དགོས་པ་གང་ཡོད་དམ། ཆབ་སྲིད་ཀྱི་རྙོག་འཛིང་མང་པོའི་ནང་སེམས་ཤུགས་དང་། ཚོར་བས་རང་ཉིད་དགྲ་བོའི་ལག་ཆར་འགྱུར་སྲིད་པ་རེད། དེས་ན་གནས་སྐབས་འགའ་ཤས་ལ་ཡིད་ཆེས་བྱེད་པ་དེའང་ཐབས་བྱུས་ལེགས་ཤོས་ཤིག་ཡིན་སྲིད།

བཞི་པ།༸གོང་ས་བཅུ་གསུམ་པས་བསྐྱར་བསྒྲགས་བྱས་པའི་རང་བཙན་བསྐྱར་གླེང་བྱས་ན་དགོས་པ་མེད་དོན་གང་ཡིན་ནམ།

 ༸གོང་ས་བཅུ་གསུམ་པའི་སྐབས་འབྲི་ཆུའི་ཤར་རྒྱུད་ཀྱི་བོད་སྡེ་མང་པོ་ཞིག་བོད་གཞུང་གི་དབང་སྒྱུར་འོག་མ་ཚུད་ཅིང་རྒྱ་གཞུང་གི་དབང་སྒྱུར་ཁྱབ་ཁོངས་སུའང་མེད་པར་བར་གནས་འདྲ་བོ་ཞིག་བསྡད་ཡོད། ས་ཆ་དེ་ཚོ་ལོ་རྒྱུས་དང་ས་ཁྲའི་ཐོག་ནས་བོད་གཞུང་གི་ཁྱབ་ཁོངས་ཡིན་པ་གསལ་པོ་རེད། ཉེ་ཆར་སྦིར་གཞིས་སུ་ཚོགས་པའི་གཞོན་ལྷན་གྱི་ཚོགས་འདུའི་ཐོག་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་བཙན་གཙང་མ་རྩོད་ལེན་བྱ་རྒྱུའི་སྐད་ཆ་བཤད་འདུག ད་ལྟའི་ཆར་རང་བཙན་དང་རང་སྐྱོང་ཐོབ་མིན་ཇི་ལྟར་ཡང་ཆོལ་གསུམ་བོད་མིའི་ནུས་ཤུགས་ཆིག་སྒྲིལ་གོང་ཐོར་གཏོང་རྒྱུའི་སྐད་ཆ་ཤོད་པ་ལས་དེ་མིན་མི་སེམས་དུམ་བུ་གཏོང་བའི་སྐད་ཆ་ཤོད་པའི་དུས་ཤིག་མིན། ཆོལ་གསུམ་བོད་མི་ཁ་གཏོར་གཏོང་རྒྱུའི་ལས་ཀ་དེ་རྒྱ་མིའི་ལས་ཀ་རེད། དེ་ང་ཚོས་དཀའ་ལས་བརྒྱབ་ནས་བྱེད་དགོས་པའི་ལས་ཀ་ཞིག་མ་རེད། དེར་བརྟེན་ངས་༸གོང་ས་བཅུ་གསུམ་པ་འུད་སྒྲོག་བྱེད་པའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་དགོས་པ་རེད་སྙམ།

ལྔ་པ། བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་རྩོམ་པ་པོ་ཞྭ་སྒབ་པར་བཙན་བྱོལ་ནང་གི་ལོ་རྒྱུས་སྨྲ་བའི་དབང་ཕྱུག་གཅིག་པུ་དེ་ཡིན་ན་བཙན་བྱོལ་ནང་ལོ་རྒྱུས་སྨྲ་བར་ངོས་འཛིན་བྱས་ཆོག་པ་ཁོང་ལས་མེད་དམ།

བཙན་བྱོལ་ནང་ནམ་རྒྱུན་ང་ཚོས་བོད་ཀྱི་རྒྱལ་རབས་མཁས་དབང་གྲངས་འདྲེན་བྱེད་སྐབས་འདི་དང་དེ་ཞེས་མང་པོ་རྩི་རྒྱུ་ཡོད་པ་འདྲ་བོ་ཡོད། ངའི་བསམ་པར་ད་ལྟའི་ཆར་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་རྩམ་དྲི་ཡོད་པ་ཞིག་ཡིན་ན་མཆོད་ཡོན་གསུམ་གྱི་ལོ་རྒྱུས་ཐོག་དག་སེལ་རྩལ་འདོན་གནང་དགོས་བསམ་གྱི་འདུག རྒྱ་ཕྱོགས་ནས་ཀྱང་མཆོད་ཡོན་གསུམ་གྱི་ལོ་རྒྱུས་ལ་ལོག་འགྲེལ་བྱ་རྒྱུར་དངོས་ཤུགས་རྒྱུད་གསུམ་ནས་འགྲོ་གྲོན་ཆེན་པོ་གཏོང་གི་ཡོད། བོད་ནང་གི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་མཆོད་ཡོན་གསུམ་གྱི་ལོ་རྒྱུས་ཐོག་སེམས་ནང་བསམ་པའི་དངོས་ཡོད་མང་པོ་ཞིག་ཤོད་ཐུབ་པའི་ཁོར་ཡུག་མེད། མཆོད་ཡོན་གསུམ་དང་འབྲེལ་བའི་རྒྱལ་རབས་དངོས་ཡོད་ཅིག་ཤོད་རྒྱུའི་འགན་དེ་བཙན་བྱོལ་ནང་ཡོད་པའི་རྒྱལ་རབས་སྨྲ་བ་ཚོར་ཡོད། སྟབས་མ་ལེགས་པ་ཞིག་ལ་བཙན་བྱོལ་ནང་གི་རྒྱལ་རབས་སྨྲ་བའི་མིང་འཛིན་གྲགས་ཆེན་དེ་ཚོས་འདིའི་ཐོག་མི་སྨྲ་བའི་རྟུལ་ཞུགས་འཛིན་ནས་སྨྲ་བ་བཅད་ཡོད། ད་དུང་ཡ་མཚན་དགོས་པ་ཞིག་ལ་འགའ་ཤས་ཀྱིས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལ་དམའ་འབེབ་བྱེད་པ་དང་། ཡང་ལ་ལས་ཆེད་དུ་གཉེར་ནས་ལོ་ངོ་བཞི་བརྒྱ་མ་ཟིན་ཙམ་གྱི་གཞུང་འཛིན་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་གཞུང་གི་ལོ་རྒྱུས་ལ་འཁྱོག་བརྗོད་དམའ་འབེབ་བྱས་ཡོད། བྱེད་སྟངས་འདི་ཚོའི་ཐོག་ང་ལ་ལྟ་ཚུལ་མང་པོ་ཡོད་ཀྱང་ད་ལྟ་གསལ་པོ་ཞིག་ཤོད་ཐུབ་ཀྱི་མི་འདུག གཅིག་བྱས་ན་ཁོང་ཚོ་པེ་ཅིང་ལ་ཡང་ཡང་ཕེབས་དགོས་ཀྱི་ཡོད་འདུག་པ་སྐབས་དེའི་ཕྱག་རྟགས་འདྲ་ཡིན་སྲིད། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལ་རྒྱ་ཕྱོགས་ནས་དགག་རྒྱག་གི་དཔེ་དེབ་དྲུག་བཅུ་རེ་གྲངས་ཤིག་རྩོམ་སྒྲིག་བྱས་ནས་འགྲོ་གྲོན་ཆེན་པོ་བཏང་ཡོད། གང་ཟག་བྱེ་བྲག་པ་ཞིག་གིས་བརྩམས་པའི་དེབ་ལ་རྒྱལ་ཁབ་ཅིག་གིས་འགྲོ་གྲོན་བཏང་ནས་དགག་རྒྱག་གི་དེབ་རྩོམ་སྒྲིག་བྱས་པའི་གྲངས་ཚད་མཐོ་ཤོས་ཀྱི་གྲས་སུ་སླེབས་ཡོད། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་དམིགས་ས་གཙོ་བོ་དེ་མཆོད་ཡོན་གསུམ་དང་འབྲེལ་བའི་ལོ་རྒྱུས་ལ་དམིགས་ཡོད། གནས་ཚུལ་འདི་ཚོའི་ཐོག་ནས་ངས་བཤད་པའི་སྐད་ཆ་ལ་རྒྱུ་མཚན་ཡོད་མེད་མཁྱེན་ཐུབ་ཀྱི་རེད་སྙམ།

དྲུག་པ།  ང་ཚོའི་སྤྱི་ཚོགས་ནང་མི་མང་པོ་ཞིག་འུད་སྒྲོག་ལ་དགའ་ཞིང་དོན་དངོས་ལ་མི་དགའ་བ་འདི་ཅིས་ལེན་པ་རེད་དམ།

དམར་རྗེན་དུ་སྟོན་པའི་དྲི་བ་ཆེན་པོ་འདིའི་ལན་ད་ལྟ་ངས་འདི་རེད་ཅེས་ཐག་གཅོད་རང་བཞིན་གྱི་ཐོག་ནས་ཞུ་ཐུབ་པ་མི་འདུག འདིའི་ལན་ང་ཚོ་ཚང་མས་བློ་ཁ་ནང་དུ་ཕྱོགས་ནས་བཙལ་དགོས་ཀྱི་འདུག

མཐའ་དོན་དུ། གུས་པའི་རྩོམ་ཡིག་འདིའི་ནང་འཁོད་པའི་དྲི་བ་གང་ཞིག་ལ་གང་ཟག་སུ་ཞིག་གིས་ལན་འདེབས་བྱས་ཀྱང་དགའ་བསུ་ཡོད་པས་དེ་དོན་དགོངས་འཇགས་ཞུ།

ཕྱི་ལོ་ ༢༠༡༢ ཟླ་༨ ཚེས་ ༢༦ ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 8

  1. ལྷག་བསམ says:
    ལོ་ 13 སྔོན།

    ༡ བཙན་བྱོལ་སྒྲིག་འཛུགས་དང་ཀྲུང་ཡ་སྲིད་གཞུང་གཉིས་ཀྱིས་ལོ་མང་རིང་དུ་གྲོས་མོལ་བྱས་པ་རེད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཟེར་ཡ་ལ་བོད་མི་དམངས་ཀྱི་གནད་དོན་ཟེར་བ་ཞིག་གྲོས་བྱེད་དགོས་དོན་མེད། ཏ་ལའི་བླ་མ་དང་དེའི་ཉེར་འཁོར་གྱི་མི་ཁ་ཤས་ཀྱི་མདུན་ལམ་ཐོག་ཏུ་གྲོས་བསྡུ་བྱེད་ཀྱི་ཡིན་ཞེས་ལབ་པ་རེད། བཙན་བྱོལ་བས་ངོས་ནས་ང་ཚོའི་བདེ་སྡུག་བཤད་ཀྱི་མེད། བོད་རིགས་ཡོངས་ཀྱི་བདེ་སྡུག་གྲོས་མོལ་བྱེད་དགོས་ཡོད་ཅེས་ལབ་པ་རེད། སྔོན་མ་བཙན་བྱོལ་བོད་གཞུང་ཡོད་དུས་ཀྱང་སྐུ་ཚབ་གཉིས་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་བཤད་ཡ་དབང་ཆ་མེད་ཟེར་དུས་དེང་སང་སྒྲིག་འཛུགས་ཤིག་ལ་བོད་མི་རིགས་ཡོངས་ཀྱི་བདེ་སྡུག་གྲོས་མོལ་བྱེད་པའི་ཐོབ་ཐང་ཀྲུང་ཡ་སྲིད་གཞུང་གིས་ངོས་ལེན་བྱེད་ཀྱི་རེད་དམ།
    ༢ གཉིས་སྨན་དབུ་མ་ལམ་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཉེན་ཁ་ལས་སྐྱོབ་ཀྱི་ཡིན་གསུངས་ཀྱི་འདུག ག་འདྲ་བྱེད་ན་ཉེན་སྐྱོབ་བྱ་ཐུབ་བམ། དེང་སང་ཡོད་བཞིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་གི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་དུ་ཆོས་དད་རང་མོས་དང་སྐད་ཡིག་དར་སྦེལ་གཏོང་ཆོག་ཅེས་བཀོད་ཡོད། དེ་ནི་ཀྲུང་ཡ་སྲིད་གཞུང་གིས་བཟོས་པའི་ཁྲིམས་ལུགས་རེད། མ་འོངས་པ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུགས་པའི་རང་སྲིད་རང་སྐྱོང་ཞིག་རག་པ་ཡིན་ན་ཆོས་དད་རང་མོས་དང་སྐད་ཡིག་དར་རྒྱས་གཏོང་ཐུབ་པ་ལ་ཁྱད་པ་ག་རེ་ཡོད་དམ།
    ༣ བོད་འདིར་མི་སེར་སྦེལ་ཡུལ་ཆགས་བསྡད་ཡོད་པ་རེད། དེ་ཡང་རྒྱ་རིགས་མང་པོ་བོད་ལ་གནས་སྦོས་བྱས་ནས་བོད་ཀྱི་ལུང་ནང་དུ་བོད་མི་རིགས་གྲངས་ཉུང་ཆགས་བཞིན་པ་རེད། ལྷ་སར་ལ་བོད་ལས་རྒྱ་མང་གི་རེད། ལྷ་ས་ལྟ་བུ་ལ་རྒྱ་སྐད་མ་ཤེས་ན་རང་མགོ་མི་ཐོན་པའི་ས་མཚམས་ལ་བསླེབས་བསྡད་ཡོད་རས། མིང་དོན་མཚུངས་པའི་རང་སྐྱོང་རག་ན་ལྷ་སར་རྒྱ་མི་ཉུང་འགྲོ་གི་རེད་དམ། དེ་ལས་མང་རེ་འགྲོ་གི་རེད་དམ།
    ༤ དྲི་བ་འདི་གསུམ་རང་གིས་མ་ཤེས་ནས་འདྲི་གི་ཡོད་པས་ཆབ་སྲིད་ཐོག་ཏུ་མཁྱེན་རྒྱ་བའི་བོད་མི་སུ་ཡིས་ལན་ཐུབ་ན་དགའ་པོ་ཡོང་བ།

    Reply
  2. ནད་པ says:
    ལོ་ 13 སྔོན།

    འབྲོང་གི་གཏམ་གླེང་དྲི་བ་དྲུག་མ་འདི་ཆ་ཚང་བ་ཞིག་བཀླགས་པས་དངོས་གནས་སེམས་ནང་དགའ་མགུ་དང་ཡི་རང་མ་བྱེད་ཀ་མེད་བྱུང་། གང་ཡིན་ཟེར་ན་དྲི་བ་ལྔ་ལ་དྲི་ལན་ཡང་དག་པ་ཞིག་བསྐྱོན་འདུག

    ” དྲུག་པ། ང་ཚོའི་སྤྱི་ཚོགས་ནང་མི་མང་པོ་ཞིག་འུད་སྒྲོག་ལ་དགའ་ཞིང་དོན་དངོས་ལ་མི་དགའ་བ་འདི་ཅིས་ལེན་པ་རེད་དམ།” ང་ཚོ་སྟེ་གཞི་བྱེས་བོད་རིགས་སུ་ཞིག་ཡིན་ན་ཡང་ང་ཚོས་ངེས་པར་དུའང་བོད་མིའི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༸ གོང་ས་སྐྱབས་མགོན་༸ རྒྱལ་དབང་ཡིད་བཞིན་ནོར་བུའི་དཀའ་སློབ་དང་ལམ་སྟོན་འོག་ཚང་མས་ཤར་བསྐྱོད་བྱེད་ཐུབ་པ་དགོས།

    ང་ཚོ་བོད་འབངས་ཚོར་མཚོན་ན་༸ གོང་ས་མཆོག་གིས་བཀའ་སློབ་དང་ལམ་སྟོན་ལས་ལྷག་པ་ཞིག་སྟེང་ལྷ་དང་། འོག་ཀླུ། བར་བཙན་གསུམ་གང་དུ་བཙལ་ན་ཡང་རྙེད་ཐབས་མེད་པའི་གནས་སྟངས་དེ་བོད་རིགས་ཚང་མས་ངེས་པར་དུའང་ཤེས་དགོས།

    དེར་བརྟེན་བོད་དེ་སྔར་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་ན་ཡང་ད་ཆ་རྒྱ་མིའི་འོག་གནས་པའི་རྒྱའི་མི་སེར་སྤེལ་གཅིག་ཏུ་གྱུར་ཟིན། དེར་བརྟེན་ང་ཚོས་༸ རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལམ་སྟོན་འོག་འདས་པའི་གནས་ཚུལ་གང་ཞིག་ཡིན་ཀྱང་འདས་ཚར་བས་ཡག་ཉེས་གང་བྱུང་ལ་བསྐྱར་ལོ་བྱ་རྒྱུ་མེད། ད་ལྟ་སྟེ་དངོས་ཡོད་ཀྱི་གནས་ཚུལ་ལ་གཞི་བཅོལ་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་སོགས་གང་ཡིན་ཀྱང་ད་ལྟ་རང་སྒྲུབ་ཐུབ་པ་བྱེད་དགོས། མ་འོངས་པ་ཟེར་བ་དེའི་མིའི་རིགས་ཀྱི་ཕུགས་བསམ་དང་དམིགས་འབེན་གཅིག་ཡིན་སྟབས་དེ་བསྒྲུབ་པར་བྱ་བའི་ཐབས་ལམ་འཚོལ་རྙེད་ཐུབ་པ་བྱེད་དགོས།

    ངས་བོད་ཀྱི་གཏམ་དཔེ་གཅིག་བཤད་འདོད་བྱུང་། ཁྱེད་ཚོས་ཀྱང་གོ་མྱོང་ཡོད་སྲིད་པ་རེད།་་་་་་་་སང་ཉིན་གྱི་ཤ་ལས་དེ་རིང་གི་གྲོད་པ་ཞིམ་་་་་་་ཞེས་བཤད་སྲོལ་ཡོད་པ་ལྟར་་་་་་་་་་་་་་་།སང་ཉིན་གྱི་རང་བཙན་ལས་དེ་རིང་གི་རང་སྐྱོང་ཡག་མི་འདུག་གམ་་་་་་་་་།

    ༸ གོང་སྐུ་འཕྲེང་ ༡༣ པས་རང་བཙན་གསལ་བསྒྲགས་གནང་བ་ཙམ་མ་ཟད་ཆོས་རྒྱལ་སྲོང་བཙན་སྒམ་པོས་སུམ་གཉིས་ས་ལ་དབང་བསྒྱུར་བའི་ལོ་རྒྱུས་ཡོད། ཡིན་ན་དེ་གཉིས་ཀ་འདས་པའི་བྱུང་བ་ཤ་སྟག་རེད། ད་ལྟའི་རྒྱ་ནག་གི་གནས་སྟངས་དང་ང་ཚོའི་བོད་ཀྱི་གནས་སྟངས་འདི་གཉིས་ཀྱི་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་བསམ་བློ་གཏོང་དགོས་པ་རེད།

    མ་སོངས་པའི་རྒྱ་ནག་དང་མ་འོངས་པའི་བོད་ཟེར་བ་དེ་སུས་ཀྱང་བཤད་ཚོད་མི་ཐུབ་པའི་གནད་དོན་ཞིག་རེད།

    Reply
  3. བོད་དགའ། says:
    ལོ་ 13 སྔོན།

    དྲི་བ་དང་པོའི་ལན།
    བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡང་དག་པའི་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མཁན་ཆེས་ཉུང་ཁར་གཞན་རྗེས་སུ་གཡམ་རྒྱུག་བྱེད་པར་དགའ་དྲགས་པས་རེད།

    དྲི་བ་གཉིས་པའི་ལན།
    དེ་ནི་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཐུག་ཡོད་རེད་བསམ། འཛམ་གླིང་སྤྱི་ཁྱབ་ཀྱི་སྐད་དེ་དབྱིན་ཡིག་ནང་དུ་བོད་གཞུང་ཞེས་པའི་ཐ་སྙད་དེ་བཅུག་ཐུབ་མེད་ལ། ང་ཚོ་གནས་ཚང་གཡོར་བཞིན་པའི་རྒྱལ་ཁབ་འདི་དང་འདིའི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་རྣམས་ཀྱི་ཆབ་སྲིད་ཀྱི་རྩོད་རྙོག་དབང་གིས་བོད་གཞུང་ཞེས་སུས་ཀྱང་ཁས་ལེན་ཐབས་བྲལ། ལྷག་པར་ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱིས་བོད་གཞུང་ཞེས་པའི་ཐ་སྙད་འདིའི་ཐོག་ནས་གྲོས་མོལ་གྱི་ལམ་ཞིག་ནམ་ཡང་བསྟན་མེད་ལ་སྟོན་ཡང་མི་སྲིད་པ་ཞིག་ཡིན་སྟབས་གནད་དོན་དེར་ཐུག་ཡོད་རེད་དྲན།

    དྲི་བ་བཞི་པའི་ལན།
    ད་ལྟའི་གཉེན་འཕྲང་འདིའི་ནང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུག་གི་ལང་ཕྱོགས་རང་སྲིད་རང་སྐྱོང་སྟེ། ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་སྡོད་འདོད་ཡོད་གསུངས་དང་གསུང་བཞིན་ཡོད་པ་དང་། ང་ཚོ་མི་མང་ཚོས་ངོས་ནས་ཀྱང་སྒྲིག་འཛུག་འདིའི་མཛུབ་མོ་གར་བསྟན་ཤར་དུ་འགྲོ་དགོས་པ་དོན་ལྡན་ཡིན་སྟབས་སླར་ཡང་རང་བཙན་རྩོད་ལེན་བྱ་རྒྱུ་ཡིན་གསུང་སྡོད་ན་བྱིས་པ་ཡུང་ཕུང་ནང་སླེབས་པ་བཞིན་མཐར་གང་ལའང་འཇུ་ས་མེད་པ་ཞིག་ཆགས་མི་སྲིད་པ་མ་རེད་སྙམ། སྤྱིར་འགའ་ཞིག་གིས་ཆབ་སྲིད་ཀྱི་ལང་ཕྱོགས་མི་འདྲ་བ་ཡོད་དགོས་པ་དང་། གྲོས་ཚོགས་གོང་འོག་སོགས་གླེང་མཁན་འདུག་ཀྱང་། མཉམ་འབྲེལ་མེད་ལ་རང་ཁ་རང་གསོ་ཙམ་ཡང་བྱ་ཐུབ་མིན་ཐག་མ་ཆོད་པའི་སྤྱི་ཚོགས་འདིར་དེ་ཚོ་གླེང་སྔ་དྲགས་པ་རེད་སྙམ།

    དྲི་བ་ལྔ་པའི་ལན།
    ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སྐད་གྲགས་ཅུང་ཡོད་པ་རེད་ལ། ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ལའང་དེས་ལས་ཀ་མི་ཉུང་བ་ཞིག་སྤྲད་ཡོད་པར་བདེན་པ་རེད། སྤྱིར་མཆོད་ཡོན་གསུམ་སོགས་དེ་དང་འདྲ་བའི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནང་གི་གནད་མང་པོ་ཞིག་ལ་ཞིབ་འཇུག་དང་དག་ཐེར་དགོས་ན་ཆེ་དགུ་མང་པོའི་རུལ་དྲི་ཕྱི་ལ་འཐུལ་རྒྱུ་ལས་ཅང་མེད་སྟབས་འདི་ཚོའི་སྐོར་ལ་སྨྲ་བ་ཉུང་བའི་རྒྱུ་མཚན་འདི་དག་རེད་སྙམ།

    དྲི་བ་དྲུག་པའི་ལན།
    རྩ་བའི་མི་མང་ལ་དཔྱད་སྟོབས་ཀྱི་ཤེས་ཡོན་མེད་པས་རེད་ལ། སྤྱི་ཚོགས་འདིའི་ནང་གོ་ས་ཡོད་པའི་མི་སྣ་ཆེ་གོ་མོ་ཞིག་ལ་སྐྱོན་འདོགས་བྱ་ན་ལྟ་ལོག་དང་མི་བྲལ་ནས་གཏན་དུ་བུད་འགྲོ་བས་རེད། དེ་ནི་གཅིག་བྱས་ན་སྲོལ་རྒྱུན་གྱི་ལྟ་བས་འཆིང་དྲགས་པས་རེད་ལ། གཅིག་བྱས་ན་སྤྱི་ཚོགས་འདི་ད་ལྟ་ན་མ་སྨིན་པས་ཡིན་ཡང་སྲིད།

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    ད་ཚང་མ་ལོས་ཡ་མི་བྱེད་ན། སོ་སོའི་སོ་སོར་དྲི་བ་འདྲ་འདོན་དགོས་པ་འདྲ། འོ་ན། གཞུང་བསྡུ་མི་རུང་བའི་གནད་གང་ལ་ཐུག་ཡོད་པ་རེད་དམ། དོན་དག་འདི་རྒྱལ་སྤྱིའི་ཁྲིམས་ལ་ཁུངས་གཏུག་གི་ཡོད་པ་རེད་ལ། ཁྲིམས་གཞུང་དེ་མཐའ་མའི་ཐག་གཅོད་ཀྱི་ཚད་གཞིར་དམིགས་ཀྱི་ཡོད་པ་རེད། སྐབས་དེ་ཤེད་ལ་ཁ་གཏད་ཡུལ་ལ་ངོས་ལེན་ཡོད་མེད་གང་ལྟར་ཡང་རང་ཕྱོགས་སུ་གཅིག་གྱུར་གྱིས་ངོས་ལེན་ཡོད་ཅིང་། མིང་ལ་གཞུང་ལབ་མཁན་ཞིག་ཡོད་པ་ཡིན་ན། དེའི་བྱ་སྤྱོད་མཐའ་དག་ཁྲིམས་ལུགས་ཀྱི་དཔང་རྟགས་སུ་ངོས་ལེན་བྱེད་ཀྱི་ཡོད་པ་རེད། དེ་ལས་ལྡོག་པའི་ཚོགས་སྐྱིད་མང་ཚོགས་ཀྱི་བྱ་སྤྱོད་རྒྱལ་སྤྱིའི་ཁྲིམས་ངོས་ནས་དཔང་རྟགས་སུ་བསྡུ་ལེན་གནང་གི་མ་རེད། རྒྱ་མཚན་ནི་བོད་གཞུང་རང་འགུལ་གྱིས་འགྱུར་སོང་བ་ཡིན་པས། ཁྲིམས་ཀྱི་སྐད་ཆ་ལྟར་བཤད་ན་བདག་དབང་བར་མཚམས་ཆད་པའི་ཁྱབ་ཁོངས་སུ་ཚུད་ཚར་བ་རེད། དེ་བས། ད་ལྟ་ལྷག་ཡོད་པ་ནི་བོད་ནང་རེད་ལ། ཧ་ལམ་མངོན་གསལ་བསྒྲགས་མིན་གང་ལྟར་ཡང་གཞུང་ཞིག་བྱུང་སྲིད་པ་ནི་མེར་བསྲེག་འཐབ་རྩོད་རྐྱང་པའི་སྟེང་ནས་ཀྱང་ཤེས་སླ་བ་ཞིག་རེད་ལ། གཞུང་ལུགས་ཀྱང་གསར་བ་ཞིག་བྱུང་མི་སྲིད་པ་མ་རེད། དེའི་ཕྱིར། བཙན་བྱོལ་ནང་གི་ང་ཆེ་ང་དྲག་ཚང་མ་ལོས་བོད་བཞུགས་རྒྱ་ཆེའི་མི་མང་གི་དགོས་འདུན་ལ་གཞོགས་འདེགས་བྱེད་འོས་པ་ལས་ལྷ་སྒྲུང་གསར་བ་བཟོས་ནས་མགོ་བསྐོར་གསར་བ་མི་གཏོང་བར་གནང་རྒྱུ་ནི་རྒྱུད་དུ་སྙིང་རྗེ་དང་རྒྱུ་འབྲས་ཡོད་མེད་ལ་ཐུག་ཡོད་པ་ཞིག་ཡིན།

    Reply
  5. བདེན་གཏམ། says:
    ལོ་ 13 སྔོན།

    འབྲོང་དཀར་ལགས་ཀྱི་དྲི་བ་དྲུག་པའི་ལན་འདི་ཕལ་ཆེར་གུས་ཀྱི་བྱེད་ན།
    ང་ཚོ་བོད་ཀྱི་གཏམ་དཔེ་འདིའི་འཐུས་ཀྱི་སྙམ།
    གཏམ་དཔེ་ནི། རང་དོན་སྒྲུབས་ན། ཆ་ལུགས་ངན་ནའང་ངན་ཟེར་བ་དེ་རེད།

    Reply
  6. ལུང་རྟོགས། says:
    ལོ་ 13 སྔོན།

    དྲི་བ་དྲུག་པའི་ལན། འདི་ནི་ཤེས་ཡོན་དང་ལྷག་བསམ་མེད་པས་ལེན་པ་རེད།

    Reply
  7. གནས་ཚང་། says:
    ལོ་ 13 སྔོན།

    འོ་འདི་དྲི་བ༦ལན་དུའང་ལྟ་ཆོག

    Reply
  8. གནས་ཚང་། says:
    ལོ་ 13 སྔོན།

    ༡ ད་དེང་སྐབས་འདི་དག་ལབ་ནས་སྡོད་རིན་ཞིག་མ་རེད། བོད་མི་ས་ཡ་དྲུག་ལ་སྡོད་གཟོད་མ་ཡོད་པར་མེར་བསྒྲོན་བཞིན་པ་མི་མཐོང་ངམ།
    ༢ མ་གཞི་དྲི་བ་མང་བོ་ཡོད་པ་རེད། དཔེར་ན།
    A རྒྱ་མིའི་རྩ་ཁྲིམས་འོག་ནས་ཚུར་བྲོས་ནས་ཡོང་བ་ཡིན་པས། དེང་སྐབས་ཕར་ལོག་གི་ཡིན་ལབ་པ་ཡིན་ན། ཉུང་མཐར་མེས་རྒྱལ་ཁ་བྲལ་བའི་ཉེས་པར་གཞོལ་ཐབས་ཡོད་པ་མ་རེད། ཉུང་ཤས་ཤིག་ལ་གནས་སྐབས་གུ་ཡངས་རེག་སྲིད་ཀྱང་མང་ཆེ་བར་བར་རེག་གི་མ་རེད། དེ་ལྟར་མི་འབྱུང་བར་སུས་ཁག་ཐེག་བྱེད་ཐུབ་བམ།
    B རྩ་ཁྲིམས་ལ་ངོས་ལེན་ཤོར་ཟིན་པའི་རྗེས་སུ་ཕྱིས་འབྱུང་ཐ་དག་ནང་སྲིད་རེད། བཀའ་སྤྱི་གཉིས་ཀྱི་བྱ་བྱེད་ཚང་མའང་ཁྲིམས་འགལ་རེད་ལ། ཕྱི་རྒྱལ་གྱི་གཞུང་ཐ་དག་གི་ལྕེ་ལེ་བཅད་ཟིན་པ་རེད། དེ་བས། བོད་ནང་གི་དཔའ་བོ་ཚོས་རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་འདོད་ཀྱི་སྐུ་སྲོག་མེར་བསྒྲོན་ལས་འགུལ་འདི་རྦད་དེ་ཕམ་ཉེས་སུ་བཏང་ཡོད་པ་མ་ཡིན་ནམ། དོན་ལ་རྒྱ་གཞུང་གི་བྱེད་སྟངས་ལས་ཀྱང་གསལ་བོ་མངོན་ཡོད་ལ། ཕྱི་གླིང་བས་རྒྱབ་བསྐྱོར་ཉུང་ངུ་ལས་རེག་གི་མེད་པའང་འདིར་ཐུག་ཡོད།

    ད་རེས་དྲི་བ་གཉིས་ལས་མེད། རིམ་པས་འདྲི་ཆོག་པར་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese