མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆན་གྲོཊ་ལྷག་བསམ་གྱི་དྲི་བར་འབྲོང་གིས་ལན་འདེབས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

འབྲོང་དཀར་པོ།

ཉེ་སྔོན་གུས་པས་དུས་བབ་དྲ་ཐོག་ཏུ་༼འབྲོང་གི་གཏམ་གླེང་དྲི་ལན་དྲུག་མ།༽ཞེས་པའི་རྩོམ་ཡིག་ཅིག་བཀོད་ཡོད་པའི་གཤམ་དུ། མིང་དངོས་རྫུན་གང་ཡིན་ཤེས་དཀའ་ཡང་ལྷག་བསམ་ཞུ་བ་ཞིག་གིས་དྲི་བ་གསུམ་བཀོད་དེ་དེ་ཚོར་ཆབ་སྲིད་ཐོག་མཁྱེན་རྒྱ་ཡངས་པའི་བོད་མི་སུས་ལན་འདེབས་བྱས་ཀྱང་དགའ་བོ་ཡོང་བ་འདུག་ཅེས་གསུངས་འདུག ང་རང་ཆབ་སྲིད་ཐོག་མཁྱེན་པ་ཡོད་མཁན་དེ་འདྲ་རྩ་བ་ནས་མིན་ཡང་ཁོང་གི་དྲི་བ་གསུམ་དེར་ལན་འདེབས་བྱ་རྒྱུའི་འདོད་པ་ཅན་དུ་གྱུར་སོང་། ཁྱེད་ནས་ཆབ་སྲིད་ཐོག་མཁྱེན་པ་ཡོད་མཁན་ཚོར་བཏང་བའི་དྲི་བར་ཆབ་སྲིད་ཐོག་གོ་རྟོགས་དམན་པ་ངས་དོན་མེད་ཀྱི་ལན་བཏབ་པར་དགོངས་གསོལ་ཞུ་རྒྱུ་ཡིན། གུས་པས་ལན་འདེབས་འདི་མཆན་གྱི་ཚུལ་དུ་མ་བཀོད་པར་མང་པོའི་མཁྱེན་རྟོགས་སླད་རྩོམ་ཡིག་གི་ཚུལ་དུ་བྲིས་པ་ཡིན། ཁྱེད་ཀྱི་དྲི་བ་རྣམས་རྒྱ་ཆེའི་ཀློག་པ་པོ་ཚོའི་ཆེད་འདིར་མཉམ་བཀོད་བྱེད་རྒྱུ་ཡིན།

དྲི་བ་དང་པོ། “ བཙན་བྱོལ་སྒྲིག་འཛུགས་དང་ཀྲུང་དབྱང་སྲིད་གཞུང་གཉིས་ལོ་མང་རིང་གྲོས་མོལ་བྱས་པ་རེད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་མི་མང་གི་གནད་དོན་ཞེས་པ་ཞིག་གྲོས་མོལ་བྱེད་དགོས་དོན་མེད། ཏཱ་ལའི་བླ་མ་དང་དེའི་ཉེ་འཁོར་གྱི་མི་ཁ་ཤས་ཀྱི་མདུན་ལམ་ཐོག་ཏུ་གྲོས་བསྡུར་བྱེད་ཀྱི་ཡིན་ཞེས་བཤད་ཡོད། བཙན་བྱོལ་བའི་ངོས་ནས་ང་ཚོའི་བདེ་སྡུག་བཤད་ཀྱི་མེད། བོད་རིགས་ཡོངས་ཀྱི་བདེ་སྡུག་གྲོས་མོལ་བྱེད་དགོས་ཡོད་ཅེས་གསུངས་ཡོད། སྔོན་མ་བཙན་བྱོལ་གཞུང་ཡོད་དུས་ཀྱང་སྐུ་ཚབ་གཉིས་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་བཤད་ཡག་གི་དབང་ཆ་མེད་གསུང་དུས་དེང་སང་སྒྲིག་འཛུགས་ཤིག་ལ་བོད་མི་རིགས་ཡོངས་ཀྱི་བདེ་སྡུག་གྲོས་མོལ་བྱེད་པའི་ཐོབ་ཐང་ཀྲུང་དབྱང་སྲིད་གཞུང་གིས་ངོས་ལེན་བྱེད་ཀྱི་རེད་དམ།”  ཁྱེད་ཀྱི་དྲི་བ་དང་པོའི་ལན་ཞུ་རྒྱུར། ཁྱེད་རང་ནས་གསུངས་པ་བཞིན་བོད་རྒྱ་འབྲེལ་མོལ་ཐེངས་ག་ཚོད་བྱས་མིན་ལ་མ་ལྟོས་པར་རྒྱ་ཕྱོགས་ནས་ག་དུས་ཡིན་ནའང་ཏཱ་ལའི་བླ་མ་དང་ཁོང་གི་ཉེ་འཁོར་ཉུང་ཤས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ལས་གཞན་པའི་གནད་དོན་མེད་ཚུལ་ཕྱིར་བསྒྲགས་བྱེད་ཀྱི་ཡོད། འོན་ཀྱང་འདི་ནི་ཕྱིར་བསྒྲགས་ཙམ་ལས་དོན་དམ་དུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུ་ཁྲིད་རྣམ་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པའི་བར་འབྲེལ་མོལ་བྱེད་སྐབས་༸གོང་ས་མཆོག་དང་ཁོང་གི་ཉེ་འཁོར་ཉུང་ཤས་ཀྱི་དོན་དག་གླེང་རྒྱུའི་རེ་བ་བྱས་པ་བྱུང་མེད། བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡ ནས་ ༢ བར་ཚུགས་སྐབས་རྒྱ་ཕྱོགས་ནས་རང་སྐྱོང་སྐོར་གྱི་ང་ཚོའི་བསམ་འཆར་ཉན་འདོད་ཡོད་སྐོར་བཤད་པ་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༥ ཉིན་བར་འབྲེལ་མོལ་ཐེངས་དགུ་པ་ཚུགས་སྐབས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པའི་ཡིག་ཆ་སྤྲད་ཡོད།

ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་འགོད་གསལ་བསྒྲགས་ཀྱི་ཚོགས་འདུ་ཚོགས་པའི་སྐབས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝུའི་ཆུན་ལ་ཀྲུང་གོ་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་བཏང་བའི་དྲི་བའི་ལན་ཞིག་ཏུ་འདི་ལྟར་བཤད་ཡོད། <བོད་ལྗོངས་ཉིན་རེའི་ཚགས་པར་>འབྲེལ་ཐུག་གྲོས་མོལ་བྱས་ནས་ད་བར་ག་དུས་ཡིན་རུང་རྒྱ་རི་བློ་རྒྱན་ཁོ་ཚོས་བཏོན་པའི་གནད་དོན་ཚང་མ་དེ་དག་ཡིན་ལ་ང་ཚོས་ཀྱང་ལན་འདེབས་བྱེད་པ་དེ་དེ་རིང་ངས་ཚང་མར་ལན་འདེབས་བྱེད་པ་དེ་ག་ཡིན་པ་ལས་ངོ་བོའི་རང་བཞིན་གྱི་འགྱུར་བ་གང་ཡང་བྱུང་མེད་པས་ཡིན། ཞེས་བཤད་ཡོད། ཀྲུའུ་ཡི་སྐད་ཆ་འདིའི་ཐོག་ནས་ང་ཚོས་བསམ་གཞིགས་ཤིག་བྱས་ན་གསར་འགོད་ཚོགས་འདུའི་ཐོག་གི་སྐད་ཆ་སྔ་ཕྱི་བར་གསུམ་གང་དུ་ཡང་ཏཱ་ལའི་བླ་མ་མི་སྒེར་གྱི་གནད་དོན་འདི་ཡིན་ཞེས་པ་གླེང་རྒྱུ་མ་བྱུང་ཞིང་། ཀྲུའུ་ཡིས་བཤད་པ་ལྟར་ན་འབྲེལ་མོལ་སྔ་ཕྱི་ཚང་མར་སྐད་ཆ་འདི་ཚོའི་ཐོག་གྲོས་མོལ་བྱས་ཡོད་ན་འབྲེལ་མོལ་ཐེངས་དགུ་པ་བར་རྒྱ་ཕྱོགས་ནས་དོན་དམ་པར་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་འདི་ཡིན་གླེང་བའི་གཞི་མེད་པ་གསལ་པོ་མཁྱེན་ཐུབ། རང་ཕྱོགས་ནས་བོད་མི་ཡོངས་ཀྱི་བདེ་སྡུག་གླེང་རྒྱུའི་རེ་བ་བྱས་པ་བཞིན་ང་ཚོ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གླེང་བའི་ཐོབ་ཐང་ཡོད་པར་རྒྱལ་སྤྱིའི་ངོས་འཛིན་ཐོབ་ཡོད། བཙན་བྱོལ་གཞུང་གི་མིང་བྱང་གཞུང་དང་སྒྲིག་འཛུགས་གང་དུ་བསྒྱུར་ཀྱང་རུང་རྒྱ་ཕྱོགས་ནས་ད་བར་ཏཱ་ལའི་བླ་མ་སྒེར་གྱི་སྐུ་ཚབ་དང་ཐུག་འཕྲད་བྱས་ཚུལ་སོགས་བཤད་པ་ལས་བཙན་བྱོལ་གཞུང་གི་སྐུ་ཚབ་ངོས་ལེན་བྱེད་ཀྱི་མེད། དེ་བཞིན་ཕྱི་རྒྱལ་ཁག་གི་གཞུང་འབྲེལ་མི་སྣ་སུ་འདྲ་ཞིག་ནས་རྒྱ་བོད་འབྲེལ་མོལ་སྐོར་གླེང་སྐབས་ཀྲུང་དབྱང་སྲིད་གཞུང་དང་། ༸གོང་ས་མཆོག་གི་སྐུ་ཚབ་བར་འབྲེལ་མོལ་གནང་དགོས་ཚུལ་གསུངས་པ་མ་གཏོགས་བཙན་བྱོལ་གཞུང་ལ་བཀའ་མོལ་གནང་དགོས་ཚུལ་ཤོད་ཀྱི་མེད། དཔེར་ན། ས་བྱི་ལོའི་ཞི་རྒོལ་བྱུང་བའི་རྒྱུད་རིམ་ཁྲོད་དུ་ཨ་རིས་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གཞུང་འཛིན་མི་སྣས་རྒྱ་བོད་འབྲེལ་མོལ་ཐོག་བཀའ་སློབ་གནང་བ་ཚང་མར་བསྐྱར་གཟིགས་གནང་ན་མཁྱེན་ཐུབ། དེས་ན་ད་བར་གྱི་འབྲེལ་མོལ་ཐམས་ཅད་༸གོང་མཆོག་གི་སྐུ་ཚབ་ཀྱི་མིང་ཐོག་ནས་གནང་ཡོད། རྒྱ་ཕྱོགས་ནས་གངས་ཅན་སྐྱིད་གཤོངས་ཀྱི་སྒྲིག་འཛུགས་དེར་མིང་གང་བཏགས་ཀྱང་རུང་དོན་དངོས་ཐོག་ཁྲིམས་མཐུན་མ་ཡིན་པའི་ཡུལ་གྱར་སྲིད་གཞུང་ཞིག་ཏུ་ངོས་འཛིན་བྱས་ཏེ་དེའི་སྐུ་ཚབ་དང་ངོ་ཐུག་མི་བྱེད་པའི་རྣམ་འགྱུར་སྟོན་གྱི་ཡོད། མདོར་བསྡུས་ནས་བཤད་ན་བཙན་བྱོལ་སྒྲིག་འཛུགས་འདིར་མིང་གང་ཞིག་བཏགས་མིན་ལ་མ་ལྟོས་པར་གང་ལྟར་ཡང་གཞུང་ཞིག་ཏུ་ངོས་འཛིན་བྱེད་པ་ནི་རྒྱ་བོད་གཉིས་ཀ་ཐུན་སྣང་དུ་གྲུབ་ཡོད་སྙམ།

དྲི་བ་གཉིས་པ། “གཉིས་སྨན་དབུ་མའི་ལམ་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཉེན་ཁ་ལས་བསྐྱབ་ཀྱི་ཡིན་གསུངས་འདུག གང་འདྲ་བྱས་ནས་ཉེན་སྐྱོབ་བྱ་ཐུབ་བམ། དེང་སང་ཡོད་བཞིན་པའི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་དུ་ཆོས་དད་རང་མོས་དང་། སྐད་ཡིག་དར་སྤེལ་གཏོང་ཆོག་ཅེས་བཀོད་ཡོད། དེ་ནི་ཀྲུང་དབྱང་སྲིད་གཞུང་གིས་བཟོས་པའི་ཁྲིམས་ལུགས་རེད། མ་འོངས་པར་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རག་པ་ཡིན་ན་ཆོས་དད་རང་མོས་དང་སྐད་ཡིག་དར་རྒྱས་གཏོང་ཐུབ་པ་ལ་ཁྱད་པར་ག་རེ་ཡོད་དམ” ཁྱེད་ཀྱི་དྲི་བ་གཉིས་པའི་ལན་ཞུ་རྒྱུར། ཁྱེད་རང་གི་དྲི་བར་སྡོམ་ཚིག་བརྒྱབ་ན་གལ་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་ན་ད་ལྟའི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བ་ལས་ལྷག་ཆོས་དད་དང་སྐད་ཡིག་སོགས་ཀྱི་ཡར་རྒྱས་གོང་སྤེལ་ཇི་ལྟར་གཏོང་ཐུབ་བམ་སྙམ་པ་དེ་རེད། ད་ལྟའི་དུས་སྐབས་འདིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས། དེ་བཞིན་ཁྲིམས་སྲོལ་རིམ་པའི་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཆོས་དད་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བཤད་པ་རྣམས་ནི་ཡིག་ཐོག་ཁྲིམས་ཡིག་ཙམ་ལས་གཞན་པའི་དོན་དངོས་ཀྱི་ལག་ལེན་བསྟར་མེད་པ་ཧ་ཅང་གསལ་པོ་ཡིན། དཔེར་ན་རྩ་ཁྲིམས་ལེའུ་གཉིས་པ། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན། དོན་ཚན་སོ་གསུམ་པ་ནས་དོན་ཚན་ཞེ་གཉིས་ཀྱི་བར་གསལ་བའི་སྤྱི་དམངས་ཀྱི་ཐོབ་ཐང་དེ་ཚོ་གྲངས་ཉུང་མི་རིགས་སྨོས་ཅི་དགོས་ཏེ་རྒྱ་རིགས་མི་མང་ཚོ་ལའང་ལོངས་སྤྱོད་བྱེད་པའི་རང་དབང་མེད་པ་གསལ་པོ་ཡིན། དེར་བརྟེན་མིང་དང་དོན་མཚུངས་ཐུབ་ཀྱི་མེད།

ཁྱེད་ཀྱིས་གསུངས་པ་བཞིན་གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་པ་ཡིན་ན། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལེའུ་གསུམ་པའི་ས་བཅད་ལྔ་པ་དང་། དྲུག་པར་གསལ་བའི་གཞི་རྩའི་རྩ་དོན་གཞིར་བཟུང་གིས་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ་སོགས་ཀྱི་རང་སྐྱོང་ལས་ཁུངས་ལ་ལེགས་བཅོས་དང་། མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ལ་བསྐྱར་བཅོས། ས་གནས་དང་འཚམ་པའི་ཁྲིམས་སྲོལ་གསར་བཟོ་སོགས་བྱས་ཏེ་རྩ་ཁྲིམས་ལེའུ་དང་པོའི་དོན་ཚན་བཞི་པ་དང་། ལེའི་གཉིས་པའི་དོན་ཚན་སོ་དྲུག་པ། ལེའུ་གསུམ་པའི་ས་བཅད་དྲུག་པའི་ནང་གསལ་བའི་མི་རིགས་རང་སྐྱོང་གི་ཆོས་རིག་སྐད་ཡིག་སོགས་སྲུང་སྐྱོབ་དར་སྤེལ་གཏོང་ཕྱོགས་སྐོར་གྱི་ཁྲིམས་ཡིག་གཞིར་བཟུང་ཐོག་བོད་རིགས་ཡོངས་པ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ས་བཅད་བཞི་པ། བོད་མིའི་གཞི་རྩའི་དགོས་མཁོ། རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག ཅེས་པའི་ནང་གསེས་དོན་ཚན་ཁག་རྩོད་ལེན་བྱས་ཆོག ཐོབ་ཐང་འདི་ཚོའི་ཐད་ང་ཚོས་ད་དུང་ལེའུ་གཉིས་པའི་དོན་ཚན་སོ་ལྔ་བའི་དགོངས་དོན་འོག་གཏམ་བརྗོད་བྱེད་པ་དང་། ཚོགས་འདུ་བྱེད་པ། ཁྲོམ་སྐོར་བྱེད་པ། ཞི་བའི་རྔམ་སྟོན་བྱེད་པ་སོགས་ཀྱང་བྱས་ཆོག  ང་ཚོས་དམའ་མཐར་ཡང་ད་ཡོད་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས་ནང་གསལ་བའི་ཁྲིམས་ཡིག་ཁག་དོན་དམ་པར་ལག་བསྟར་བྱས་ཏེ་མི་རིགས་རང་སྐྱོང་གི་སྲིད་འཛིན་ས་ཁུལ་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་གཞུང་ཡིག་ཏུ་སྤྱོད་པ་དང་། རང་གི་མ་སྐད་ནང་མི་རིགས་སློབ་གྲྭ་ཁག་གི་སློབ་ཚན་ཁྲིད་ཐུབ་པ་སོགས་བྱེད་ཐུབ། དཔེར་ན་དེ་སྔོན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་ཀྱི་དགོངས་དོན་འོག་བོད་རང་སྐྱོང་ལྗོངས་ནང་གི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཚན་མི་རིགས་རང་ཉིད་ཀྱི་མ་སྐད་ནང་བསླབ་བཅུག་པ་ལྟ་བུ་ཡིན། སྐབས་དེར་སླེབས་ན་ང་ཚོར་ཆོས་རིག་དང་སྐད་ཡིག་སྲུང་སྐྱོབ་ཙམ་མ་ཡིན་པར་གང་སྤྱིར་མང་པོ་བྱེད་རྒྱུ་རག་གི་རེད།

དྲི་བ་གསུམ་པ། “ བོད་འདིར་མི་སེར་སྤེལ་ཡུལ་ཆགས་ཡོད་པ་རེད། རྒྱ་རིགས་མང་པོ་བོད་ལ་གནས་སྤོས་བྱས་ཏེ་བོད་ནང་བོད་མི་གྲངས་ཉུང་ཆགས་བཞིན་པ་རེད། ལྷ་ས་ལྟ་བུ་ལ་རྒྱ་སྐད་མི་ཤེས་ན་རང་མགོ་མི་ཐོན་པའི་ས་མཚམས་ལ་སླེབས་ཡོད་རེད། མིང་དོན་མཚུངས་པའི་རང་སྐྱོང་རག་ན་ལྷ་སར་རྒྱ་མི་ཉུང་དུ་འགྲོ་གི་རེད་དམ། དེ་ལས་མང་དུ་འགྲོ་གི་རེད།” ཁྱེད་ཀྱི་དྲི་བ་གསུམ་པའི་ལན་དུ། འདིའི་སྐོར་དེ་སྔོན་ང་ཚོས་རྒྱ་ཕྱོགས་ལ་སྤྲད་ཟིན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་ཕྱོགས་མི་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག་སྐོར་གསལ་པོ་བཤད་ཡོད། གལ་སྲིད་རྒྱ་བོད་བར་འགྲིག་མཐུན་གྱིས་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་ན་དེ་དུས་གནད་དོན་འདིའི་ཐད་གཅོད་ཡོང་ངེས་རེད། དམའ་མཐར་ཡང་དམག་དཔུང་དང་། རྫོང་ཡན་གྱི་རྒྱ་རིགས་ལས་བྱེད་པ་མང་པོ་ཞིག་ཕྱིར་ལོག་བྱེད་ཀྱི་རེད། སྔར་བཤད་པ་བཞིན་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་གི་སྲིད་འཛིན་ས་ཁུལ་གསར་འཛུགས་བྱས་མཚམས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ང་ཚོའི་བསམ་འཆར་ཡིག་ཆའི་ནང་གསལ་བ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་། རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། མང་ཚོགས་ཀྱི་འཕྲོད་བསྟེན། བདེ་འཇགས། སོགས་ཀྱི་ཐད་ཁྲིམས་ཐོགས་ནས་དོ་དམ་ཚད་ལྡན་བྱས་ཚེ་ད་ལྟ་ཁྲིམས་ལུང་བྱེད་པར་གང་བྱུང་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་མི་སོགས་མང་པོ་ཞིག་རང་བཞིན་གྱིས་བུད་འགྲོ་གི་རེད། དེས་ན་ང་ཚོར་རྒྱ་མི་ཉུང་དུ་གཏོང་བའི་བྱ་ཐབས་མེད་པ་མིན། དཔེར་ན་དེ་སྔོན་རང་སྐྱོང་ལྗོངས་ནང་སློབ་ཆུང་སློབ་གྲྭའི་སློབ་ཚན་ཁག་མི་རིགས་རང་གི་སྐད་ཡིག་ནང་སློབ་ཁྲིད་བྱེད་པའི་དུས་བཟང་སྐབས་ས་གནས་རྒྱ་རིགས་ལས་བྱེད་པའི་ཕྲུ་གུ་ཚོར་རྒྱ་ཡིག་ནང་སློབ་ཁྲིད་བྱེད་པའི་སློབ་ཆུང་ཟུར་འཛུགས་བྱེད་དགོས་བྱུང་ཡོད། ས་ཁུལ་འགའ་ཤས་ལ་སློབ་ཆུང་ཟུར་འཛུགས་ཀྱི་ཆ་རྐྱེན་མེད་སར་རྒྱ་རིགས་ལས་བྱེད་དམ། རྒྱ་རིགས་དགེ་རྒན་སོ་སོས་རང་གི་ཕྲུ་གུར་ཟུར་ཁྲིད་བྱེད་པ་ལས་སློབ་གྲྭར་གཏོང་ས་མེད་པའི་དཀའ་ངལ་འོག་བཟའ་ཚང་གཉིས་ནས་གཅིག་རྒྱ་ཡུལ་དུ་ཕྲུ་གུའི་སློབ་སྦྱོང་ཆེད་གཏན་སྡོད་དམ་འགྲོ་སྐྱོད་བྱེད་དགོས་པ་ཡོང་གི་ཡོད། ད་ལྟ་བོད་ཀྱི་ས་ཁུལ་གང་དུའང་རྒྱ་ཕྲུག་སློབ་ཆུང་ནས་སློབ་ཆེན་བར་ག་བར་འགྲོ་འདོད་ཀྱང་འགྲོ་ས་ཡོད། འདི་དག་དཔེ་མཚོན་ཙམ་ཡིན། ང་ཚོས་རྒྱ་མི་རིགས་དེ་ཚོ་ཕྱིར་འབུད་ཆ་ཚང་བྱེད་མ་ཐུབ་ཀྱང་ཁོ་ཚོ་ང་ཚོའི་གྲོགས་པོ་ཡག་པོ་ཞིག་བཟོ་ཐུབ་ཅིང་རྒྱ་ཡུལ་གྱི་རྒྱ་མི་དང་བོད་སྡོད་རྒྱ་མིའི་བར་ལ་ཁྱད་པར་ཆེན་པོ་འདུག་ཟེར་རྒྱུ་ཞིག་བཟོ་ཐུབ་པར་ང་རང་ཡིད་ཆེས་ཡོད།  དེ་ནི་རྨོངས་པའི་ཡིད་ཆེས་དེ་འདྲ་མིན། མཐའ་དོན་གུས་པས་ཁྱེད་ཀྱི་དྲི་བར་ལན་གཟབ་ནན་གྱིས་འདེབས་ཁུལ་བྱས་ཡོད་ཀྱང་རང་ཉིད་ཆབ་སྲིད་ཀྱི་གོ་རྟོགས་དམན་རྐྱེན་ཐུགས་བློ་མ་ཁེངས་པ་བྱུང་ཡོད་ན་བཟོད་པ་གསོལ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 1

  1. ལྷག་བསམ says:
    ལོ་ 14 སྔོན།

    འབྲོང་དཀར་ལགས་ཀྱིས་ལན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་།

    ལན་དེས་དོགས་པ་མ་སེལ་པ་རྣམས་ཡང་བསྐྱར་གཅིག་ཞུ་ཆོག་པ་བྱོས། རྡ་ས་ནས་བཏོན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་གྱི་ཡིག་ཆའི་ནང་དུ་༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༽ཅེས་བྲིས་འདུག་པས་དགོས་པ་དང་རྒྱུ་མཚན་ཅི་ཡིན་མ་ཤེས། ཏང་ཀྲུང་ཡ་སྲིད་གཞུང་གིས་ངོས་ནས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༽བཟོས་ཡོད་པ་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོས་མེད། འདི་ལའང་གནད་འགག་ཞིག་འདུག་བསམས། ཏང་ཀྲུང་ཡ་གིས་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པར་ཁས་ལེན་གྱི་རེད་དམ་ཞེས་པའི་དྲི་བ་ཞིག་ཀྱང་སླེབས་ཀྱི་ཡོད། བསམ་ཚུལ་ཙམ་ཡིན།
    རྩ་བའི་གླེང་གཞིའི་ཐོག་ཏུ་བཤད་ན་འགྲེལ་བཤད་ཡང་བསྐྱར་གཅིག་མ་བྱེད་ན་གོ་ནོར་ཐད་ཀྱི་འདུག ངས་ངོས་ནས་བོད་རིགས་ཡོངས་ལ་མིང་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རག་ན་ཞེས་པ་འདི་ནི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་ཡིག་ཆའི་ནང་གི་དོན་ཚན་བདུན་པོ་ལ་གོ་དགོས། མིང་དོན་མཚུངས་ཐུབ་མིན་ནི་གནས་ཚུལ་གཞན་ཞིག་རེད། དོན་ཚན་བདུན་པོར་རག་ཚར་རྗེས་སུ་ལག་ལེན་ཐོག་ཏུ་ཡོང་མིན་གྱི་སྐད་ཆ་ཞིག་རེད།
    སྤྱིའི་ཆ་ནས་མིང་དང་དོན་མཚུངས་ཟེར་བ་ཞིག་ཀྲུང་གོའི་དམར་ཕྱོགས་པའི་སྲིད་གཞུང་དང་སྲིད་གཞུང་གི་དཔོན་རིགས་རྣམས་ཀྱི་འོག་ཏུ་སྔ་ནས་ད་ལྟའི་བར་དུ་བྱུང་མྱངས་མེད།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ས་གནས་མི་རིགས་རང་སྐྱོང་གི་ལམ་ལུགས་འདིར་ས་གནས་མི་རིགས་ཀྱིས་ཡར་འབད་བརྩོན་བྱས་མ་དགོས་པར་ཀྲུང་ཡ་སྲིད་གཞུང་གིས་ངོས་ནས་མར་འདོད་མོས་ཀྱིས་ཐོག་ནས་སྤྲད་པ་ཞིག་རེད། འདོད་མོས་ཐོག་ནས་སྤྲད་པའི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་དུ་བཀོད་པའི་མིང་དང་དོན་ལག་ལེན་བསྟར་པ་གཉིས་མཚུངས་ཀྱི་མེད་པར་མིག་མདུན་དུ་ཡོད།
    དེར་འདྲ་ཡིན་དུས་རྡ་སའི་བཀའ་ཤག་གིས་ངོས་ནས་སྤྲད་པའི་བསམ་འཆར་གྱི་ཡིག་ཆའི་ནང་དུ་བཀོད་པའི་དོན་ཚན་བདུན་པོ་དེ་དག་ལ་མིང་དང་དོན་ཇི་ལྟར་མཚུངས་ཀྱི་ཡིན་ནམ་ཞེས་པ་ནི་གནད་འགག་ཆེ་བའི་དྲི་བ་རེ་སླེབས་ཀྱི་ཡོད།
    དོན་ཚན་བདུན་པོ་དེ་དག་ཏང་ཀྲུང་ཡ་སྲིད་གཞུང་གི་འོག་ཏུ་ཇི་ལྟར་ལག་ལེན་དངོས་ཀྱི་ཐོག་ཏུ་ཡོང་ཐུབ་བམ། ངས་བསམ་ཚུལ་བྱས་ན་ཏང་ཀྲུང་ཡ་སྲིད་གཞུང་གི་འོག་ཏུ་མིང་དོན་མཚུངས་པའི་ལག་ལེན་ཞིག་ཡོང་གི་མ་རེད་བསམས་ཀྱི་འདུག་ལགས། ཏང་ཀྲུང་ཡ་སྲིད་གཞུང་གི་དཔོན་རིགས་རྣམས་༧གོང་ས་མཆོག་ལྟ་བུ་ཡིན་ན་མིང་དོན་མཚུངས་པའི་ལག་ལེན་ཡོང་གི་རེད་ཏེ་དེང་སང་གི་ཀྲུང་ཡ་སྲིད་གཞུང་གི་དཔོན་རིགས་རྣམས་ནི་ཁྲམ་པ་ལྐོག་ཟ་རུལ་སུངས་ཤ་དག་རེད།
    1 ཁྱེད་ཀྱིས་འདི་ལྟར་གསུངས་འདུག ༼མདོར་བསྡུས་ནས་བཤད་ན་བཙན་བྱོལ་སྒྲིག་འཛུགས་འདིར་མིང་གང་ཞིག་བཏགས་མིན་ལ་མ་ལྟོས་པར་གང་ལྟར་ཡང་གཞུང་ཞིག་ཏུ་ངོས་འཛིན་བྱེད་པ་ནི་རྒྱ་བོད་གཉིས་ཀ་ཐུན་སྣང་དུ་གྲུབ་ཡོད་སྙམ།༽ཞེས་གསུངས་འདུག
    ལན། གུན་ཁྲན་ཏང་གིས་རྩོམ་བྲིས་པ་ཚོས་ཡུལ་གྱར་སྲིད་གཞུང་ཞེས་འབོད་ཀྱི་འདུག རྒྱལ་སྤྱིའི་ཐོག་གི་རྩོམ་བྲིས་པ་དང་གསར་འགོད་པ་གང་མང་ཞིག་གིས་དབྱིན་ཡིག་ཐོག་ཏུ་tibetan government in exile ཞེས་བྲིས་ཀྱི་འདུག བཙན་བྱོལ་བའི་རྩོམ་བྲིས་པ་ཚོས་བཙན་བྱོལ་བོད་གཞུང་ཞེས་བྲིས་ཀྱི་འདུག་ནའང་འདི་དག་ནི་དྲང་བདེན་རེད་ལ་ལོ་རྒྱུས་རེད། མ་གཏོགས་དེང་སང་ཁྲིམས་མཐུན་མ་རེད། དེང་སང་གི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་སྒྲིག་འཛུགས་ཅེས་བཀོད་པ་ལས་བཙན་བྱོལ་བོད་གཞུང་ཞེས་བཀོད་མེད། ཁྲིམས་ལུགས་ཀྱི་ཐོག་ཏུ་མེད་ན་མེད་པ་རེད། ཀྲུང་ཡ་སྲིད་གཞུང་གིས་ངོས་ནས་ཀྱང་ཁྲིམས་ལུགས་ཀྱི་ཐོག་ནས་བཙན་བྱོལ་བོད་གཞུང་ཁས་ལེན་གྱི་མེད། ཁྲིམས་ལུགས་ཀྱི་ཐོག་ཏུ་གཞུང་ཞེས་དེབ་སྐྱེལ་མེད་ན་མེད་པ་རེད་འདོད།
    དཔེར་ན། ས་ཁང་ཞིག་ཡིན་ནའང་མི་སུ་ཡི་མིང་ཐོག་ཏུ་ཁྲིམས་ལུགས་ནང་དུ་དེབ་སྐྱེལ་ཡོད་མེད་རེད། གཞུང་ཡང་ཁྲིམས་ལུགས་ཀྱི་ནང་དུ་དེབ་སྐྱེལ་མེད་པར་མི་རེ་གཉིས་ཀྱིས་ཅིག་བཤད་པ་དང་ཅིག་བྲིས་པ་ཙམ་གྱིས་ཡོད་པ་མི་འགྱུར་རོ།
    2 དྲི་བ་གཉིས་པའི་ལན་དུ་ཁྱེད་ཀྱི་གསུངས་པ་དེར་དབུ་མ་ལམ་པ་ཚང་མའི་བསམ་ཚུལ་ཞིག་ཡིན་མིན་མ་ངེས་ཀྱང་ཉིད་ཀྱི་གསུངས་སྟངས་ལ་བལྟས་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོ་བ་དང་ཁྲིམས་རྩོད་པ་ཞིག་བྱ་ཆོག་བསམས་ཀྱི་ཡོད་ཚོད་འདུག
    ངས་དཔེར་ཞིག་འཇོགས། སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་བ་དང་གཅིག་པ་རེད། བོད་མི་རིགས་ཀྱིས་ངོས་ནས་ཏང་ཀྲུང་ཡ་སྲིད་གཞུང་ལ་ཀྲུང་ཧྭ་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་ཁྲིམས་རྩོད་མི་ཐུབ། ཏང་ཀྲུང་ཡ་གིས་རྩ་ཁྲིམས་ཀྱི་ལེའུ་ནང་དུ་ཇི་ལྟར་ཡོད་མེད་ལ་ཐུག་མེད། རྩ་ཁྲིམས་ལ་འགྲེལ་བཤད་ག་ནས་རྒྱབ་རྒྱབ་ཡིན། ཏང་གི་ཁྲིམས་རྩོད་པ་ཚོས་ཀྱང་ཁྲིམས་རྩོད་ཡག་པོ་ཞིག་བྱེད་ཐུབ་ཀྱི་མེད།
    སྐད་ཡིག་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་གསར་པའི་ནང་དུ་འདི་ལྟར་བཀོད་འདུག༼ དོན་ཚན་གཉིས་པ།རྒྱལ་ཁབ་ཀྱིས་མི་རིགས་སོ་སོས་མི་རིགས་རང་གི་སྐད་ཆ་དང་ཡི་གེ་བཀོལ་བ་དང་དར་རྒྱས་སུ་གཏོང་བའི་རང་དབང་ཁག་ཐེག་འོང་བ་བྱ་རྒྱུ་དང༌།གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་ཚུལ་མཐུན་དང་ཚད་ལྡན་དུ་བསྒྱུར་བ་དང་ཆ་འཕྲིན་ཐག་གཅོད་ཀྱི་བྱ་བར་རོགས་སྐྱོར་བྱ་རྒྱུ།རྒྱལ་ཡོངས་སྤྱི་ཁྱབ་ཏུ་བཀོལ་བའི་སྤྱི་སྐད་དང་རྒྱ་ཡིག་ཚད་ལྡན་ཁྱབ་སྤེལ་བྱས་ནས་བཀོལ་སྤྱོད་བྱ་རྒྱུ་དང༌།མི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་སོ་སོའི་སྤྱི་དམངས་ཀྱིས་ཕན་ཚུན་སྐད་ཆ་དང་ཡི་གེ་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་རྒྱུ།
    རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་རིམ་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གིས་དཔེ་ཁྲིད་བྱེད་པའི་སྐད་གཉིས་སློབ་ཁྲིད་སྤེལ་བར་སྐུལ་མ་གཏོང་རྒྱུ་དང༌།གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གི་ཁྲིད་དེབ་ཞིབ་འཇུག་དང༌།གསར་སྤེལ།རྩོམ་སྒྱུར་དང་དཔར་སྐྲུན་བྱེད་པར་རོགས་སྐྱོར་བྱ་རྒྱུ།གྲངས་ཉུང་མི་རིགས་ཀྱི་ཁྲིད་དེབ་རྩོམ་སྒྱུར་དང་ཞིབ་བཤེར་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱ་བ་དང༌།གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཀ་བྱང་ཆུབ་པའི་དགེ་རྒན་སྐྱེད་སྲིང་བྱེད་པར་རོགས་རམ་གནང་རྒྱུ།༽ཞེས་བཀོད་འདུག
    རྡ་སའི་དབུ་མའི་ལམ་གྱི་འདོད་མོས་ལྟར་རང་སྐྱོང་རག་པ་ཡིན་ནའང་བོད་ནང་དུ་རྒྱ་ཡི་སྐད་ཡིག་སློབ་གྲྭའི་ནང་དུ་གཙོ་བོ་བྱས་ནས་མ་བསླབ་ན་ཡོང་ཐབས་མེད་ལ་ཁྲིམས་འགལ་རེད་ཟེར་གྱི་རེད། མོས་རྒྱལ་ལ་བློ་ལོག་འདུག་ཟེར་ནས་རྩ་ཁྲིམས་དང་འགལ་འདུག་ཟེར་གྱི་རེད་དོ།
    3 དྲི་བ་གསུམ་པའི་ལན་གྱི་ནང་དུ་ཉིད་ཀྱིས་བོད་ནང་དུ་རྒྱ་སྐད་ཡིག་བེད་སྤྱོད་སའི་སློབ་གྲྭ་མེད་པའང་ཉུང་རེར་གཏོང་ནས་རྒྱ་མི་རྣམས་བུ་ཕྲུག་གི་ཆེད་དུ་ཕྱིར་རྒྱ་ཡུལ་དུ་ལོག་འགྲོ་གི་རེད་ཟེར་བ་ནི་རྨི་ལམ་རེད། བསམ་འཆར་གྱི་ཡིག་ཆའི་ནང་གི་དོན་ཚན་བདུན་ཅན་གྱི་རང་སྲིད་རང་སྐྱོང་རག་པ་ཡིན་ནའང་གཞུང་ཡིག་གཙོ་བོ་རྒྱ་ཡིག་འཇོགས་དགོས་པ་ལས་བོད་ཡིག་ཡོང་ཐབས་མེད་པར་འདོད། བོད་རྒྱ་འོག་ཏུ་བསྡད་ནས་རྒྱ་ཡིག་སྤྱོད་མི་དགོས་པ་ཞིག་དང་བོད་ནང་དུ་རྒྱ་སྐད་ཡིག་སྤྱོད་ས་མེད་ནས་རྒྱ་མི་རྣམས་ཕྱིར་རྒྱ་ཡུལ་དུ་ལོག་འགྲོ་གི་རེད་བསམས་པ་ནི་སྟོང་བསམ་ཁ་ན་རེད་འདོད།
    4 མཇུག་སྡོམ།
    བོད་རིགས་ཡོངས་ལ་རང་སྐྱོང་གི་མིང་དོན་མཚུངས་དང་མི་མཚུངས་ཟེར་བ་འདིར་རྙོག་གྲ་ཚ་ཤོས་རེད་འདོད། བོད་རིགས་ཡོངས་ཟེར་དུས་རྒྱ་གར་དང་བལ་ཡུལ་གྱི་ཁུངས་སུ་ཡོད་པའི་བོད་རིགས་རྣམས་ཇི་ལྟར་བྱ་དགོས་མིན་དང་། བོད་རིགས་ཡོངས་འཛིན་སྐྱོང་གཅིག་གི་འོག་ཏུ་དགོས་ན་རྒྱལ་ཁབ་གསུམ་གྱིས་རང་སྐྱོང་སྤྲོད་མིན་སོགས་ནི་མགོ་རྙོག་རེད་འདོད།
    ཐུགས་རྗེ་ཆེ། ཉིད་ཀྱི་ངའི་དྲི་བ་དག་ལ་ལན་གསུངས་པར་དགའ་པོ་བྱུང་། དབུ་མའི་ལམ་གྱི་གོ་རྟོགས་སྦེལ་ཟེར་ན་འདི་འདྲ་ཡིན་དགོས་པ་འདོད། མ་གཏོགས་༧གོང་ས་མཆོག་གི་བཀའ་རེད་ད། ཤར་བསྐྱོད་བྱེད་དགོས་རེད་ད་ཅེས་པ་སོགས་ནི་དོན་མེད་རེད་འདོད་ཀྱི་ཡོད་དོ།། ལྷག་པ་ཏུ་༧གོང་ས་མཆོག་གིས་མཐའ་མའི་ཐག་གཅོད་བོད་རྒྱ་ཆེན་མི་དམངས་ཀྱིས་གནང་དགོས་གསུངས་པ་དང་དམངས་གཙོའི་ལུགས་སྲོལ་གྱི་ཐོག་ནས་བལྟས་ནའང་བོད་རྒྱ་ཆེན་མི་དམངས་ཀྱིས་ཐག་གཅོད་གནང་དགོས་ངེས་རེད་འདོད། མི་དམངས་ལ་ཐག་གཅོད་གནང་མ་བཅུག་པར་བྱ་བ་གང་བྱེད་ཀྱང་མཐའ་མ་རྙོག་གྲ་ཡོང་རྒྱུ་ལས་མེད་འདོད་དོ།། བཀའ་དྲིན་ཆེ། བོད་རྒྱལ་ལོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese