རྒྱ་ནག་དང་ཉི་ཧོང་བར་འབྱུང་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་བདག་དབང་གནས་བབ་སྔར་བའི་ཛ་དྲག་ཏུ་འགྱུར་བཞིན་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་ཉི་ཧོང་གཞུང་གིས་ཉེ་ཆར་རྒྱ་ནག་དང་ཉི་ཧོང་བར་འཕྲད་བཞིན་པའི་རྩོད་རྙོག་ཅན་གྱི་སེན་ཀཱ་ཀུ་(Senkaku) མཚོ་གླིང་ལ་ཨ་སྒོར་ས་ཡ་ ༢༦།༡༥ སྤྲད་དེ་ཉི་ཧོང་གི་མི་སྒེར་བ་ཞིག་གི་ལག་ནས་ཉོ་རྒྱུར་གཞུང་དང་མི་སྒེར་བ་གཉིས་གྲོས་མཐུན་མིང་རྟགས་འགོད་གཏན་འཁེལ་ཡོད་སྐོར་དང་། དེ་ནི་ཉི་ཧོང་གི་རྒྱལ་ཁོངས་བརྟན་བརླིང་དང་ཞི་འཇགས་ངང་དོ་དམ་བྱ་ཆེད་ཡིན་པར་བསྒྲགས་འདུག རྒྱ་ནག་གིས་མཚོ་གླིང་དེར་ཌའེ་ཡུ་མཚོ་གླིང་ཞེས་འབོད་ཀྱི་ཡོད།
ཉི་ཧོང་གཞུང་གིས་གསར་བསྒྲགས་དེ་སྤེལ་འཕྲལ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཉི་ཧོང་གི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཡིན་པ་དང་། བྱ་སྤྱོད་དེས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་ལ་གཏོར་སྐྱོན་ཡོང་ངེས་པའི་ཉེན་བརྡ་བཏང་ཡོད་འདུག་ལ། རྒྱ་ནག་གི་སྲིད་བློན་ཝིན་ཇ་བྷའོ་(Wen Jiabao) ཡིས་ “ཌའེ་ཡུ་མཚོ་གླིང་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ས་ཁོངས་ཤིག་ཡིན། རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གིས་སོ་སོའི་བདག་དབང་ས་ཁོངས་ཐད་རྩ་བ་ཉིད་ནས་གུ་ཡངས་གཏོང་གི་མ་རེད་”ཅེས་བརྗོད་འདུག་ལ། ད་ཆར་རྒྱ་གཞུང་གིས་ཆེད་དུ་གྲུ་གཟིངས་གཉིས་མཚོ་གླིང་དེའི་ཉེ་ཁུལ་དུ་བཏང་ཡོད་འདུག
ད་ལོའི་ཕྱི་ཟླ་ ༤ ནང་ཉི་ཧོང་རྒྱལ་ས་ཊོ་ཀེའོ་ཡི་སྲིད་སྐྱོང་པ་ཤེན་ཊ་རོ་ཡིས་ཉི་ཧོང་གཞུང་གིས་མཚོ་གླིང་དེ་ཉི་ཧོང་གི་མི་སྒེར་བ་ཞིག་གིས་བདག་བཟུང་བྱེད་བསྡད་ན་ཕྱི་ཕྱོགས་ཀྱི་བཙན་འཛུལ་བྱ་སླ་བས། མཚོ་གླིང་བདག་བཟུང་བྱེད་མཁན་ཉི་ཧོང་བ་དེ་དང་གྲོས་བསྡུར་ཐོག གཞུང་གིས་མཚོ་གླིང་དེ་ཉོས་ཏེ་སོ་སོའི་མངའ་ཁོངས་གཞན་ལག་ཏུ་མ་ཤོར་བ་བྱ་དགོས་པའི་གྲོས་མགོ་བཏོན་ཡོད་པ་ཐེངས་འདིར་ཐག་གཅོད་བྱུང་པ་ཞིག་དང་། ད་སྔ་སེན་ཀཱ་ཀུ་མཚོ་གླིང་ནི་ཉི་ཧོང་གི་ཀུ་རེ་ཧ་རཱ་(Kurihara family) ཟེར་པའི་ཁྱིམ་ཚང་ཞིག་གིས་བདག་བཟུང་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།