མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་མ་བཏང་བར་འཐབ་རྩོད་ཆེད་འཚོ་བསྡད་ན་བསམ་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

མི་འགྱངས་པར་ངྷ་སར་འཚོགས་འཆར་གྱི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་དོན་གནས་ཁག་ཅིག་གི་ཐོག་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་ཞུས།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།

ལན། ༸གོང་ས་མཆོག་གཙོ་བྱས་པའི་བཙན་བྱོལ་བོད་མི་ཚོས། བོད་ནང་གི་བོད་མིའི་སྙིང་སྟོབས་དང་ལྷག་བསམ་གཞི་བྱས་ཏེ། སོ་སོའི་དཔག་ཚོད་ཀྱིས་འདས་པའི་ལོ་ ༥༠ ལྷག་གི་རིང་གདོང་ལེན་གནང་བ་རེད། ཁོང་ཚོའི་ལྷག་བསམ་དང་སྙིང་སྟོབས་མུ་མཐུད་གནས་པ་དང་བཙན་བྱོལ་ནང་གདོང་ལེན་བྱས་པའི་བཀའ་དྲིན་གྱིས། བོད་ཀྱི་གནས་སྟངས་རྒྱལ་སྤྱིའི་ནང་མ་ཤི་གསོན་གནས་ཐུབ་པ་བྱུང་ཡོད། རང་ལུས་མེར་བསྲེཊ་ཀྱི་ཐད་ནས། དབུ་མའི་ལམ་ལས་འགུལ་ཁང་གིས་ཁོང་ཚོའི་བློས་གཏོང་ཆེན་པོར་གུས་བརྩི་ཞུ་རྒྱུ་ལས། བཤད་པ་རྒྱག་ཐུབ་པ་ཞིག་མ་རེད། ཡིན་ནའང་། ང་ཚོའི་ངོས་ནས་ལུས་སྲོག་མེར་བསྲེཊ་མ་བཏང་བར་སོ་སོའི་མི་རིགས་ཀྱི་འཐབ་རྩོད་དེ། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་མུ་མཐུད་འཐབ་རྩོད་བྱ་ཐུབ་ན་བསམ་སྟེ། ད་ལྟའི་བར་འབོད་སྐུལ་ཞུས་པ་རེད། རྒྱུ་མཚན་ནི་ཁོང་ཚོ་ང་ཚོའི་འཐབ་རྩོད་ཀྱི་མེ་ལྕེ་གནས་པ་ལ་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ལུས་སྲོེག་མེར་བསྲེགས་མ་བཏང་བའི་ཐོག་གནས་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོར་རྩི་ཡི་ཡོད།

ང་ཚོའི་ངོས་ནས་དེའི་ཐད་སྔོན་མར་གསར་འགོད་གསལ་བསྒྲགས་གནང་བ་ཡིན་ལ། ད་ལྟ་ཡང་དེ་ལྟར་བསམ་གྱི་ཡོད། གནས་སྟངས་དེ་དག་ལ་གཞིགས་ཏེ། ང་ཚོ་བཙན་བྱོལ་བོད་མི་ཚོ་ཨ་རི་སོགས་འཛམ་གླིང་ཡུལ་གྲུ་གང་དུ་ཡོད་ཀྱང་། སོ་སོ་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་མི་བརླགས་པ་བྱ་རྒྱུ་དང་། རང་མགོ་རང་ཐོན་བྱས་ནས་མི་འདུག་པར། སྤྱི་བ་དང་མང་ཚོགས། གཞིས་ལུས་མི་མང་གི་བློས་གཏོང་གཞི་ལ་བཞག་ཏེ། རིག་གཞུང་ལ་བདག་པོ་རྒྱབ་སྟེ་སྲ་ཐག་ཐག་བསྡད་པ་ཡིན་ན། དགྲ་ཕྱོགས་ནས་ཕྱིའི་རྣམ་པ་སྡུག་པོ་དང་འགྱུར་བ་གཏོང་སྲིད་ཀྱང་། ནང་གི་སེམས་འགྱུར་བ་གཏོང་མི་ཐུབ་པར་བོད་པའི་ངོ་བོ་རང་འཇགས་གནས་ཐུབ་ཀྱི་རེད། དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་མང་གི་ལས་འགན་གཙོ་བོ་རེད་བསམ་གྱི་ཡོད།

 འདས་པའི་ལོ་ ༥༠ ལྷག་གི་རིང་ང་ཚོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་གནས་མེད་པ་ཡིན་ན། ད་ལྟའི་དུས་སྐབས་འདིར་བོད་པའི་གནས་ཚུལ་གླེང་སློང་བྱེད་མཁན་རྩ་བ་ཉིད་ནས་ཡོང་གི་མ་རེད། དེ་དག་དཔེ་དང་རྒྱུ་མཚན་དུ་བཞག་ཏེ་མུ་མཐུད་གང་དུ་ཡོད་པའི་བོད་མི་ཚོས་སོ་སོའི་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། དེ་དང་ཆབས་ཅིག་ང་ཚོའི་ཚོགས་སྡེ་ཁག་ཡོངས་ཀྱིས་རྒྱལ་སྤྱིར་གནོན་ཤུགས་སྤྲོད་རྒྱུ་གལ་ཆེན་པོ་རེད། རྒྱ་མིར་ང་ཚོས་བཤད་མ་བཤད་ཡོད་པ་མ་རེད། འདས་པའི་ལོ་ ༥༠ རིང་ང་ཚོས་བཤད་པ་རེད། ལྷག་པར་དུ་༸གོང་ས་མཆོག་གིས་ཐུགས་གུ་ཡངས་ཆེན་པོ་དེ་འདྲ་ཞིག་གནང་སྟེ། ཁོང་ཚོར་གོ་སྐབས་སྤྲད་ཀྱང་ཡ་ལན་བྱེད་ཀྱི་ཡོད་པ་མ་རེད། ང་ཚོས་མི་རིགས་ཀྱི་ངོ་བོ་རང་འཇགས་གནས་ཐུབ་པའི་ཐོག རྒྱལ་སྤྱིའི་ཐོག་རེ་སྐུལ་དང་གོ་རྟོགས་སྤེལ་རྒྱུ། ཁྱབ་བསྒྲགས་བཅས་བྱས་ཏེ་རྒྱ་མིར་གནོན་ཤུགས་སྤྲོད་རྒྱུ་དང་། ཚོགས་པ་ཁག་གིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བསྡད་ཡོད་པ་དེ་མུ་མཐུད་སྤེལ་རྒྱུ་ལས་ལྷག་པ་ཞིག་ང་ཚོས་བྱེད་དགོས་བསམ་ཡང་བྱ་རྒྱུ་ལྷག་ཡོད་པ་མ་རེད།

དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། ད་ལྟའི་བར་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་དང་། དམིགས་བསལ་ཚོགས་ཆེན་ཐེངས་གཅིག་ཚོགས་པ་རེད། ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ཚང་མར་གྲུབ་འབྲས་བྱུང་བ་དང་ལག་ལེན་ཁེལ་ཡོད་དམ་ཟེར་ན། ཁེལ་ཡོད་ཀྱི་མ་རེད་དེ། ད་ལྟའི་བར་སྤྱི་འཐུས་དང་འཛིན་སྐྱོང་། མི་མང་བཅས་ཀྱིས་གང་ལ་གང་འཚམ་བསྒྲུབས་ཡོད་པ་རེད། འདོད་པ་ཁེངས་པའི་གྲུབ་འབྲས་བྱུང་ཡོད་མེད་ང་ཚོའི་སྤྱི་ཚོགས་འདི་རྒྱ་གར་གྱི་སྤྱི་ཚོགས་ལྟ་བུའི་ཆེན་པོ་དེ་འདྲ་མ་རེད། ག་རེ་བསྒྲུབས་ཡོད་མེད་གཅིག་གིས་གཅིག་ལ་འགྲེལ་བཤད་རྒྱག་དགོས་པ་ཞིག་མ་རེད། བསྒྲུབས་མེད་ན་ཡོད་མདོག་མདོག་བཤད་ན་དེ་ལས་ཀྱང་ཡག་པོ་མ་རེད། དེང་སང་ང་ཚོའི་སྤྱི་ཚོགས་ནང་མི་ཁག་ཅིག་གིས་གཅིག་བསྒྲུབས་ཡོད་མ་རེད། གཉིས་ལས་ཡོད་པ་མ་རེད་ཅེས་མེད་པའི་རིགས་རྐྱང་རྩིས་བསྡད་ཡོད། དེ་ལྟར་བཤད་ན་རྒྱུ་མཚན་གང་ཡང་མེད།  མི་ཞིག་ལ་མཚོན་ན། མི་ཚེའི་ནང་འགྲུབ་མ་འགྲུབ་མང་པོ་ཡོང་གི་རེད། རྒྱལ་ཁབ་ཅིག་ལ་མཚོན་ནའང་མགོ་ཁྲིད་ཀྱི་ དྲན་པ་ལྟར་ལག་ལེན་མ་ཁེལ་བའི་རིགས་ཡོང་སྲིད་པ་རེད།  ལྷག་པར་དུ་ང་ཚོ་མིའི་ལུང་པའི་ནང་བསྡད་ཡོད་པ་དང་ཡུལ་ཁྲིམས་དང་བསྟུན་དགོས་སྟབས། བསམ་ཚད་ཚང་མ་འགྲུབ་པ་དེ་འདྲ་ཡོད་པ་མ་རེད། འདས་པའི་ལོ་ ༥༠ རང་བོད་གཞུང་གིས་གང་འཚམ་ཞིག་བསྒྲུབ་ཐུབ་ཡོད་སྟབས། ང་ཚོའི་གནས་སྟངས་དེ་སྲ་ཐག་ཐག་ཅིག་གནས་ཐུབ་ཡོད་པ་རེད་བསམ་གྱི་ཡོད།

ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ལ་མཚོན་ནའང་། གཅིག་བྱས་ན་སྔོན་མ་བཤད་པ་རང་འཇགས་ཡོང་སྲིད་པ་རེད་ལ། བསྒྱུར་བཅོས་ཏོག་ཙམ་གཏོང་རྒྱུ་ཡང་ཡོང་སྲིད་པ་རེད། ཚོགས་འདུའི་སྐབས་མི་རེར་བསམ་ཚུལ་རེ་ཡོད་ངེས་ཀྱང་། དངོས་སུ་ལག་ལེན་བསྟར་སྐབས་རྒྱལ་ཁབ་གཞན་དུ་བསྡད་ཡོད་པ་དང་། ཁོང་ཚོའི་ཁྲིམས་ལུགས་སོགས་ལ་བསྟུན་དགོས་པ། མཐུན་རྐྱེན་སོགས་མང་པོ་ཞིག་ལ་བལྟ་དགོས་སྟབས། དྲན་པ་བཞིན་བསྒྲུབ་མི་ཐུབ་པ་མང་པོ་ཡོང་གི་རེད་བསམ་གྱི་འདུག ༸གོང་ས་མཆོག་གཙོས་པའི་ང་ཚོ་བོད་མི་ཚང་མས་སེམས་སུ་བོད་རང་བཙན་མི་འདོད་མཁན་ཡོད་པ་མ་རེད། ཡིན་ནའང་ང་ཚོས་འདོད་བཞིན་དུ་ལམ་ཁ་གཞན་ཞིག་བདམས་དགོས་པ་དེ་ད་ལྟའི་ཆར་དགོས་པ་རྒྱུ་མཚན་མང་པོ་ཞིག་གི་དབང་གིས་བྱུང་བ་རེད།

དྲི་བ། ཐེངས་འདིའི་ཚོགས་ཆེན་གྱི་གོ་སྒྲིག་དང་ཚོགས་མི་འདེམས་སྒྲིག་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། སྤྱིར་བཏང་ད་རེབ་ཀྱི་ཚོགས་འདུའི་ཐོག་བཀའ་ཟུར་དང་སྤྱི་ཟུར་སོགས་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེའི་ཐད་དམིགས་བསལ་ཞུ་རྒྱུ་མེད། ཡིན་ནའང་། གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་མི་ཡོང་སྟངས་ཀྱི་ཐོག་ནས། ཡོངས་གྲགས་སུ་ཡོད་པའི་ཚོགས་པ་ཁག་ལས། ཚོགས་པ་གསར་བ་དང་སྤྱི་ཚོགས་ནང་ལས་ཀ་བྱེད་བཞིན་པ་དག་ལ་གོ་སྐབས་སྤྲོད་ཀྱི་མེད་པ་དེ་འགྲིག་མི་འདུག་བསམ་གྱི་ཡོད། སྔོན་མ་སྤྱི་འཐུས་རྒྱུན་ལས་གནང་སྐབས་བཀའ་སྤྱི་ལྷན་འཛོམས་ཐོག་བཤད་རྒྱུ་བྱུང་། ང་ཚོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཚང་མ་གཅིག་གྱུར་ཐོག་ངོས་ལེན་བྱ་རྒྱུ་ལས། ཁག་ཅིག་ལ་གཞུང་གི་ངོས་ལེན་ཡོད་པ་ལྟ་བུ་དང་།  ཁག་ཅིག་ལ་ངོས་ལེན་མེད་པ་ལྟ་བུ་བྱས་ན་ཡག་པོ་མི་འདུག ད་རེབ་ཀྱི་ཚོགས་འདུའི་ཐོག་ཏུའང་གནས་ཚུལ་དེའི་རིགས་ཡོད་ས་རེད། དེ་ཏག་ཏག་བསྡད་མི་འདུག ད་ལྟའི་བར་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་གཞུང་གིས་བཀའ་རྒྱ་གནང་བ་ལྟར། ལས་ཀ་བྱེད་བསྡད་ཡོད་པ་རེད། བཅའ་ཁྲིམས་ནང་གཞུང་འབྲེལ་མིན་པའི་ཚོགས་པ་བཙུགས་ཆོག་པ་འཁོད་ཡོད་པ་ལྟར། གནས་ཚུལ་འདི་འདྲའི་སྐབས་སུ་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་ཀྱི་འདུག་ལ། ལྷག་པར་དུ་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་དེ་མི་མང་པོ་ཞིག་གི་སྐུ་ཚབ་མཚོན་པའི་ཚོགས་འདུ་ཡིན་སྟབས། གཅིག་མཚུངས་ཀྱི་གོ་སྐབས་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 2

  1. གནས་ཚང་། says:
    ལོ་ 13 སྔོན།

    སྐུ་ངོ་རྩོམ་སྒྲིག་པ་ལགས། གཤམ་གྱི་དོན་དག་འདི་གསར་འགྱུར་སྒང་གཏོང་གནང་ཡོད་པ་ཞུ། ཐུགས་རྗེ་གཟིགས།

    ཚོང་དཔོན་ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།
    [ སྨིན་དྲུག ] [ 2012-9-15 ] སེང་རྡོར་དྲ་བ།

    ནང་ཆེན་བཀྲ་ཤིས་ནི་ཧ་ལམ་ཕོ་ལོ47ལ་སོན་པའི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་ཚོང་པ་ཡག་པོའི་གྲས་ཀྱི་གཅིག་ཡིན་པ་རེད། ཁོ་ནི། བོད་ཀྱི་རིག་གནས་དང་ཆོས་ལུགས་སྐད་དང་ཡི་གེ་ལ་དགའ་ཞིང་བློ་དཀར་མཁན་ཞིག་ཡིན་པས། ལོ་ངོ་བཅུ་ལྷག་གི་ཡར་སྔོན་ནས་བཟུང་། ཁོས། རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་གི་འདུ་ཤེས་ཉམས་བཞིན་པའི་སྐྱེ་རྒུ་གྲོང་བརྡལ་དུ། ཆོས་ལུགས་གྲུབ་མཐའ་དང་སེར་སྐྱ་རིས་མེད་ཀྱིས་བགྲོ་གླེང་བྱེད་པར་མཐུན་རྐྱེན་མང་པོ་སྦྱར་ཏེ་སྣང་ཚུལ་དེ་ལྡོག་པའི་ཐབས་ལམ་གང་བཟང་དང་བྱེད་ཕྱོགས་གང་ཡག་འཚོལ་བའི་ལས་ལ་བརྩོན་མཁན་ཞིག་ཡིན་པར་མ་ཟད། ད་དུང་ས་དེ་གའི་ཉམ་ཆུང་དབུལ་པོ་ལ་འཚོ་བའི་ཁ་གསབ་ཀྱི་དངུལ་དངོས་དང་། སློབ་མ་དང་སློབ་གཉེར་མཁན་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡང་མང་པོ་སྦྱར་དང་སྦྱོར་གིན་ཡོད་མཁན་ཞིག་ཡིན་པ་རེད།།
    དེ་མིན། ཁོ་ནི་ཚོང་གི་སྟེང་དུ་ཡང་བློ་མིག་ཡོད་མཁན་ཞིག་ཡིན་པས་ན། ལོ་དྲུག་བདུན་ཙམ་གྱི་སྔོན་ལ། ཡུལ་ཤུལ་གྲོང་བརྡལ་གྱི་སུམ་མདོ་ཆེན་མོ་སྟེ་དམར་སྲུང་ལམ་དུ་འབོད་པའི་ས་ཆེས་ཡག་ས་དེ་རུ། ས་མུའུ་ལྔ་ཉོས་ཤིང་བསྡོམས་འབོར་ཤོག་སྒོར་ཁྲི་སྟོང་གསུམ་ལྷག་གི་མ་རྩ་བཏང་ནས་དེའི་སྟེང་དུ་མགྲོན་ཁང་དང་རང་གི་སྡོད་ཁང་། ཚོང་ཁང་དང་ཟ་ཁང་སོགས་ཀྱི་ཁང་མིག་མང་པོ་བརྒྱབ་པ་རེད། “འཛམ་གླིང་ཞི་བདེ”ཞེས་པའི་མགྲོན་ཁང་དེ་རང་གིས་གཉེར་གྱི་ཡོད་པ་ལས། གཞན་ཚང་མ་བོད་རིགས་དང་རྒྱ་རིགས་ཚོང་པ་ཚོར་གླས་ཡོད་རེད། ཡིན་ཡང་ཚོང་དེ་གཉེར་ནས་ལོ་མང་ཕྱིན་མེད་པས། ཁོ་ལ་ད་སྔ་ད་དུང་གཞན་ལས་བསྐྱིས་པའི་སྒོར་ཁྲི་སྟོང་གཅིག་ལྷག་གི་བུན་ཡོད་པ་རེད། ས་འགུལ་སྐབས་ཁོའི་ཁང་པ་ཚང་མ་ལ་གནོད་སྐྱོན་ཅི་ཡང་མ་ཕོགས་ཟེར། ཡིན་ཡང་། གྲོང་ཁྱེར་འཆར་འགོར་བྱེད་སྐབས། སྲིད་གཞུང་གིས་ནང་ཆེན་བཀྲ་ཤིས་ལ་གཞུང་ལམ་འགྲམ་གྱི་ས་མུའུ0.7གྱི་ཚོང་ཁང་གི་ས་དེ་སྲིད་གཞུང་ལ་སྤྲད་པ་ཡིན་ན། ཚོང་ས་མུའུ4.3པོ་མ་སྒུལ་རང་འཇོག་བྱེད་རྒྱུའི་ཁས་ལེན་ཆ་རྐྱེན་འོག་ནང་ཆེན་བཀྲ་ཤིས་ཀྱང་མོས་མཐུན་བྱུང་ནས། སྲིད་གཞུང་གིས་ས་མུའུ0.7གྱི་ཚོང་ཁང་གི་གུན་ཚབ་ཏུ་ཁོ་ལ་སྒོར་མོ་ཁྲི་ཁ་ཤས་སྤྲད་པ་རེད།།
    ཡིན་ཡང་། 2012ལོའི་ཟླ9པའི12ཉིན་གྱི་མཚན་གུང་ཆུ་ཚོད12སྟེང་། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་བབ་དང་བསྟུན་ནས། མི་སྐོར་ཞིག་ཁྱིམ་ནང་འཛུལ་ཡོང་ནས་ཁང་པ་གཏོར་ཞིག་བྱེད་རྒྱུའི་བཙན་བཀའ་བཏང་མུར་ཁྱིམ་མིས་ངོ་རྒོལ་བྱས་མཐར། ནང་ཆེན་བཀྲ་ཤིས་ཀྱི་ཆུང་མ་བོད་བདེ་དང་། བུ་ཤེས་རབ་རྡོ་རྗེ།(པེ་ཅིན་གྱི་སློབ་ཆེན་ཞིག་ཏུ་ཚོང་ལས་དོ་དམ་གྱི་སློབ་གཉེར་བྱེད་ཀྱི་ཡོད)དང་། བསོད་ནམས་སྟོབས་རྒྱལ།(དཀར་མཛེས་ཁུལ་རྫོང་གསར་དགོན་པའི་གྲྭ་པ།)བུ་མོ་གཅིག་སྟེ་གཡང་འཛོམས་(ཟི་ལིང་གི་སློབ་ཆེན་ཞིག་ཏུ་ཡོད)བཅས་བསྡོམས་པས་ཁྱིམ་མི་བཞི་འཛིན་བཟུང་བྱས། ཁོ་ཚོས་ཁ་ནག་ངོ་ནག་གི་མཚན་གུང་དེ་ལ་ནང་ཆེན་བཀྲ་ཤིས་ཀྱི་ནང་མི་བཞི་བོ་འཛིན་བཟུང་བྱས་རྗེས། མིས་མི་ཤེས་ཤིང་ཁྱིས་མི་ཚོར་བའི་སྒོ་ནས་ཁོ་ཚང་གི་སྡོད་ཁང་མགྲོན་ཁང་། ཟ་ཁང་ཚོང་ཁང་དང་ཅ་ལག་ཡོད་ཚད། འདེད་འཁོར་གྱིས་དེད་ནས་ཤུལ་མེད་བཟོས་པར་མ་ཟད། ཕྱི་ཉིན་ས་དེར་ར་བ་ཡང་བསྐོར་འདུག་སྐད།།
    གོ་ཐོས་སུ་ད་ཆ་ནང་ཆེན་བཀྲ་ཤིས་ཡང་བསྐྱར་གང་སོང་ཆ་མེད་དུ་སོང་འདུག་པ་རེད་ཟེར།།
    མི་བུ་འདི་ཡུལ་ཤུལ་ས་འགུལ་སྐབས་སུ་ཡང་གློ་བུར་བོར་བརླག་ཐེབས་ཏེ་ཟླ་གསུམ་ལྷག་འགོར་ཡོད། ཁྱིམ་མིས་ཀྱང་ཟླ་གཅིག་ཙམ་གྱི་རྗེས་སུ་མ་གཏོགས་ཁོ་རང་གང་དུ་ཡོད་པ་ཧ་གོ་གི་མེད་པ་རེད། ཁོ་རང་འཛིན་བཟུང་བྱས་རྗེས་བོད་ལྗོངས་ཀྱི་ཆབ་མདོ་རུ་ཁྲིད་པ་རེད། འཇུ་ཁྲིད་བྱེད་སྐབས་ཁོའི་མགོ་བོར་རས་ཁུག་ནག་པོ་གཡོགས་ཤིང་། ས་དེར་སླེབས་རྗེས་ལྷམ་ནང་དུ་རྡོ་ཧྲུག་མང་པོ་བླུགས་ནས་གྱོན་བཅུག་རྗེས་ལངས་ཆད་རྫོགས་མེད་བཅད་ཅིང་གཅར་རྡུང་དྲག་པོ་བྱས་ཡོད་པ་རེད། འཇུ་བཟུང་བྱེད་དོན། ཁོས་མང་ཚོགས་ལ“ངན་སྐུལ”ཐེབས་འདོད་པར་སྐྲག་པས་རེད་ཟེར།།
    རང་ལ་འབྱོར་བ་ཡོད་དུས་གཞན་ལ་རོགས་སྐྱོར་བྱེད་མཁན་གྱི་ལྷག་བསམ་ཅན་དག་ལ། ང་ནི་གོང་བཀུར་དང་རྗེས་སུ་ཡི་རངས་བྱེད་མཁན་ཞིག་ཡིན་པས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་འདོད་འགོག་མེད་སྐྱེས་ཡོང། ཁ་སང་ཁོ་ཚང་གི་ཆག་སྒོ་དེ་གོ་བ་ནས་བཟུང་། ངའི་སེམས་པ་གྲང་ཤུར་ཤུར་དུ་གྱུར། ཁྱིམ་བདག་ཅིག་གི་ཚད་ནས་བཤད་ན་ཡང་། རང་གིས་ཚེ་གང་པོར་བསོག་བསོག་པའི་རྒྱུ་ནོར་རྣམས་ཞག་མ་གཅིག་རིང་ལ་ཐལ་དང་རྡུལ་དུ་བཏང་ཞིང་། རང་གི་སྙིང་ཉེ་བའི་ཁྱིམ་མི་ཚོ་བཙོན་འཇུག་བྱས་ཏེ། རང་ཉིད་ཞག་པོ་གཅིག་གི་རིང་ལ་མ་མེད་བྱིའུ་ཕྲུག་ཐང་གྱར་གྱི་ཚུལ་དུ་ལུས་སུ་བཅུག་ན་ནི་སུ་ཞིག་གིས་བཟོད་བསྲན་བྱེད་ཐུབ་བམ།།
    ཁོ་ནི་ལོ་འདིའི་བགྲོ་གླེང་ཞིག་སྐབས་ངོ་ཤེས་པ་ཞིག་ཡིན་ན་ཡང་། ང་ལ་བརྗེད་མི་ཐུབ་པའི་བག་ཆགས་བཞག་བྱུང་། གང་ཡིན་ཞེ་ན། ཁོ་ནི་རང་རིགས་ཀྱི་རིག་གནས་ལ་དུངས་ཀ་ཆེ་དྲག་པའི་རྐྱེན་གྱིས། སྡུག་དང་ཚེགས་ལ་མ་འཛེམས་པར་རང་གི་ཆུང་མ་དང་བུ་བུ་མོ་ཚང་མར་སྡོད་ས་རས་དཀར་དང་ཁ་ཟས་མར་རྩམ་སོགས་ཁྱེར་ནས་བགྲོ་གླེང་དེར་ཞུགས་ནས། སྤྱི་ཚོགས་ཀྱི་དཀའ་སྡུག་དང་གནད་དོན་མང་པོ་རང་གིས་ཅི་ནུས་གང་ལྕོགས་ཀྱིས་ཨེ་ཤོད་བལྟ་ཡི་ཡོད་པ་དང་། དེ་བཞིན། ཇོ་མོ་དགོན་གྱི་བགྲོ་གླེང་དེའི་སྟེང་ལ་ཡང་ཁོ་ཁྱིམ་ཚང་གང་པོ་ཁྱོག་ཁྱོག་དྲུད་དྲུད་དུ་ཐོན་ནས་རང་གི་སེམས་ཀྱི་ན་ཟུག་བརྗོད་དེ་ཉམ་ཆུང་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཚུལ་དེ་ལ་སོགས་ཀྱིས་སོ།།
    ཁ་སང་ངས་ཁོ་ཚང་གི་ཆག་སྒོ་ནག་པོ་དེ་ཐོས་རྗེས། བསམ་ཞིང་བསམ་དུས་སྡོད་ལོང་མེད་པར་བཏང་། ད་ནངས་ང་རང་ཆུ་ཚོད་དྲུག་པར་གཉིད་ལས་སད་ཅིང་ཉལ་འདུན་མེད་པར་གྱུར་ནས། དུས་ཚོད་བདུན་གྱི་སྟེང་མལ་ལས་ལངས་ཏེ་སྐད་ཆ་འདི་འབྲི་ཁུལ་བྱས་པ་ཡིན། དེ་ནི། ཁོ་ལ་ཡང་དང་བསྐྱར་དུ་དཀའ་ལས་བྱུང་བ་འདི་ཡང་ཁོ་པ་རང་གི་ཁེ་ཕན་ཙམ་གྱི་ཆེད་དུ་མིན་པ་ཤེས་པས་ཡིན་ལ། ཁོ་དང་ཁྱིམ་མི་གང་པོས་རྡོག་རྩ་ཆིག་སྒྲིལ་དང་སེམས་ཤུགས་མ་ཆག་པར་ཆག་སྒོ་འདི་ཟློག་པའི་ལས་ལ་རྩོམ་ན། འཇིག་རྟེན་འདི་རུ་ཁོ་དང་ཁོ་འདྲ་བའི་སྙིང་རྗེ་བྱམས་སེམས་ཅན་ལོས་ཡོད་འདོད་པས་ཀྱང་ཡིན་ནོ།།
    ར་རྫ་འཇམ་དབྱངས་སྐྱིད་ཅེས་པ་ནས།
    2012/09/15

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་༸གོང་ས་མཆོག་གཙོས་པའི་ང་ཚོ་བོད་མི་ཚང་མས་སེམས་སུ་བོད་རང་བཙན་མི་འདོད་མཁན་ཡོད་པ་མ་རེད། ཡིན་ནའང་ང་ཚོས་༼མི་༽འདོད་བཞིན་དུ་ལམ་ཁ་གཞན་ཞིག་བདམས་དགོས་པ་དེ་ད་ལྟའི་ཆར་དགོས་པ་རྒྱུ་མཚན་མང་པོ་ཞིག་གི་དབང་གིས་བྱུང་བ་རེད། ་་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese