མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྒྱ་མཚོ།

ཉེ་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ་རྒྱུ་ཡོད་པ་ནི་ ༧ གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐུགས་ཕམ་བྱུང་བ་དེ་རེད།  གུ་རུ་རིན་པོ་ཆེ་ཡིས་ “བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ” ཅེས་སྡོམ་ཚིག་ཅིག་བཀོད་ཡོད་པ་དེར་བློ་གཟུ་བོར་གནས་པའི་བོད་མི་ཚོས་ངེས་པར་དུ་བསམ་གཞིག་ནན་གྱིས་བའི་དུས་སུ་སླེབས་འདུག་སྙམ། བོད་པ་རྣམ་དག་ཅིག་ཡིན་ཚེ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་དགོས་ངེས་ཤིག་ཡིན་ཞེས་ངས་སྤོབས་པའི་བཤད་སྙིང་འདོད། ཕྲན་གྱིས་བོད་པ་ཡིན་པར་ཁས་ཆེ་པ་ཚོས་རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་དགོས་པའི་རྒྱུ་མཚན་འགའ་དོན་ཚན་ ༡༡ དུ་བསྡུས་ཏེ་གླེང་རྒྱུ་ཡིན།

༼ ༡ ༽༡༩༥༠ ལོར་སྟག་བྲག་རིན་པོ་ཆེ་ཡིས་ཆབ་སྲིད་ཀྱི་འགན་དབང་༧གོང་ས་མཆོག་ལ་རྩིས་སྤྲོད་གནང་། ཀུན་གྱིས་མཁྱེན་གསལ་ལྟར་སྐབས་དེའི་བོད་གཞུང་ནི་ཁ་ཐོར་དགུ་ཐོར་དང་། འཆི་གསོན་ཉག་ཕྲ་བའི་གནས་སྟངས་འོག་ལྷག་ཡོད། གནས་སྟངས་འདིའི་འོག་ནས་༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་ཡོད་ལ། སྐབས་དེར་གོང་ས་མཆོག་དགུང་ལོ་བཅུ་དྲུག་ལ་སོན་ཙམ་ཡིན། ༡༩༥༩ ལོའི་སྔ་རོལ་གྱི་བོད་སྤྱི་ཚོགས་དེ་སྐུ་དྲག་རིང་ལུགས་དང་ས་བདག་རིང་ལུགས་རེད་ཅེས་བརྗོད་ཆོག་ལ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་འཁུར་དུ་བཞེས་ཏེ་ཅུང་མ་འགོར་བར། བོད་སྤྱི་ཚོགས་རྙིང་པའི་ནང་གི་བྱ་སྤྱོད་མང་པོ་ཞིག་བཅོས་བསྒྱུར་དགོས་པར་གཟིགས་ཏེ། འཐུས་མི་ ༥༠ ལས་གྲུབ་པའི་བསྒྱུར་བཅོས་ཚོགས་པ་ཞིག་དང་རྒྱུན་ལས་ཚོགས་ཆུང་གསར་དུ་བཙུགས། ཚོགས་པ་དེའི་དམིགས་ཡུལ་མདོ་བསྡུས་ཏེ་བཤད་ན། བོད་སྤྱི་ཚོགས་རྙིང་པ་ལེགས་བཅོས་བཏང་སྟེ་དེང་རབས་ཚན་རིག་དང་མཐུན་པའི་དམངས་གཙོའི་སྤྱི་ཚོགས་གསར་བསྐྲུན་གནང་རྒྱུ་དེ་རེད།  

༼༢༽ ༡༩༥༩ ལོར་༧གོང་ས་མཆོག་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་རྗེས། སློབ་གྲྭ་གསར་འཛུགས་དང་སེ་འབྲས་དགེ་གསུམ་གཙོས་དགོན་པ་གྲྭ་ཚང་གསར་རྒྱག བཙན་བྱོལ་བོད་གཞུང་གསར་འཛུགས་སོགས་སྔར་བོད་ཀྱི་ཆོས་སྲིད་དང་རིག་གཞུང་སོགས་ཉམས་རྒུད་དུ་ཕྱིན་པ་རྣམས་སླར་གསོ་མཛད་ཡོད།

༼༣༽ སྔོན་མ་ཡིན་ན་བོད་ནང་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོ་ཕན་ཚུན་བར་འཁོན་འཛིན་དང་ཞེན་ཁོག་འཐེན་འཁྱེར་ཤུགས་ཆེན་ཡོད་མོད། ༧གོང་ས་མཆོག་རྒྱ་གར་ལ་ཞབས་ཀྱིས་བཅག་རྗེས་ཆོས་བརྒྱུད་ནང་ཁུལ་གྱི་འགལ་ཟླ་ཡོངས་རྫོགས་མེད་པ་བཟོས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་དཔལ་ནཱ་ལེན་དྲ་ནས་བོད་ལ་དར་བའི་སངས་རྒྱས་ཆོས་ལུགས་ཤིག་དང་། ཆོས་བརྒྱུད་ཁག་གི་དབུ་འཁྲིད་ཚོ་ནང་པ་སངས་རྒྱས་པའི་རྗེས་འབྲང་པ་ཡིན་པ་གཅིག་མཚུངས་ཡིན་པའི་ངོས་འཛིན་གསལ་བཤད་ཡང་ཡང་གནང་ཡོད། ལྷག་པར་དུ་དགོན་སྡེ་ཁག་ཚང་མའི་ནང་ཚད་མ་རིག་པ་དང་དེང་གི་ཚན་རིག་སློབ་སྦྱོང་བྱ་དགོས་པའི་ལམ་སྟོན་གནང་།

༧གོང་ས་མཆོག་ནས་གསར་གཏོད་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དབྱེ་བ་གསུམ་བགོས་ཏེ། དང་པོ། ནང་པ་སངས་རྒྱས་པའི་ཆོས་དང་། གཉིས་པ། ནང་པ་སངས་རྒྱས་པའི་ལྟ་གྲུབ། གསུམ་པ། ནང་པ་སངས་རྒྱས་པའི་ཚན་རིག་བཅས་རེད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ཨེ་ཤི་ཡཱའི་རྒྱལ་ཁབ་ཁག་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བའི་ནང་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད། དེང་སང་ཚན་རིག་པ་དང་ནུབ་ཕྱོགས་སེམས་ཁམས་རིག་པ་སྨྲ་པ་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་བརྒྱུད་དེ་ང་ཚོ་འགྲོ་བ་མིའི་ཀུན་སྤྱོད་དང་སེམས་ཁམས་རིག་པའི་སྐོར་ཞིབ་འཇུག་བྱས་དང་བྱེད་བཞིན་ཡོད་ལ། ༧གོང་ས་མཆོག་སྒེར་གྱིས་ལོ་མང་རིང་འཛམ་གླིང་གི་མཚན་རིག་པ་གྲགས་ཅན་ཚོ་དང་སེམས་དང་ཚེ་སྲོག་སྐོར་ལ་བགྲོ་གླིང་གནང་སྟེ་བོད་ཀྱི་ནང་པ་སངས་རྒྱས་པའི་ཚན་རིག་འཛམ་གླིང་ཡོངས་ལ་ཁྱབ་ཡོད།

༼༤༽༧གོང་ས་མཆོག་གིས་བཀའ་དྲིན་ཁོ་ནར་བརྟེན་ཏེ་བོད་མདོ་དབུས་ཁམས་གསུམ་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཆགས་ཡོད། སྔོན་ཆད་བཙན་བྱོལ་སྤྱི་ཚོགས་ནང་བོད་པ་མི་ཉུང་བ་ཞིག་གིས་ང་བོད་པ་ཡིན་ཟེར་རྒྱུར་ཡང་ངོ་གནོང་བའི་གནས་ཚུལ་ཡོད་ཀྱང་། དེང་སང་བོད་གཞིས་བྱེས་གཉིས་ཀ་ནས་བོད་པ་ཚོས་ལུང་ཚན་གྱི་འདུ་ཤེས་ལས་བརྒལ་ཏེ། ང་ཚོའི་བོད་དང་ང་རང་བོད་ཡིན་ཞེས་ཞེས་སྤོབས་པ་གཟེངས་སུ་བཏེགས་ཏེ་རྗོད་ཀྱི་ཡོད། འདི་ནི་༧གོང་ས་མཆོག་གི་བཀའ་དྲིན་ཁོ་ན་ལས་གཞན་སུ་གང་གི་བྱས་རྗེས་ལ་བགྲང་ས་མེད།  

༼༥༽རྒྱ་ནག་དབུས་སྲིད་གཞུང་གིས་བོད་ཐོག་སྲིད་ཇུས་འདྲ་མིན་སྤེལ་ཏེ་མཐར་གཏུགས་ན་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་གྱིན་ཡོད། ད་ལྟའི་བོད་ཀྱི་གནས་སྟངས་ནི་ཆེས་འཇིགས་སུ་རུང་བ་དང་། ཆེས་ཡ་ང་བ་ཞིག་ཏུ་གྱུར་ཡོད། ཛ་དྲག་གི་གནས་སྟངས་འདིའི་འོག་ནས་མགྱོགས་མྱུར་ངང་བོད་སྐྱོབ་ཐབས་བྱ་རྒྱུ་ནི་ང་ཚོ་མི་རེ་ངོ་རེའི་ཕྲག་ཏུ་བབས་པའི་འོས་འགན་ཉག་ཅིག་ཆགས་ཡོད། ༧གོང་ས་མཆོག་གིས་ཛ་དྲག་གི་གནས་སྟངས་འདི་ལས་སྐྱོབ་ཐབས་སུ་བོད་རྒྱ་གཉིས་ཀར་ཕན་པའི་དབུ་མའི་ལམ་གསར་བཏོད་མཛད། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་གཙོས་འཛམ་གླིང་ཡུལ་གྲུ་གང་སར་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད།

༼༦༽འཛམ་གླིང་རྒྱལ་ཁབ་ཁག་གི་དམངས་གཙོའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་མིག་བལྟས་ན། མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དམངས་གཙོར་བསྒྱུར་ཆེད་ནང་ཁུལ་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར། རང་ཉིད་ཀྱི་གཅེས་པའི་ལུས་སྲོག་ཚུན་བློས་གཏོང་གནང་ཡོད་ཀྱང་། ང་ཚོ་བོད་ཀྱི་དམངས་གཙོའི་འཕེལ་རིམ་ནི་༧གོང་ས་མཆོག་གིས་ཐད་ཀར་བོད་མི་ས་ཡ་དྲུག་ལ་གསོལ་རས་སུ་བསྩལ་པ་ཞིག་རེད།

༼༧༽བོད་རང་དབང་འཐབ་རྩོད་ཀྱི་ཐབས་ལམ་ནི་འཚེ་མེད་ཞི་བ་ཡིན། འཚེ་མེད་ཞི་བའི་ལྟ་གྲུབ་ཟེར་བ་འདི་བདག་ཅག་གི་སྟོན་པས་ལོ་ངོ་ ༢༦༠༠ གོང་ལ་གསུངས་པ་ཞིག་རེད། ༧གོང་ས་མཆོག་ནས་བོད་མི་ཚོར་བོད་རང་དབང་འཐབ་རྩོད་བྱེད་པར་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་དགོས་པའི་འབོད་སྐུལ་ཡང་ཡང་གནང་བར་བརྟེན། ༡༩༨༩ ལོར་ནོ་བྷེལ་ཞི་བདེ་གོ་སྒྲིག་ཚོགས་ཆུང་གིས་༧གོས་ས་མཆོག་ལ་ཞི་བདེ་གཟེངས་རྟགས་ཕུལ་ཡོད། འདི་ནི་རྒྱལ་དབང་རིམ་བྱོན་གྱི་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་དན་རྟགས་གལ་འགངས་ཆེན་པོ་ཞིག་དང་། མ་འོངས་པའི་བོད་པའི་མི་རབས་ནས་མི་རབས་ཀྱི་གཟི་བརྗིད་དང་སྤོབས་པ་རེད། དེ་བཞིན་དུ་ ༢༠༠༨ ལོར་ཨ་རི་གྲོས་ཚོགས་ནས་༧གོང་ས་མཆོག་ལ་གསེར་གྱི་རྟགས་མ་ཕུལ་ཏེ། བོད་མི་ཚོའི་སེམས་ཁུངས་ན་ང་ཚོ་བོད་ཀྱི་དབུ་ཁྲིད་ཅེས་དགའ་དད་སྤྲོ་གསུམ་གྱིས་ཁེངས་ཡོད།

༼༨༽བོད་མི་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་པ་དང་། གངས་ཅན་པ་རྣམས་ཀྱིས་དེང་དུས་ཤེས་ཡོན་དང་བོད་བརྒྱུད་ནང་བསྟན་གཉིས་ལ་སློབ་སྦྱོང་བྱས་ཏེ་སོ་སོའི་རྒྱལ་ཁབ་གཙོས་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་ཐུབ་ན་དེ་ནི་དུས་རབས་ཉེར་གཅིག་པའི་ནང་པ་རེད་ཅེས་༧གོང་ས་མཆོག་གིས་ནན་གྱིས་གསུངས་ཏེ། དགོན་པ་གྲྭ་ཚང་ཁག་ཚང་མའི་ནང་ཚན་རིག་གི་སློབ་སྦྱོང་སྲོལ་གཏོད་གནང་།

༼༩༽༢༠༡༡ ལོར་༧གོང་ས་མཆོག་བོད་པའི་ཆབ་སྲིད་ལས་བགྲེས་ཡོལ་ཆ་ཚང་གནང་སྟེ། བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་བྱང་ཡང་བཅོས་བསྒྱུར་གནང་། ༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མིང་ཚབ་ཏུ་༼ གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས༽ ཞེས་པ་དང་། བཀའ་བློན་ཁྲི་བའི་མིང་ཚབ་ཏུ་༼ སྲིད་སྐྱོང་བ ༽ ཞེས་མཚན་བསྩལ་ཡོད་ཀྱང་། ངོ་མཚར་བ་དང་ཡ་མཚན་པ་ཞིག་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཙོ་བྱས་ཏེ་གནད་ཡོད་མི་སྣ་ཁག་ཅིག་གིས་དབུས་བོད་མིའི་སྒྲིག་འཛུགས་ཟེར་བའི་མིང་གཞན་ཞིག་བཏགས་པ་དང་། སྲིད་སྐྱོང་བ་ལ་ད་དུང་བཀའ་བློན་ཁྲི་བ་ཅེས་འབོད་ཀྱིན་ཡོད།

༼༡༠༽༧གོང་ས་མཆོག་གི་སྐུ་ཚེའི་ནང་ལྷག་བསམ་གྱིས་བཅིངས་བའི་འགན་ཁུར་གསུམ་ཡོད་དེ། དང་པོ། འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་ཁྱབ་སྤེལ་བྱ་རྒྱུ། གཉིས་པ། འཛམ་གླིང་གི་ཆོས་ལུག་ཁག་ཕན་ཚུན་བར་འབྲེལ་ལམ་ཇེ་ལེགས་སུ་གཏོང་རྒྱུ། ཆོས་ལུགས་ཁག་ལ་ལྟ་བ་དང་གྲུབ་མཐའ་སྣ་ཚོགས་ཡོད་ཀྱང་། གཞི་རྩའི་བྱམས་པ་དང་བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཆོས་ལུགས་ཚང་མའི་ནང་ཡོད་པ་གཅིག་མཚུངས་ཡིན། གསུམ་པ། བོད་ཀྱི་གནད་དོན་ལ་ཐུགས་ཁུར་དང་། དྲག་ཤུཊ་ཆེ་བའི་རྒྱ་ནག་གི་སྲིད་བྱུས་འོག་ནས་འཚོ་བཞིན་པའི་བོད་མི་རྣམས་ཀྱི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་བཅས་རེད།

༼༡༡༽སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། དེར་བརྟེན། འཛམ་གླིང་ཞི་བདེ་དང་། འགྲོ་བ་མི་རྣམས་བདེ་སྐྱིད་སྐྲུན་པ་ལ་༧གོང་ས་མཆོག་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ཞེས་པ་འཛམ་གླིང་ཡོངས་ལ་གསལ་བོར་བསྒྲགས། ༧གོང་ས་མཆོག་ནི་བོད་མིའི་དབུ་འཁྲིད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་དབང་བའི་ཞི་བདེ་དབུ་འཁྲིད་ཅིག་ཆགས་ཡོད། ལྷག་པར་དུ་འཛམ་གླིང་ནང་པའི་རྒྱལ་ཁབ་ཁག་གི་དབུ་འཁྲིད་གཅིག་པུ་དེ་ཡིན་སྟབས། ང་ཚོ་བོད་མིའི་དབུ་འཁྲིད་ཅེས་བརྗོད་ཚེ་དགེ་སྐྱོན་གཉིས་ལས་སྐྱོན་གྱི་ཆ་ཆེ་བར་མཐོང་གི་ཡོད། བོད་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མཁྱེན་དགོས་པ་ཞིག་ལ། དགོས་པ་རྒྱུ་མཚན་ལྡོག་དུ་མེད་པ་ཞིག་གི་དབང་གིས་༧གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་ངམ་ཏཱ་ལའི་བླ་མའི་བླ་བྲང་གི་མཚན་བྱང་བརྗེ་བསྒྱུར་གནང་པ་མ་གཏོགས་བོད་གཞུང་བསྡུ་གསོག་བརྒྱབ་སྟེ་སྒམ་ནང་བཅུག་ནས་ཟྭ་བརྒྱབ་པ་ཞིག་གང་དུའང་མེད། མདོར་ན་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མི་རྣམས་བྱ་མའི་བྱ་ཕྲུག་རུམ་རུམ་བྱས་པ་ལྟར་དགུང་ལོ་ ༡༦ ནས་ད་ལྟའི་བར་བྱམས་དང་བརྩེ་བའི་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་ལ་བསམ་ཤེས་ཀྱིས་བོད་ལ་དྲིན་ཆེན་བྱས་པ་དྲིན་དུ་གོ་བར་བགྱིས་ཤིག།།

འབྲེལ་ཡོད་གསར་འགྱུར།

Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

སྐར་མ ༡༨ སྔོན་ལ།
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡ སྔོན་ལ།
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

གངས་ལྗོངས་ལྷ་མི་ཡོངས་ཀྱི་སྟོན་པ། (ཚན་པ་དང་པོ།)

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥

མཆན། 21

  1. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ལས་མེད་ཀྱི་དྲྭ་གྲོགས་འདི་ཚོ། ཕྱོགས་རིས་ཀྱི་དྲྭ་གྲོགས་འདི་ཚོ། ཀླད་མེད་ཀྱི་དྲྭ་གྲོགས་འདི་ཚོ། ཕུང་དཀྲུག་གི་དྲྭ་གྲོགས་འདི་ཚོ། དོན་མེད་བན་བོན་གྱི་རྙོག་ཁྲ་མི་བཟོ་བར་ལོ་རྒྱུས་དང་ཁུངས་ལུང་བཤད་རྒྱུ་ཡོད་ན། སྨྱུག་གུའི་རལ་གྲི་འཕྱར་རྒྱུ་ཡོད་ན། དཔའ་དང་དཔུང་པ་ངོམས་རྒྱུ་ཡོད་ན། བདེན་དོན་རྩོད་རྒྱུ་ཡོད་ན། གཞིས་ལུས་རྒྱ་ཆེའི་མི་མང་གིས་རེ་འདུན་སྒྲུབས་ཤིག བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བ་གྱིས་ཤིག གཞིས་གྱེས་ལྷན་དུ་འཛོམས་ཐུབ་པར་གྱིས་ཤིག དེ་མིན་ཁ་སྟོང་པས་དཀྲུགས་ཤིང་ཞེ་ཅིག་གི་བོན་པོ་དང་བོན་པོ་ཟེར་ནས་མ་བཤད་ན་བཟང་གི བོན་པོར་འཕྱ་རྒྱུ་མང་དྲགས་ན། བོད་རིགས་ཡོད་དོ་ཅོག་གི་ཕ་མེ་ཡང་མེ་ཐམས་ཅད་བོན་པོ་ཡིན་པས་རང་མགོ་ཆུ་འདྲེན་ལས་མེད་པས་དེ་དོན་ཡིད་གཟབ་བྱོས།

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    ཏཱ་ར་ནཱ་ཐཱས་རྒྱ་གར་གྱི་ལོ་རྒྱུས་གང་ལ་དཔེ་བྱས་ནས་པད་འབྱུང་གི་ལོ་རྒྱུས་བྲིས་པ་རེད། སིག་ཆོས་ལུགས་ཀྱི་བླ་མ་གུ་རུ་ནཱ་ཎག་གི་ལོ་རྒྱུས་དེ་ཚོ་མ་དྲངས་ཨང་། རྫུན་འདིའི་སྔ་མ་གནའ་ནས་བུད་ཚར་བ་རེད། ཧ་ཧ་ཧ།

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    བཀྲ་ཤིས་ཟེར་བ་ཀྱེ། ཁྱོད་ཀྱིས་ང་བོན་པོའི་གྲས་སུ་བཙུད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོན་པོ་ཟེར་བ་དེ་བོནད་པ་གཙང་མ་རེད། ང་བོད་པ་གཙང་མ་ཞིག་བྱེད་རྒྱུར་ཤིན་ཏུ་དགའ། ཞིབ་འཇུག་གི་ཐོག་ནས་བཤད་ན་གུ་རུ་རིན་པོ་ཆེས་བོད་རྒྱལ་གྱི་བཙུན་མོ་འཕྲོག་ཡོད་མེད་དང་གསེར་ཁྱེར་ཡོད་མེད་བཤད་ཁག་པོ་རེད། གང་ཡིན་ཟེར་ན་གུ་རུ་རིན་པོ་ཆེ་ཟེར་བ་ཞིག་ཡོད་མེད་ཀྱང་ཐེ་ཚོམ་བྱེད་ཀྱི་ཡོད་པས་སོ། དེ་ཐད་ནས་ངས་ཁྱོད་ལ་མི་འདྲི། དེ་ཚོ་གང་ཡིན་རུང་འདས་ཟིན་པ་རེད། ང་དང་ཁྱོད། ད་དུང་ཁོང་། ངེད་ཚོ་ཚང་མར་དགོས་མཁོ་ཆེ་བ་ཞིག་ཡོད་པ་ནི་བོད་ས་བོད་ཀྱི་རྐང་པས་གནོན་ཐུབ་པ་ཞིག་དང་། བོད་སྲིད་བོད་ཀྱི་དཔོན་པོས་སྐྱོང་ཐུབ་པ་ཞིག་ཡོང་རྒྱུ་དེ་རེད། དེ་ལྟར་བྱེད་ཐུབ་མཁན་ཞིག་ཡོད་པ་ནི་གུ་རུ་རིན་པོ་ཆེ་རེད་ཅེས་འབུམ་ཚོགས་མང་པོ་བཏང་སོང་། སྐུ་འདྲ་མང་པོ་བཞེངས་སོང་། ཁོང་གིས་ཀྱང་བོད་པ་ཚོར་གཉན་འཕྲང་གི་དུས་སུ་མགོན་དཔུང་དུ་ཡོང་གི་ཡིན་ཟེར་ནས་ཁས་ལེན་བྱས་པ་རེད། ཁོང་གི་སྐུ་ལ་འདས་འཁྲུངས་ནི་མེད། ད་ག་དུས་ཡོང་གི་རེད། དེར་ལན་ཞིག་འདེབས་རོགས། ངས་ཁོང་ལ་འབུལ་བ་འགའ་ཞིག་གྲ་སྒྲིག་བྱེད་དགོས། སྐུ་མཁྱེན། གསལ་པོ་ཞིག་གསུངས་རོགས།

    Reply
  4. བཀྲ་ཤིས། says:
    ལོ་ 13 སྔོན།

    བོན་པོ་ཚོས་ལོ་རྒྱུས་ཁུངས་ལུང་མེད་འའདྲ་བཟོས་ན་སྡོད་སྡོད་ལོ། བོན་པོ་ཚོས་ཞིང་ཞུང་་གི་སྒྲུང་འདྲ་བཟོས་ནས་སྡོད་སྡོད་ལོ། ཁྱེད་ཚོས་ནང་ཆོས་རྐུན་མ་བྱེད་ས་ནི་བན་དེ་པད་མ་འབྱུང་གནསཀྱི་ཆོས་ལུགས་རེད་ཀོ་ ད་བྱས་ན་ཁྱེད་ཚོ་བན་དེ་ཡོད་ཚད་ཞེ་སྡང་བྱས་པ་དོན་མེད་རེད།
    གུ་རུའི་མཛད་རྣམ་ཁུངས་དག་ཤོས་ཏ་ར་ནཱ་ཐས་བྲིས་པ་དེ་རེད་དེ་ནི་རྒྱ་གར་ཡིག་ཆ་ལ་གཞི་བཅོལ་ཡོད་ལ་མཁས་པ་ཚོས་ཁས་ལེན་བྱེད་ས་དེ་རེད། ཡེ་ཤེས་མཚོ་རྒྱལ་པོའི་རྒྱལ་པོའི་བཙུན་མོ་མིན་པ་ཧ་ཅང་ཁ་གསལ་བོ་ཡོད་རེད་ལོ་ལོ།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    བཀྲ་ཤིས་ཟེར་བ་ཀྱེ། ངས་བོན་དང་བན་གྱི་འགལ་ཟླ་རྩོད་ཀྱིན་མེད། ངས་བོནད་དང་བོན་གྱི་སྐྱིད་སྡུག་གླེང་གི་ཡོད། ངས་བོད་དང་གུ་རུའི་དམ་ཚིགས་གླེང་གི་ཡོད། ངས་གསེར་དང་གཡོ་སྒྱུའི་འབྲེལ་བ་གླེང་གི་ཡོད། ངས་གཡེམ་དང་རྐུ་ཡི་ནག་ཉེས་གླེང་གི་ཡོད། ངས་གུ་རུའི་ཁ་ཆེམས་ནན་གྱིས་དྲན་གི་ཡོད། ངས་པདྨ་འབྱུང་གནས་ཕེབས་སྒུག་ཞུས་བསྡད་ཡོད། ངས་རྒྱ་འདྲེ་འདུལ་བའི་བླ་རྒོད་འབོད་ཀྱིན་ཡོད། ངས་གསེར་རྡོག་བཏེགས་ནས་གྲུབ་ཆེན་འབོད་ཀྱིན་ཡོད། ངས་མཛེས་མ་བཤམས་ནས་མོན་རྒན་འབོད་ཀྱིན་ཡོད།

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    བཀྲ་ཤིས་ཟེར་བ་ཀྱེ། ང་བོནད་ཕྲུག་ཡིན། ཤ་གསེང་རུས་གསེང་ན་བོནད་ཀྱི་རྩམ་འདྲི་འཐུལ་བའི་བོནད་ཕྲུག་ཅིག་ཡིན། དེ་ཁྱོད་ནོར་མི་འདུག བཀའ་དྲིན་ཆེ། ཁྱོད་ཀྱི་ཕ་མྱེས་ཡང་མྱེས་ཚོ་ཡང་ང་དང་གཅིག་མཚུངས་རེད།
    སློབ་དཔོན་རིན་པོ་ཆེས་བོད་རྒྱལ་གྱི་བཙུན་མོ་འཕྲོག་པ་མ་རེད་ཅེས་ཇོ་ནང་ཏཱ ར་ནཱ་ཐཱ་རྒྱབ་དཔུང་དུ་འཁྲིད་ཡོང་བ་དེར་འཇིགས་ཆེ་རུ་འགྲོ་རྒྱུ་ཅང་མི་འདུག་སྟེ། ལོ་རྒྱུས་སྨྲ་བ་ཀུན་གྱིས་ཚད་ཐུབ་དུ་འཛིན་པའི་སྦ་བཞེད་དང་ལྡེའུ་ཆོས་འབྱུང་སོགས་ལ་ལྟོས་དང་། རིགས་པའི་རྗེས་འབྲང་གི་མིག་ཟུང་ཡོད་ན་ཤུགས་ལས་གོ་བ་ལོན་ངེས། དེའི་ཐད་ནས་ཁྱོད་ལ་མང་པོ་མི་བཤད། ད་འོ་ན་བོད་དུས་ལོག། བོད་སྐེ་རྒྱ་ཡིས་བཅད། བོད་ས་ཁྲག་གིས་བརྫིས། བོད་བོད་ན་སྡོད་དུ་མ་བཅུག ཡ་ང་ལ་སྐྱི་འཇིགས་པའི་སྐབས་འདི་འདྲ་ཞིག་ལ་གུ་རུ་ཁོང་གང་དུ་བཞུགས་འདུག་གམ། ཡོང་རྒྱུ་ཡིན་ཟེར་བ་རྫུན་འེ་རེད། སྐབས་འདི་འདྲ་ཞིག་ལ་མ་ཡོང་ན་འདི་ལས་སྡུག་པའི་དུས་ཤིག་བོད་ལ་ཚེས་རྒྱུ་འེ་ཡོད། མདོར་བསྡུས་ན་གུ་རུ་བོད་སྐྱོབས་པར་ག་དུས་ཕེབས་ཀྱི་རེད། དེར་ལན་ཅིག་རྒྱག་རོགས། རྣལ་འབྱོར་བ་ཁོང་གསེར་ལ་ཧ་ཅང་ཐུགས་མཉེས་པས་ངས་ཁོང་ལ་གསེར་རྡོག་ཅིག་འབུལ་རྒྱུ་ཡིན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ །
    བོད་བློན་གདུག་རྩུབ་ཅན་གྱི་གཤིས་ཀ་རེད། །

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སློབ་དཔོན་དྲིན་པོ་ཆེས། “བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ”
    ཀརྡོ་རབ་འབྱམས་པས། “བོད་བློན་གདུག་རྩུབ་ཅན་གྱི་གཤིས་ཀ་རེད།”

    Reply
  9. བཀྲ་ཤིས། says:
    ལོ་ 13 སྔོན།

    སྣང་རྒྱལ་ཤེར་དགེ་ཟེར་བས་རྫུན་བཤད་འདུག གུ་རུས་བོད་ཀྱི་བཙུན་མོ་ཕྲོག་མེད་ཡེ་ཤེས་མཚོ་རྒྱལ་རྒྱལ་པོ་བཙུན་མོ་རེད་དེ་ཤེས་འདོད་ན་ཏ་ར་ནཱ་ཐས་བྲིས་པའི་གུ་རུའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ནང་ན་ཡོད་པས་དེར་ལྟོས། ཟངས་མདོག་དཔལ་རི་མ་མཐོང་ན་་་ཞིང་ཁམས་ཐ་དད་པ་རེད། བོན་པོ་ཚོས་འོལ་མོ་ལུང་ནང་ནས་གཤེན་རབ་སྐྱེས་རབས་བཤད་པ་འདྲ་བོ་མེད། སྣང་རྒྱལ་ཁྱོད་བོན་ཕྲུག་ཅིག་རེད་པཱ།

    Reply
  10. thapkegyatso says:
    ལོ་ 13 སྔོན།

    མཁས་པའི་ཁ་ཡི་ལེགས་བཤད་རེད།

    Reply
  11. གནས་ཚང་། says:
    ལོ་ 13 སྔོན།

    སྙིགས་མ་ལྔ་བདོའི་དུས་འདིར་སངས་རྒྱས་ལའང་བློ་ཕམ་བྱུང་གི་ཡོད་པ་རེད་ཟེར། སྔོན་མ་སྟོན་པ་ཐུགས་རྗེ་ཅན་གྱིས་བསྲེག་བཅད་བརྡར་གསུམ་གནང་ཆོག་ཅེས་རྗེས་འཇུག་པར་བཀས་བཅད་ཡོད་པ་རེད། སྐད་ཆ་འདི་རིགས་ཀྱིས་དད་པ་མཚོན་གྱི་ཡོད་དམ་ཞབས་ནས་འཐེན་གྱི་ཡོད་མེད་ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གི་རེད། ངོ་མ་ཁྱད་མཚར་མ་རེད་པས།

    Reply
  12. རིག་རྒྱམ། says:
    ལོ་ 13 སྔོན།

    གོང་ས་མཆོག་གིས་རང་ཉིད་ཀྱི་བླ་བྲང་གི་མིང་བརྗེ་བསྒྱུར་བྱས་པ་རེད་ཟེར། གོང་དུ་བཙན་བྱོལ་བོད་གཞུང་གི་མིང་ཚབ་དུ་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིགས་འཛུགས་ཅེས་བསྩལ་ཞེས་པ་དེ་མིན་ན་ད་ལྟ་གོང་ས་མཆོག་གི་བླ་བྲང་གི་མིང་གསར་བ་དེ་གང་རེད། སྔར་གྱི་བཙན་བྱོལ་བོད་གཞུང་རྒྱལ་བ་རིན་པོ་ཆེའི་བླ་བྲང་དང་དེའི་མིང་ལ་གངས་ལྗོངས་རང་དབང་དམངས་གཙོའི་བསྒྲིགས་འཛུགས་ཅེས་བསྩལ་ད་ལྟའི་དམངས་གཙོའི་བསྒྲིགས་འཛུགས་འདི་རྒྱལ་བ་རིན་པོའི་བྲང་རེད་ཟེར་གྱི་ཡིན་ནམ།

    Reply
  13. གནམ་ལྕགས། says:
    ལོ་ 13 སྔོན།

    ཡག་པོ་བྲིས་འདུག

    Reply
  14. ཚེ་རིང། says:
    ལོ་ 13 སྔོན།

    བོད་ལ་དྲིན་ཅན་བྱས་ཀྱང་དྲིན་མི་གོ་ཟེར་བ་འདི་དངོས་ཡོད་རེད། ༧གོང་ས་མཆོག་གི་བཀའ་དགོངས་མ་སྒྲུབ་པར། བཀའ་དགོངས་ཁ་ལ་ཁྱེར་ཏེ་ནང་ཁུལ་དཀྲིག བོད་དོན་ལས་འགུལ་ཚོས་ཉིན་མཚན་མེད་པར་བོད་ནང་གི་དཀའ་ངལ་འཛམ་གླིང་མི་མང་ལ་ཤེས་རྟོགས་ཆེད་དཀའ་ལས་ག་ཚོད་བརྒྱབ་ཀྱང་། ཁོང་ཚོར་ཁ་རྡུང་དང་། སྔོན་མ་མདོ་ཁམས་ཀྱི་དྭངས་བླངས་དམག་མིས་དཀའ་ལས་ག་ཚོད་བརྒྱབ་ཀྱང་། ཁོང་ཚོར་དགྲ་ལྟར་འཛིན། ཕྱིར་ཕུད་བཏང་། བོད་ཀྱི་འགོ་ཁྲིད་ཡིན་ཟེར་མཁན་ཁག་ཅིག་གིས་མི་མང་ལ་འདི་ལྟར་སྣེ་ཁྲིད་རྒྱུ་ཡིན་ནམ།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ང་ནི། ད་ལྟའི་༸རྒྱལ་བ་རིན་པོ་ཆེ་དང་། ད་ལྟའི་བཙན་བྱོལ་སྒྲིག་འཛུགས་དང་། ད་ལྟའི་སྲོད་སྐྱོང་བློ་སེང་ལགས་ལ་གུ་རྩི་བྱེད་ཐུབ་མཁན་དེ་ལ། བོད་མི་ལ་རྒྱ་ཅན་རེད། ཅེས་ཟེར་འདོད།
    གཞན་པ་རང་རིགས་བོད་མི་ནང་ལ་རང་བཙན་ལེན་མདོག་གིས་༸གོང་མཆོག་ལ་ཟུར་ཟ། སྒྲིག་འཛུགས་ལ་ཕྱ་དམོད་དང་། སྲིད་སྐྱོང་ལ་དམའ་འབེབས་བྱེད་མཁན་དེ་ཚོ་རང་གི་ལག་པའི་ཕྱི་ནང་མི་ཤེས་པའི་མི་ངན་ཡིན་པ་ཡང་ཤེས་པར་གྱི་ཤིག །

    Reply
  16. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    རྒྱལ་བ་ཡིད་བཞིན་ནོར་བའི་བཀའ་དྲིན་མི་སེམས་མཁན་བོད་མི་ཉུང་ཤོས་རེད། བོད་པ་སྤྱི་ཡོངས་ནས་ཁོང་གི་བཀའ་དྲིན་དང་། ཁོང་གི་མཛད་རྗེས་ལ་ཡི་རང་བྱེད་བཞིན་ཡོད་ཡོད་པ་རེད།

    ཡང་བོད་པ་རེ་གཉིས་ལ་དུས་ནམ་ཀུན་དུ་རྒྱལ་བ་རིན་པའི་ཆེ་ལས་དཀའ་དྲིན་ཆེ་བ་ཞིག་དང་། སྙིང་ཉེ་བ་ཞིག་མེད་ནའང་སྐད་ཆ་འཆད་སྟངས་ནོར་ནས། སྐྱོན་ཆ་རེ་འགྲོ་བཞིན་པ་ནི་རྒྱུན་ལྡན་རེད། དེ་དག་གི་ལྷག་བསམ་ལ་སྐྱོན་མེད་ཀྱང་འཆད་སྟངས་ནོར་བ་རེད་ཟེར་རྒྱུ་ལས་མི་འདུག།

    དེང་སང་ཞིག་ལ་ཡིད་བཞིན་ནོར་བུས་ཐུགས་ཕམ་བྱུང་བའི་དགོངས་ཚུལ་ཞིག་གསུངས་པ་རྒྱུ་མཚན་དུ་བྱས་ནས། ཚོགས་པ་དང་མི་སྒེར་མང་པོ་ཞིག་གིས་དཔྱད་ཞིབ་དང་། འདོར་ལེན་གང་ཡོང་མེད་པའི་ཐོག་ནས། ཐོ་བ་ཆེན་པོ་ཞིག་ཁུར་ནས་ཐད་ཀར་ཐད་ཀར་ཚོགས་པ་ག་གེ་མོ་ཞིག་གི་མགོ་བོ་རྡུང་བར་བྱེད་པ་ནི་ཡག་རྟགས་ཤིག་དང་། བཟང་རྟགས་ཤིག་ཡིན་པ་གཏན་ནས་མི་འདོད།

    མཐར་གཏུགས་ནས་བཤད་ན། ང་ཚོ་ཚང་མས་མཛུབ་མོ་ཕར་ལ་གཏད་པ་ལས་རང་ཉིད་ལ་ཚུར་གཏད་དེ་བསམ་གཞིག་ནན་མོ་བྱ་རྒྱུ་གལ་ཆེན་པོ་རེད་སྙམ། མཛུབ་མོ་ཕར་གཏུགས་ནས་འཆད་མཁན་བོད་པ་ཚང་ལ་མང་ཚོད་ལས་ཉུང་ཚོད་མེད་རེད།

    རྒྱལ་བཀའ་དྲིན་ཤེས་པར་བྱ་རྒྱུ་ནི་རང་རང་སོ་སོ་ལ་བབ་ཡོད་པ་ཞིག་རེད་ལ། རྒྱལ་བའི་དགོངས་གཞི་དགོངས་པ་གང་ཡིན་ངོ་ཤེས་བ་ཞིག་དང་། ཧ་གོ་བ་ཞིག་བྱ་རྒྱུ་གལ་ཆེ་བ་ལས། རྒྱལ་བའི་དགོངས་གཞི་ཞེས་རང་ཉིད་ཕུགས་ཀྱི་དོན་འགྲུབ་ཆེད་བེད་སྤྱོད་བཏང་ན། རྒྱལ་བའི་ཐུགས་ལ་ཕན་པ་ལས་གནོད་པ་ཆེ་བར་འདོད།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སློབ་དཔོན་དྲིན་པོ་ཆེས། “བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ” ཟེར་ས་དེ། སྣང་རྒྱལ་ཤེར་དགེ་ཁྱོད་འདྲ་བ་ལ་གསུངས་པ་དེ་རིང་གཞི་ནས་ངེས་པ་རྙེད་བྱུང་ངོ་། ཧ་ཧ།

    Reply
  18. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    དྲྭ་གྲོགས་ལགས་གསུང་ཆེ་ན་༧གོང་ས་ལྔ་པ་ཆེན་པོའི་གསུང་ཇི་བཞིན་འགྲོ་ཉེན་འདུག་པས་གཟབ་འཚལ། དེ་ཡང་། སློབ་མས་བརྩམས་པའི་བླ་མའི་རྣམ་ཐར་ནི། རང་བསྟོད་ཆེ་བས་བླ་མ་ཟོག་པོར་བསྒྱུར།

    Reply
  19. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    ཁ་བྱང་མཐོང་བས་ཀློག་འདོད་མེད་པར་བྱས་སོང་། གུ་རུས་བོས་ཀྱི་རྒྱལ་པོ་བསླུས། གུ་རུས་བོད་ཀྱི་བཙུན་མོ་འཕྲོག གུ་རུས་བོད་ཀྱི་གསེར་རྡོག་ཁྱེར། ད་དུང་བཀའ་དྲིན་མི་ཤེས་ཟེར། སྙིང་རྗེ། ད་དུང་འགྲོ་ཁར་ནམ་ཞིག་བོད་ལ་དུས་ངན་ཚེས་དུས་ལྷོ་ནུབ་སྲིན་པོའི་ཡུལ་ནས་བོད་སྐྱོབས་པར་ཡོང་རྒྱུ་ཡིན་ཟེར། ད་གང་ན་འདུག བོད་བརླགས་སོང་། གུ་རུ་ཟེར་བ་ཞིག་གང་ན་འདུག ལྷོ་ནུབ་སྲིན་པོའི་ཡུལ་ནས་སུ་ཞིག་སླེབས་སོང་།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཉེ་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ་རྒྱུ་ཡོད་པ་ནི་ ༧ གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐུགས་ཕམ་བྱུང་བ་དེ་རེད། གུ་རུ་རིན་པོ་ཆེ་ཡིས་ “བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ” ཅེས་སྡོམ་ཚིག་ཅིག་བཀོད་ཡོད་པ་དེར་བློ་གཟུ་བོར་གནས་པའི་བོད་མི་ཚོས་ངེས་པར་དུ་བསམ་གཞིག་ནན་གྱིས་བའི་དུས་སུ་སླེབས་འདུག་སྙམ། ་་་ཟེར།

    Reply
  21. རལ་གྲི says:
    ལོ་ 13 སྔོན།

    ༸གོང་ས་མཆོག་གིས་འདི་ལྟར་གསུངས་འདུག་་་་་ང་ཤ་སུ་ལ་ཚ་ཟེར་ན་ བོད་པ་ཚོར་ཚ་དགོས་ཀྱི་རེད་དེ་ ཤ་ཚ་སའི་ཡུལ་དེ་ཚོས་༸རྒྱལ་བ་རིན་པོ་ཆེའི་བསམ་བློ་དེ་ཤེས་ཀྱི་ཡོད་པ་མ་རེད་ཅེ་གསུངས་འདུག བཀའ་སློབ་དེ་སྔོན་མ་ཞིག་ནས་གསུང་པ་ཞིག་ཡིན་ཡང་ ད་དུང་བོད་པ་འདི་ཚོས་རྒྱལ་བ་རིན་པོ་ཆེའི་བཞེད་དགོངས་ཤེས་ཀྱི་མི་འདུག་ ཨ་ཁ་སྙིང་རྗེའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese