མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་ལ་སྲིད་ཇུས་གསར་པ་འདི་ཕུལ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རི་སུལ་ཐོགས་མེད།

སྲིད་ཇུས་གསར་པ་མ་ཡོད་ན་ལོ་རྒྱུས་ཐོག་བྱུང་མ་མྱོང་པའི་སྡུག་བསྔལ་དང་མྱ་ངན་གྱི་མནར་གཅོད་འདི་ལས་ཇི་ལྟར་ཐར་རམ། གངས་ཅན་པའི་མྱ་ངན་དང་བྱང་སེམས་དཔའ་བོ་ཚོས་བློས་གཏོང་གི་རེ་འདོད་འགྲུབ་དགོས་ཕྱིན། བཀའ་ཤག་ནས་མགོ་བཙུགས་ཏེ་སྲིད་ཇུས་གསར་བསྒྱུར་བྱ་དགོས། ད་བར་དུ་གངས་རིའི་གཅེས་ཕྲུག་ཡང་རྩེ་བ་དགུ་བཅུ་མ་ཟིན་ཙམ་གཤེགས་པ་དོན་མེད་དུ་སོང་བ་ནི་ཐབས་ཇུས་གསར་པ་གང་ཡང་མ་ཡོད་པས་ལན་པ་རེད། ཁྲེལ་མེད་པའི་ལེ་ལན་དེ་སུ་ཞིག་གིས་འཁུར་དགོས་སོམས་དང་། 

ཕྲན་ལ་སོགས་པའི་བོད་རིགས་མང་པོས་རེ་བ་དང་ཡིད་ཆེས་ཀྱིས་འབད་པ་བརྒྱ་ཕྲག་གིས་རྒྱབ་སྐྱོར་ལ་བརྟེན་ཏེ་སྐུ་ཞབས་བློ་བཟང་སེངྒེ་སྲིད་སྐྱོང་དུ་གྱུར། སྔ་རབས་ཀྱིས་མཐོང་ཞན་ཁེངས་བཙན་གྱི་དཔོན་ངན་དག་དང་གཞལ་ན་སྲིད་སྐྱོང་བློ་བཟང་སེངྒེ་ནི། ཤེས་ཡོན་ལྡན་པའི་རྒྱལ་ཁབ་དང་མི་རིགས་གཞན་དག་གི་མི་སྣ་བཞིན་དུ་གཏམ་བཤད་སྟངས་དང་། ལས་དོན་སྒྲུབ་ལུགས་སོགས་ནུབ་གླིང་གི་དྲི་མ་ཅུང་ཙམ་ཡོད་པས་ཕྲན་སོགས་ཀྱི་རེ་བའི་མིག་ཟུང་ཅེར་ཞིང་དགའ་བའི་སོ་དཀར་འཛུམ་མྱངས་མོད། བློ་སེང་གིས་ཁོའི་སྲིད་ཇུས་གཙོ་བོའི་ནང་གི་གཙོ་བོ་ནི་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་པར་དམ་བཅས། ཁ་མཁས་ལྕེ་མཁས་ཀྱིས་ནུབ་ཕྱོགས་པའི་ཚོར་སློང་གི་གཏམ་བཤད་གྱིས་མི་སེམས་འགུག་ཐུབ་ཡོད། ཡིན་ཡང་དེ་ནི་འཆར་གཞི་མེད་པའི་སྟོང་གཏམ་དང་། གདེང་ཚོད་མེད་པའི་བཟོས་མ། འགན་ལེན་མེད་པའི་སྙན་ཚིག་ཅིག་ཏུ་གྱུར་འདུག སྐབས་འཚོལ་བའི་ཚིག་འདི་སྙན་ཡང་གངས་རིའི་དཔའ་རྒོད་ཚོའི་ཚེ་སྲོག་གི་གཤེད་མར་བསྒྱུར་མ་སོང་ངམ།

བོད་ཀྱི་དཔའ་རྟུལ་བརྒྱ་ཕྲག་མ་ཟིན་ཙམ་གྱིས་རང་སྲོག་མེ་ལ་ཕུལ་ཚེ་འབོད་ཚིག་ནི། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཟེར་བ་དེས་ར་སྤྲོད་བྱས་ཡོད། ཁོང་ཚོས་ཚེ་སྲོག་འདི་སྣང་གི་བདེ་སྐྱིད་དང་བཅས་པ་བློས་བཏང་བ་བློ་སེང་ལ་རམ་འདེགས་བྱས་པ་རེད་མོད། འོན་ཀྱང་བློ་སེང་ཁྱེད་ལ་བློ་བདེ་བོ་ཞིག་བྱུང་སོང་ངམ། སྙན་ཚིག་ཙམ་གྱེར་བ་ལས་ད་འགན་ཅི་ཞིག་འཁུར་རྒྱུ་ཡིན་ནམ། གངས་རིའི་དཔའ་རྒོད་ཚོས་ངོ་མཚར་བསམ་ཡུལ་ལས་འདས་པའི་བྱང་ཆུབ་སེམས་དཔའི་མཛད་པ་དངོས་ཡོད་འཇིག་རྟེན་དུ་བསྟན་པ་རེད། ཁྱེད་ཀྱིས་ཁོང་ཚོའི་མགྲིན་ཚབ་པ་མཚན་ཉིད་ཚང་བ་ཞིག་བྱེད་ཐུབ་བསམ་ཡོད་དམ། 

རྒྱལ་གཅེས་སེམས་དཔའ་རེ་རེ་བཞིན་གྱིས་བློས་གཏོང་གིས་༧གོང་ས་མཆོག་གི་ལྟ་གྲུབ་དམར་རྗེན་གྱི་མཚོན་རྟགས་དང་ལྡན་པའི་ངོ་མཚར་འཕྲུལ་གྱི་འཁོར་ལོ་མང་པོ་འཛམ་གླིང་གི་ངོམ་རིན་ཆེ་བ་དང་། བོད་ཀྱི་ཆབ་སྲིད་ཁ་ཕྱོགས་ལ་ལམ་སྟོན་དུ་དངོས་སུ་ཕུལ་མོད།  སྲིད་སྐྱོང་བློ་སེང་གི་བཀའ་ཤག་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་འཕྲུལ་འཁོར་དེ་ཉིད་གཏོང་མ་ཤེས་ཤིང་མ་ཕོད་པར། མི་ལོ་ལྔ་བཅུ་སོང་ཟིན་པའི་བེད་མེད་རྙིང་པ་རྙིང་ནག་གི་ཤིང་རྟ་ཆག་རོ་མ་དེ་དག་ཁ་ལོ་བསྒྱུར་རྒྱུ་ལས་མ་འཇོན་པ་མངོན་གསལ་རེད་མོད། རྒྱལ་གཅེས་སེམས་དཔའ་ཚོས་བློས་གཏོང་ཐམས་ཅད་ཁྱེད་ཚོའི་ཆབ་སྲིད་ལ་རམ་འདེགས་སུ་ཕུལ་ཡང་། ཁྱེད་ཚོས་ཆུད་ཟོས་སུ་བཏང་མ་སོང་ངམ། དཔའ་བོ་དཔའ་མོ་ཚོས་རང་སྲོག་ཁྱེད་ཚོ་ལ་ཕུལ་ཡང་། ཁྱེད་ཚོས་རྒྱལ་སྤྱིའི་ཐོག་ལ་ནུས་པ་འདོན་མ་ཤེས་པ་དང་། རྒྱ་དམར་ལ་རྒོལ་བའི་ལག་ཆ་རུ་ཡང་བཀོལ་མ་ཤེས་པ་རེད།

ད་ནི་ལམ་ཁ་གཞན་ཞིག་གདམ་ན་མི་ལེགས་སམ། ཁོང་ཚོས་ཁྲག་གིས་བྲིས་ཤིང་། སྙིང་གིས་ཕུལ་བའི་ངོ་མཚར་བའི་མཛད་རྣམ་འཛམ་གླིང་གི་ལོ་རྒྱུས་ཀྱི་དེབ་ཐེར་དུ་གསེར་ཞུན་གྱིས་བྲི་མ་ཐུབ་ན་སུ་ཡི་སྐྱོན་རེད། ཁྱེད་ཚོས་སྤེལ་བཞིན་པའི་ལས་འགུལ་རྙིང་པ་བེད་མེད་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་རྐྱང་གིས་དུས་འདའ་ན་སེམས་དཔའ་ཚོའི་རེ་སྨོན་མི་འགྲུབ་ཐག་ཆོད་པ་རེད། ཆབ་སྲིད་ཆེད་མཁས་ཀྱི་དབུ་ཁྲིད་ཚོ་ལ་བློ་གྲོས་དང་འབད་བརྩོན་གྱིས་མི་མང་གི་སྣེ་ཁྲིད་མ་ཐུབ་ན། མི་མང་ལ་རེ་སྟོང་གིས་ལས་འགུལ་རྙིང་པ་རེས་གར་ཡང་མི་ཕྱིན་པ་ཤེས་བཞིན་དུ་ད་དུང་ཁ་ཕོད་ཤོད་པ་ཡ་མཚར།  འདི་ལས་ཁྲེལ་མེད་ཅིག་བྱ་རྒྱུ་ཡོད་དམ།

༧གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་མི་སྣ་རེད། ཁོང་གིས་ཞལ་ནས་ཅི་གསུང་ཁོ་ནར་བསྒུག་ན་ནོར་འཁྲུལ་རེད། ང་ཚོས་ཁོང་ལ་ལད་ཟློས་བྱ་ཚུལ་མེད། དེ་ནི་མི་འོས་ཤིང་མི་རུང་བ་ཞིག་རེད། ཁོང་གིས་སྲིད་དབང་རྩིས་སྤྲོད་གནངས་པ་ལ་དགོས་དོན་མང་དུ་ཡོད་པ་ཤེས་དགོས། རྒན་ཡོལ་དུ་འགྲོ་འདོད་པ་དང་། བོད་མི་རྐང་མགོར་ལངས་ཤེས་པ་ཙམ་གྱི་ཆེད་མ་རེད། ཁོང་གིས་གནང་མི་བདེ་ཞིང་ང་ཚོས་བྱེད་དགོས་པ་ཁག་གི་གོ་སྐབས་སྤྲད་པ་རེད། ས་སོང་ངམ། ང་ཚོས་ཁོང་མེད་པ་ནང་བཞིན་འགན་ཁུར་དགོས། བྱུང་མ་མྱོང་པའི་ལོ་རྒྱུས་ཀྱི་གཟི་བརྗིད་བོད་ཀྱི་སེམས་དཔའ་ཚོས་བཞག་ཀྱང་། རང་དབང་ལུང་བའི་ཆབ་སྲིད་པ་ཚོས་ངོ་སྐལ་གྱི་འགན་དབང་མ་ལོན་ན་དེའི་སྡུག་ཅིག་གང་ན་ཡོད།

འཛམ་གླིང་ལ་ཤུགས་རྐྱེན་དང་རྒྱ་གཞུང་ལ་གནོན་ཤུགས་ཅི་ཡང་སྤྲོད་མ་ཐུབ་ཕྱིན། ད་ཐབས་ལམ་གཞན་ཞིག་མི་འཚོལ་བར་ད་དུང་མིག་མེད་ཆུ་མཆོང་བྱེད་རྒྱུ་ཡིན་ནམ། ང་ཚོས་ད་བར་དུ་མི་འཚམས་པའི་རེ་བ་ཁོ་ན་ལ་ཕུགས་གཏད་ནས་འཕུང་བ་མ་རེད་དམ། སྨོན་ལམ་ཁོ་ན་བྱས་པས་འཕུང་མ་སོང་ངམ། གསར་པ་ལ་འཛེམས་ཟོན་ཆེ་དྲགས་ནས་མཐའ་འདི་ལ་ཐུག་པ་མ་རེད་དམ། གལ་གནད་འདི་དག་གི་ཐད་ལ་མིག་བཙུམས་ནས་སྡོད་ཐབས་ག་ལ་ཡོད། ཁ་བ་དང་གྲང་ངར་བསྡེབས་ཀྱང་གཅེར་བུར་སྡོད་རྒྱུ་ཡིན་ནམ། ད་དུང་རྒྱ་གཞུང་གི་སྲིད་ཇུས་འགྱུར་བའི་རེ་སྟོང་ལ་བསྒུག་རྒྱུ་ཡིན་ནམ།་ང་ཚོས་ཕལ་ཆེར་ཡོད་ཚད་ཤོར་ཟིན་པས་ད་ནི་འཛེམ་ས་ཞིག་ལྷག་སོང་ངམ། ད་ནི་འཛེམས་ཟོན་བྱ་རྒྱུ་ཅི་ཡང་མེད་པར་གཞིས་བྱེས་ཆོལ་ཁ་གསུམ་མཉམ་དུ་ཡར་ལངས་མ་རན་ནམ།

རྒྱ་དམར་དབུས་གཞུང་གི་སྲིད་འཛིན་མི་སྣ་བརྗེ་མཚམས་འདི་ལ། འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོད་དོ་ཅོག་ཞི་བའི་སྡེབ་ལངས་ཀྱི་བཀོད་སྒྲིག་རན་མ་སོང་ངམ། རང་སྲོག་མེ་མཆོད་ཀྱི་ངོ་བོ་བོད་མི་སྡེབ་ལངས་ཀྱི་རྣམ་པར་བསྒྱུར་རན། ད་བར་དུ་བོད་གཞིས་བྱེས་སོ་སོས་ལས་དོན་ཁེར་རྐྱང་དུ་སོ་སོ་ནས་བསྒྲུབས་པས་དོན་ མ་འགྲུབ། ད་ནི་མཉམ་འབྲེལ་མི་བྱེད་ན་ནམ་ཞིག་བྱེད། ད་བར་དུ་རྒྱ་གཞུང་ལ་ངོ་དགའ་དང་སྤྲེལ་ལད་འཁྲབ་ནས་གཅེས་སྲོག་མང་པོ་ཆུད་ཟོས་སུ་བཏང་ཚར། ད་བར་དུ་རྒྱ་གཞུང་ལ་བསྟུན་ཤེས་ཀྱིས་རེ་སྟོང་ཆེ་དྲགས་ཀྱང་། རྒྱ་གཞུང་གིས་ནག་མེད་ཉེས་འཛུགས་ཀྱིས་ཞྭ་མོ་ད་བར་དུ་གཡོགས་དང་གཡོག་གིན་ཡོད་པས།  ད་ནི་མངོན་གསལ་གྱིས་ལས་འགུལ་གསར་པ་འདི་སྤེལ་པ་ལས་ཐབས་གཞན་ཅི་ཡང་མེད། དེ་ནི་གཞི་བྱེས་མཉམ་འབྲེལ་གྱིས་མངོན་གསལ་འཛེམ་མེད་དུ་ལས་དོན་མཉམ་རུབ་བྱེད་དགོས་པ་རེད། གནས་སྟངས་འདི་ལས་སྡུག་ཏུ་འགྱུར་རྒྱུ་མེད་པས་ཁྱེད་ཚོས་ཅི་ཞིག་འབྱུང་བར་ད་དུང་འཛེམ་བཞིན་ཡོད་དམ།

བྱང་སེམས་དཔའ་རྒོད་བརྒྱ་ཕྲག་མ་ཟིན་ཙམ་གྱིས་ཚེ་སྲོག་ཞུགས་འབུལ་གྱིས་འཛམ་གླིང་འགུལ་མ་ནུས་པས། ད་ནི། བོད་མི་སྡེབ་ལངས་ཀྱིས་འཛམ་གླིང་བསྒུལ་ཐུབ་པ་བྱ་རན། ཁ་ཆེའི་རྒྱལ་ཁབ་ཁག་གིས་ནང་འཁྲུག་རྣམས་ནི་འཛམ་གླིང་གི་ལྟད་མོ་ཡིན། བོད་མིའི་རིན་བྲལ་གྱི་བློས་གཏོང་ཁག་འཛམ་གླིང་ལ་སྟོན་རན། ད་བར་དུ་བོད་ཀྱི་ཆབ་སྲིད་པ་ཚོས་འཇོན་ཐང་གིས་མ་འཇོན་པ་སུས་ཀྱང་ཤེས་སླ། བོད་སྡེབ་ལངས་བྱེད་པ་ལ་གཅེས་སྲོག་གཏོང་མི་དགོས། གསོན་དབུགས་བྲལ་མི་དགོས། བོད་སྡེབ་ལངས་བྱས་ན་སྒེར་ལངས་ལས་ཉེན་ཁ་ཆུང་ཞིང་དོན་དགོས་ཆེ། བོད་སྡེབ་ལངས་བྱས་ན་དྲག་གནོན་བྱེད་དཀའ་ལ་བྱས་ན་འཛམ་གླིང་གིས་མཐོང་སླ། བོད་སྡེབ་ལངས་བྱེད་པའི་སྣེ་ཁྲིད་ཀྱི་འགན་དབང་བྱེས་སྡོད་བོད་མིའི་སྲིད་དོན་པ་ཚོར་ཡོད། མཉམ་འབྲེལ་ནུས་པ་མཉམ་སྤུངས་ཀྱི་དུས་སྐབས་རྩ་ཆེན་འདི་འཆོར་མི་རུང་། དེང་དུས་འཕྲུལ་རིགས་འབྲེལ་ལམ་སླ་བའི་གོ་སྐབས་འདི་དམ་འཛིན་གནང་རན། སྡེབ་ལངས་ལས་འགུལ་སྲིད་ཇུས་འདི་ད་ལྟའི་བྱེས་བཞུགས་བོད་མིའི་སྲིད་དོན་པ་ཚོའི་སྲིད་ཇུས་གཙོ་བོ་ལ་འཛིན་རྒྱུ་ལས་གཞན་ཅི་ཡང་ལྷག་མེད།

དེ་ཙམ་གནང་བའི་སྙིང་སྟོབས་དང་གདེང་ཚོད་མེད་ན་བརྫུས་མའི་ཆབ་སྲིད་ཀྱི་འབག་མགོ་མ་གྱོན་རོགས། ད་ལྟའི་སྲིད་དོན་པ་ཚོའི་ཁ་སྟོང་དོན་སྟོང་གི་ཆབ་སྲིད་འདོར་རན། ཆེས་མ་མཐའ་ན་ཡང་། ཁྱེད་ཚོའི་འགྲུབ་མེད་ཚིག་སྟོང་རྫུན་བག་གི་བོད་དོན་གླེང་སློང་འདི་བློས་རྩ་གཏོང་བྱས་ཏེ། མིའི་འཚོ་བ་དཀྱུས་མ་ཞིག་རོལ་ན་མི་ལེགས་སམ།

རྒྱལ་ཁབ་ཤོར་མཁན་འཛམ་གླིང་ན་ཆེས་མང་མོད། རང་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ལྟ་བུ་འཛམ་གླིང་ལ་བྱུང་མྱོང་མེད། ཁོང་ཚོའི་རེ་འདོད་སྐོང་མ་ཐུབ་རུང་། ཐ་ན་ཡང་མ་འོངས་པའི་དཔའ་རྒོད་ཚོ་ཆུད་ཟོས་སུ་མི་འགྲོ་བ་ཞིག་བྱ་མི་དགོས་སམ། དེ་གཉིས་གང་ཡང་མི་བྱེད་པར་ཆབ་སྲིད་ཀྱི་ཁ་གཡང་བརྗོད་ནས་སྤུན་ཟླ་དཔའ་རྒོད་ཚོ་ ད་དུང་འདི་ལྟར་མུ་མཐུད་དུ་སྔ་ལམ་དུ་སྐྱེལ་རྒྱུ་ཡིན་ནམ། །

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

ཆུ་ཚོད་ ༥ སྔོན་ལ།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 25

  1. གངས་སེང། says:
    ལོ་ 13 སྔོན།

    རྒྱ་རྙི་གད་སྙིགས་ནང་གི་ཤེལ་ཆག་ཁྱེད་སྙིང་རྗེ། ཉི་མའི་འོད་ཟེར་ལ་རེ་ཕོག་པ་བརྗེད་ནས་ཁྱེད་ནས་ཁྱེད་རང་ངོས་ན་འོད་ཞིག་འདུག་བསམས་ནས་ཁ་རྒྱག་ལུང་པ་གང་བཤད་ཀྱི་འདུག་མོད། ཚོད་མ་བཟུང་དུས་མི་རྣམས་ཀྱིས་ཁྱེད་གཤིས་དྭངས་མ་མཐོང་སོང་ན་ལྷ་ཡིན་རུང་ཡི་ག་ལོག་གི་རེད་ལ། སེར་པོ་ཡིན་ཡང་ནག་པོར་མཐོང་གི་རེད་གདའ། མི་ཞིག་མ་མཐའི་ཆ་རྐྱེན་ཞིག་ཚང་དགོས་པ་ནི་རྒྱབ་བཤད་ལྐོག་བཤད་མི་བྱེད་པ་དང། ཡར་ཁ་མར་ལ་མི་བསྐྱལ་བ་དེ་རེད། ཡིན་ནའང། ཁྱེད་ཀྱི་འུར་རྒྱག་སྟངས་ལ་བལྟས་ན་སྲིད་སྐྱོང་སྡེ་ཁག་དྲུང་ཆེ་ཆུང་བར་གད་མོ་མི་ཤོར་རམ། དབུས་སྒྲིག་འཛུགས་ཀྱི་དཔལ་འབྱོར་འོད་འཁྱུག་སེ་བཏང་ཡོད་ན། ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་རོགས་དངུལ་བཏང་ཁོངས་ལ་དོགས་པ་ཡོད་ཅེས་ཁ་འཛམ་བུ་གླིང་ལ་འཁོར་ནས་བསྒྲགས་དགོས་དོན་ག་རེ་རེད། དེ་འདྲའི་སྐད་ཆ་ཞིག་ད་བར་བྱུང་མྱོང་ཡོད་པ་མ་རེད། ངོ་ཚ་ནས་བློ་སེང་རང་ཉིད་དང་སྤྱི་འཐུས་རྒྱུན་ལས་དེ་མ་ཐག་ལན་གནང་འདུག ག་རེ་བྱས་སོང་བ་རེད་དམ། བཀའ་ཁྲི་སུས་ཀྱང་མནན་མྱོང་བའི་ཕྱིའི་ཡུལ་གྲུ་ཁག་གི་རྐུབ་སྟེག་མནན་པའི་གྲུབ་འབྲས་འདི་རེད་དམ། ཧཧཧཧ ཁྱེད་དངོས་གནད་གད་མོ་ཤོར་གི ངས་བསམས་ན་ཁྱེད་རང་ཁེའི་ཆེད་དུ་བསྟོད་སྨད་གཏོང་མཁན་ཞིག་རེད་མ་གཏོགས། སྤྱི་པའི་ཆེད་དུ་ང་ཚོ་ནང་བཞིན་བསྟོད་སྨད་གནང་མཁན་ཞིག་ཡིན་ཚོད་མ་རེད། དེ་དག་ཐུགས་དྲན་སོས་སམ། སྔོན་ཁྱེད་རྒྱ་རྙི་ཡང་བཀའ་སྤྱི་གཉིས་ལ་ཚོར་བ་ཆེན་པོས་དྲི་བ་གཏོང་མཁན། གཤེ་གཤེ་གཏོང་མཁན་ཞིག་ཡིན་པ་ང་ཚོ་དྲ་འབུ་ཚང་མར་གསལ་གསལ་རེད། དེ་རིང་སང་ཉིན་ཁྱེད་རྒྱ་རྙི་འདི་ལ་གད་མོ་ཞིག་འདུག་གདའ།།

    ངས་ཁྱེད་དྲི་བ་ཞིག་འདྲི། རང་སྲེག་གྲངས ༡༠༠ ལ་སླེབས་ལ་ཉེ། བཀའ་སྤྱི་གཉིས་ནས་ག་རེ་བྱས་སོང། ག་རེ་འཇོན་སོང། གྲུབ་འབྲས་སྤུ་ཉག་ཙམ་ལོན་ཐུབ་འདུག་གམ། ཅིག་ཤོད་དང། མེར་སྲེག་ལ་མེར་སྲེག་རང་སྟེང་གི་ནུས་པ་མ་གཏོགས། བཀའ་སྤྱི་གཉིས་ནས་ག་རེ་བསྐྲུན་སོང། ཅིག་ཤོད་དང། སྐུ་མཁྱེན། ད་མི་འཇོན་ན་འཇོན་གི་མི་འདུག ལས་ཀ་ག་རེ་བྱེད་དགོས་མིན་ཀླད་པར་འཁོར་གྱི་མི་འདུག་ཅེས་ཁ་གསང་དགོས་པ་རེད། དགོངས་པ་ཞུས་ནས་མི་གསར་པ་སླེབས་ན་ཡག་གི་རེད། དེ་མིན་མ་ཡིན་ཡིན་མདོག་བྱས་ནས་འདུག་རྒྱུར་བཀའ་སྤྱི་གཉིས་ངོ་ཚ་ཡི་མི་འདུག་གམ།།།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ད་ཡིན་ན། སྐྱབས་བཅོལ་བའི་རྩོམ་འབྲི་བ་རྣམས་ཀྱི་རྣམ་དཔྱོད་དང་ཐབས་བྱུས་གཅིག་ཏུ་སྤུངས་རན་པའི་དུས་ཚོད་ཅིག་རེད།

    ད་ཡིན་ན། སྐྱབས་བཅོལ་བའི་རྩོམ་འབྲི་བ་རྣམས་ཀྱི་བསམ་བློ་དང་སྟོབས་ཤུགས་མཉམ་རུབ་བྱེད་རན་པའི་གནད་འགག་ཅིག་ལ་ཐུག་སོང་།

    ད་ཡིན་ན། སྐྱབས་བཅོལ་བའི་རྩོམ་འབྲི་བ་རྣམས་ཀྱི་ཆིག་སྒྲིལ་དང་ལངས་ཕྱོགས་གཅིག་ཏུ་གཏད་རན་པའི་དུས་བབ་ཅིག་ལ་སླེབས་སོང་།

    ད་ཡིན་ན། སྐྱབས་བཅོལ་བའི་རྩོམ་འབྲི་བ་རྣམས་ཀྱི་མིག་རྒྱང་དང་ལག་ལེན་གྱི་ཁ་ཕྱོགས་ཇེ་གསལ་དུ་གཏོང་རན་པའི་དུས་སུ་བབས་སོང་།

    Reply
  3. རིག་རལ། says:
    ལོ་ 13 སྔོན།

    འཚམས་རེ་ལ་སྲིད་སྐྱོང་བློ་སང་རླུང་ལང་ལུགས་དང་། གླག་ཕྲུག་ཟེར་བས་ཚིག་ངན་བྱེད་ལུགས་ཧ་ཅིང་འདྲ་བོ་འདུག ཁྱོད་བློ་སང་གི་སྤུན་མཚེ་ཡ་ཡིན་ས་མ་རེད་དམ།
    དྲྭ་འབུ་ཚོ་ལ་སྡིག་མོ་འཐེན་པ་ལས་བོད་དོན་གླེང་ན་མ་རེད་དམ། ཐོག་མེད་ཀྱི་བརྩོམ་ཡིག་ལ་ཚིག་རེ་འབྲི་ནོན་གྱིས་རྩོད་ཐུབ་ན་རྩོད་ན་ལོས་ཆོག དེ་མི་ཚིག་ངན་བྱེད་པ་དས་ཅི་ཞིག་མཚོན་ཡོད་དཔྱོད་ལྡན་བློ་གྲོས་ཅན་ཚོས་ཤེས་ནུས་པས། བགྲོ་གླེང་ཡག་པོ་གནང་རོགས་ཞུ།

    Reply
  4. ཡེ་ཤེས་ཆོས་སྐྱིད། says:
    ལོ་ 13 སྔོན།

    གཟིར་གནས་བློ་ལྡན་རྣམས་ཀྱིས་དབྱངས་ཅན་དགའ་གྲོལ་གྱིས་གསུང་བ་བཞིན་དུ་བརྩོམ་ཡིག་གི་ནང་དོན་ལ་བསམ་ཞིག་གཟབ་ནན་གནང་རོགས་ཞུ།

    Reply
  5. ཡེ་ཤེས་ཆོས་སྐྱིད། says:
    ལོ་ 13 སྔོན།

    གླག་ཕྲུག
    རི་སིལ་ཐོག་མེད་ཀྱིས་མཇུག་འབྲས་ཅི་ཡོང་གི་གསུང་ཚར་འདུག གཟིགས་མི་བྱེད་བར་མི་ལ་ཚིག་ངན་མ་གནང་རོགས། དཔའ་མེད་ན་ལག་ཆ་མང་ཟེར་བ་དང་། བདེན་མེད་ན་ཚིག་ངན་མང་ཟེར་བ་ཁྱེད་ལ་བྱུང་ནི་མ་རེད་དམ།
    བོད་ཕྱི་ནང་གཉིས་ག་སྡེབ་ལང་བྱེད་པར་བཀོད་བསྒྲིག་ཐུབ་ན་༨༩ལོ་པེ་ཅེན་གྱི་དྲག་ནོན་བྱེད་པ་བཞིན་མི་བྱེད་པའི་ཁག་དཔྱོད་ལྡན་སུས་ཀྱང་ཤེས་ནི་རེད། བོད་ཀྱི་དཔའ་མཛངས་ཀྱི་དངས་མ་ཅན་གྱི་གཅེས་ཕྲུག་ཚོས་ཚེ་སྲོག་བློས་བཏང་གིས་རྫོགས་པ་ལ་ལྟོས་ན། མི་མང་གིས་ལས་དོན་སོགས་བློས་གཏོང་གིས་སྡེབ་ལང་བྱེད་པ་སླ་ཞེས་ལབ་ན་ཅིས་མི་ཆོག དེ་ཙམ་ཞིག་མི་མང་གིས་བྱེད་ངེས། གལ་ཏེ་དབུ་ཁྲིད་ཚོས་ངོས་ནས་ཡོང་ན།

    Reply
  6. དབྱངས་ཅན་དགའ་གྲོལ། says:
    ལོ་ 13 སྔོན།

    གློག་མཁན་ཚོ།
    སྐུ་མཁྱེན། བརྩོམ་ཡིག་འདིའི་ནང་དོན་སྙིང་བོ་ལ་སོམ་དང་། དེ་ནི་ངས་བསམ་ན་བོད་མའི་བསྒྲིག་འཛུག་དང་སུ་ཡིན་ཀུན་གྱི་ཚོགས་པ་ཚོས་བཀོད་བསྒྲིག་མཐུས་ཚང་གིས། བོད་མི་ཀུན་གྱིས་སོས་སོའི་ས་གནས་དག་གི་འགན་ཁུར་ཏེ་བཀོད་བསྒྲིག་གིས་གཞི་བྱེས་གཉིས་ག་ཞི་བའི་སྡེབ་ལང་བྱེད་རྒྱུ་དེ་རེད། དེ་ནི་མིག་སྔའི་ཐབ་ལམ་ཉག་གཅིག་ཡིན་ཟེར་བ་རེད། དེ་ཐུབ་དང་མི་ཐུབ་དང་། ལེགས་དང་མི་ལེགས་ལ་བགྲོ་གླེང་གནང་རོགས་ཞུ་ཞུ།
    སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན། གཞན་ཅི་ཡང་མ་གསུང་རོགས་ཞུ།

    Reply
  7. གླག་ཕྲུག says:
    ལོ་ 13 སྔོན།

    གལ་སྲིད་གཞིས་བྱེས་གཉིས་ཀའི་བོད་མི་ཚོས་སྡེབས་ལངས་བྱེད་ཐུབ་པ་ཡིན་ནའང་དྲ་འབུ་ཚོས་དེའི་འཇུག་འབྲས་དང་དགོས་པ་ཅི་ཙམ་ཡོད་མེད། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཐོག་ལ་བལྟ་སྟངས་་གང་འདྲ་སླེབས་ཡོང་མིན་སོགས་བསམ་བློ་བཏང་མྱོང་ཡོད་པས། ཡོད་ན་འཇུག་འབྲས་ཀྱི་སྐོར་ནས་ཤོད་ཐོངས། མི་འདུག་གཱ ལས་དོན་གང་ཞིག་ཡིན་ཡང་གྲུབ་འབྲས་སྔོན་ལ་བཤད་རྒྱུ་གལ་ཆེན་རེད། གྲུབ་འབྲས་མེད་པའི་བརྒྱ་བཤད་སྟོང་བཤད་ཀྱིས་ང་ཚོ་ཅི་ཞིག་ཕན་གྱི་རེད། སོམས་དང་། རྒྱ་ནག་གི་དཔོན་གསར་ཚོས་སྔར་ལས་ལྷག་མཁྲེགས་འཛིན་དང་སྡུག་རྩུབ་ཀྱི་སྲིད་ཇུས་གཞིས་ལུས་རྒྱ་ཆེ་མི་མང་གི་ཐོག་བེད་སྤྱོད་བྱེད་ཡོང་བ་ཡིན་ན་ཁྱེད་དང་ང་འདྲ་བའི་དྲ་འབུ་ཚོས་དེའི་འགན་ཁུར་ཐུབ་ཀྱི་རེད་དམ། སྐབས་དེ་དུས་རྒྱལ་ཁབ་སུ་ཞིག་གིས་བོད་སྐྱོབ་ཐུབ་བམ། ཉེ་ཆར་ཨེ་སི་རལ་གྱིས་གྷ་ཛཱ་ནང་མེ་ཤུགས་འཕུར་མདའ་བརྒྱ་ཕྲག་གཡུགས་ནས་དེའི་མི་མང་ལ་དཀའ་ངལ་ཅི་ཙམ་སྤྲད་སོང་། རྒྱལ་ཁབ་སའི་གྷ་ཛ་མི་མང་མྱུར་སྐྱོབ་བྱེད་ཐུབ་སོང་། བྱས་ཙང་། ཤེས་མདོག་དང་མཁྱེན་མདོག་མ་བྱེད། དྲིན་ཆེན་ཚོ།

    Reply
  8. ལྷུན་འགྲུབ། says:
    ལོ་ 13 སྔོན།

    ཧ་ཧ རྒྱ་རྙི།
    ཁྱེ་ཀྱིས་བཤད་སྟང་ལ་བལྟས་ན་ཁྱེད་བློ་སང་རང་ཉིད་རང་རེད། ཡང་ཁྱེད་ཁོ་སྐུག་རྡག་མཁན་རེད།m རེད་ཡ། བློ་སང་གི་བཙན་བྱོལ་བའི་སློང་དངུལ་ཅུང་ཙམ་མོ་འཕྲོ་བླག་ལ་བཏང་དེ། ཉི་མ་གནམ་ལ་གང་ཤར་དུ་ཁོའི་འཁངས་དྲག་གི་གདོང་བ་ངོམ་ས་ཨེ་ཚུད་ལྟ་འདུག་པ་ཀུན་གྱིས་ཤེས། དེ་ནི་བོང་བུ་རྟ་ལ་འདྲན་པ་ལས་ཅི་ཕན། ཁ་སྟོང་ཚིག་་སྟོང་གིས་བོད་ཀྱི་གཅེས་ཕྲུག་སྙིང་བུ་བུ་རྒྱུད་བརྒྱ་ལ་ཉེ་བ་སྐྱེན་ལམ་དུ་བཏང་སོང་། དེ་མིན་ཅི་ཞིག་འཇོན་སོང་། ངོ་ཚ་མི་དགོས་པའི་ཚིག་མ་བཤད། ཁྱེད་ཀྱིས་འཇོན་རབ་ནུས་རབ་བཤད་ནས་སྲིད་སྐྱོང་གིས་མིང་བྱང་ཁུར་བ་མིན་ནམ། ལས་ཅན་ཁྱེད་ཀྱིས་མི་མང་སྣེ་ཁྲིད་ནས་ལས་འཆར་བསྒྲིག་ཏེ་ནུས་པ་ཐོན་དགོས་པ་ལས། ལས་ངན་དྲྭ་འབུ་ཚོའི་མགོ་ལ་ཡུག་ན་ངོ་མཚ་རྒྱུ་མ་ཡོད་པ་རེད། དེ་བས་ཁ་ཚུམ་རྒྱ་རྙི་རྫུན་མ།

    Reply
  9. རྒྱ་རྙི། says:
    ལོ་ 13 སྔོན།

    གངས་སེང་ཟེར་བ་དང་ཆོས་སྐྱིད་ཟེར་བ་ཁྱོད་གཉིས་ཀྱིས་ཤེས་མདོག་མཁས་མདོག་མ་བཤད། སྲང་ལམ་ནང་གི་གད་སྙིགས་བཏུས་ཏེ་རྒྱག་བཤད་བཤད་ན་ལས་རྒྱུ་འབྲས་སུ་རུང་གི་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་གཙོ་བོས་མཛད་གཙོ་རྣམ་པར་ཁྱོད་ལྟ་བུས་སྐྱོན་བརྗོད་དང་འཕྱ་སྨོད་བྱས་ན་དགོད་བྲོ་བོ་རེད།
    སྤྱིར་ན་བོད་མིའི་སྒྲིག་འཛུགས་འདི་མང་གཙོ་ཡིན་པ་དང་། བསམ་ཚུལ་དང་སྐྱོན་བརྗོད་ལ་རང་དབང་ཡིན་པ་སུས་ཀྱང་ཤེས་ཀྱིན་ཡོད་ལ། དམར་པོའི་སྲིད་གཞུང་ནང་བཞིན་མ་ཡིན་པར་བཤད་ས་དང་གཏམ་ས་ཡོད་པ་ཞིག་ཡིན་པ་མིག་ལོང་བ་ཚོ་དང་དམར་པོའི་རྗེས་འབྲངས་པ་ཚོ་མ་ཡིན་པ་ཚང་མས་ཤེས་གསལ་ཡིན།
    སྲིད་སྐྱོང་སེང་གེ་མཆོག་གིས་འགན་བཞེས་ཏེ་ལོ་ངོ་གཅིག་ལྷག་གི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་། དཔལ་འབྱོར། སྒྲོམ་གཞི་ཚང་མར་སྔར་ལྷག་གིས་འོད་ལམ་མེ་བའི་མདོག་ཅིག་ཤར་ཡོད་པ་རེད། དེ་མཛད་གཙོ་རྣམ་པའི་དཀའ་ལས་བསྐྱོན་པའི་འབྲས་བུ་རེད།
    བཀའ་ཁྲི་སུས་ཀྱང་ཞབས་ཀྱིས་བཅག་མ་མྱོང་བའི་གྲོས་ཚོགས་རྭ་བ་དང་། རྒྱལ་ཁབ་མང་པོ་ཞིག གསར་འགོད་དང་བརྙན་འཕྲིན་བརྒྱུད་ལམ་མང་པོ་ཞིག་ཏུ་བཀའ་ཁྲི་སོགས་མཛད་གཙོ་རྣམ་པའི་གཟུགས་བརྙན་མངོན་ཐུབ་ཡོད། དེ་མཛད་གཙོ་རྣམ་པའི་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རེད།
    འཛམ་གླིང་གི་སྡིངས་ཆའི་སྟེང་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་འགྲོགས་ཏེ་བོད་དོན་གྱི་གླེང་སློང་ཉིན་རེར་བཞིན་ཚ་རླབས་མཆེད་བཞིན་ཡོད། དེ་མཛད་གཙོ་རྣམ་པའི་དཀའ་ལས་བསྐྱོན་པའི་འབྲས་བུ་རེད།
    བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་གྱི་དགོངས་དོན་ཁག་ལག་ཏུ་བསྟར་དང་བསྟར་བཞིན་པ་ཟུར་བསྟས་ལེབ་མཐོང་ཡིན་པས་རྣ་ཅོག་རྒྱ་སྒོར་གྱིས་བཅད་མེད་ན་གསལ་རིས་ཐང་གསལ་ཆགས་ཡོད།
    རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྐུ་ལུས་མེ་མཆོད་འབུལ་བཞིན་པའི་རྐྱེན་རྩ་ནི་རྒྱ་གཞུང་གི་མཁྲེགས་འཛིན་པ་ཚོས་སྲིད་བྱུས་ལས་བྱུང་བ་རེད་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚོས་སྐུལ་བ་ཞིག་ནམ་ཡང་མ་རེད།
    དེ་ནི་བོད་མི་ས་ཡ་དྲུག་གི་སྤྱི་དོན་ལ་བློས་གཏོང་གི་བླ་ན་མེད་པའི་ཆོད་སེམས་བརྟན་པའི་དཔའ་རྟགས་ཤིག་རེད་མ་གཏོགས་གནས་སྐབས་ཀྱི་ལན་ལ་རེ་བའི་ངང་ཐུང་གི་བྱ་སྤྱོད་ཅིག་མ་རེད།
    བཀའ་སྤྱི་རྣམ་པ་ཚོ་དཔའ་ཁས་ལེན་དང་། མདུང་སྐེད་བཟུང་གིས་སྲིད་ཀྱི་སྡིངས་ཆར་བཞེངས་པ་ནི་ཡང་དག་པའི་མང་གཙོའི་ཁྱད་ཆོས་དང་། མི་མང་གི་མངོན་འདོད་དང་མཐུན་པ་ཞིག་རེད་མ་གཏོགས་ཁྱོད་དང་ང་ལྟ་བུའི་དྲ་འབུ་ལས་ངན་གྱི་སྐྱེ་བ་བླངས་བ་ཞིག་མ་རེད།
    འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པར་གྲགས་པའི་རྒྱ་གཞུང་གི་ཁ་གཏད་དུ་འགྱིང་དེ་བོད་དོན་འཐབ་རྩོད་ཀྱི་མེ་རི་མཆེད་བཞིན་པ་འདི་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་ལས་འཁྲུངས་བའི་སྲིད་སྐྱོང་བ་སོགས་ཀྱི་མཛད་རྗེས་རེད་མ་གཏོགས། སྲང་ལམ་དང་གད་སྙིགས་ཁྲོད་ཀྱི་ཁྱོད་དང་ང་ལྟ་བུའི་སྟོང་བཤད་ལས་གྲུབ་པ་ཞིག་མ་རེད།
    སྐྱེས་པ་ཕོ་ཡིན་ན། མགོ་ནག་བོད་ཡིན་ན་ཁ་ནང་དུ་འཁོར་དེ་ཟུག་རྒྱག་བྱེད་པ་ལས་ཁ་ཕྱིར་འཁོར་ཏེ་དཔའ་རྟགས་ངོམ་པའི་དུས་ཚོད་རན་ཡོད་པས་ཁྱོད་རང་ཤི་བོ་མིན་པའི་རྟགས་ཤིག་སྟོན་རོགས།

    Reply
  10. ཌ་ཀ་བདེ་ཆེན། says:
    ལོ་ 13 སྔོན།

    དྭ་གྲོགས་གློག་མཁན་ཚོ།
    ཁ་ཤས་ཀྱིས་བསམ་ཚུལ་གསལ་བོས་བྲིས་འདུག་པ་ལ་མངོན་པར་བསཏོད་དོ། རྒྱ་རྙི་དང་། གླག་ཕྲུག སོགས་ཉུང་ཤས་ཞིག་གིས་རྒྱུ་མཚན་མའི་སྐད་ཆ་བཤད་པ་ལ་མཐའ་གཅིག་དུ་ངོ་རྒོལ་ཡོད། དེ་འདྲ་མ་གནང་རོགས། ང་ཚོས་དེ་འདྲ་བྱེད་པའི་དུས་མ་རེད། ང་ཚོས་དངོས་ནས་མཉམ་ལང་བཀོད་བསྒྲིག་རན་འདུག ཕྱི་མ་དྲག་ན་སྔ་མ་དྲག དེ་ལས་གཞན་བྱེད་རྒྱུ་མེད་པ་ད་བར་གྱི་གནས་ཚུལ་ཀུན་གྱིས་ར་འཕྲོད་བྱུང་བ་མཁྱེན་པར་བྱ།

    Reply
  11. ལྷ་དབང་། says:
    ལོ་ 13 སྔོན།

    གླག་ཕྲུག
    ཁྱེད་ཀྱི་རྒད་མོ་ལ་གཞན་གྱིས་ཁྲེལ་རྒོད་བྱེད་ས་རེད། ང་ཚོ་ངུ་བའི་དུས་རེད་མ་གཏོགས་རྒོད་པའི་དུས་མ་རེད། སི་རིའི་ཡ་དང་ལེ་བྷེ་ཡའི་ནང་གི་སྡེབས་ལངས་ལ་མགོ་ཁྲིད་མཁན་མེད་ཟེར་བ་ནོར་འཁྲུལ་ཡིན་པ་ཀུན་གྱིས་ཤེས། ངོ་ཚ་རྒྱུ་མེད་པ་པའི་སྐད་ཆ་ཁྱོད་ཀྱིས་མ་བཤད།
    གང་ལྟར་ཡང་གཞན་ལ་ལད་བཟློས་དགོས་ནི་མ་རེད། རང་གིས་བསམ་བློ་གཏོང་དགོས་ནི་རེད། ད་བར་དུ་བོད་མི་ཀུན་གྱིས་མི་རེ་ངོས་རེ་ནས་བྱ་རྒྱུ་ཡོད་ཚད་བྱས་པ་རེད། མཉམ་འབྲེལ་གཅིག་སྤུང་གིས་སྣེ་ཁྲིད་མཁན་མ་ཡོད་པས་ད་བར་དུ་ནུས་པ་མ་ཐོན་པ་རེད། དེ་ཙམ་ཡང་མི་ཤེས་པར་ད་དུང་གཏོར་ཤིང་མ་བྱེད། སྐུ་མཁྱེན།

    Reply
  12. ལྷག་པ་དབྱངས་ཅན། says:
    ལོ་ 13 སྔོན།

    དངོས་གནས་ད་ཡིན་ན་ཐོག་མེད་ཞུ་བ་དེས་ལམ་བསྟོན་བྱས་འདུག་ཡ། བོད་མའི་ཆབ་སྲིད་ལངས་ཕྱོགས་ཆ་ཚངས་བརྒྱུར་བཅོས་མ་བཏང་ཐབས་མེད་རེད་ཡ།
    ད་བར་དུ་རྒྱ་ནག་གིས་༧གོང་ས་མཆོག་དང་བོད་གཞུང་གིས་བོད་ནང་གི་བོད་པ་ཚོ་ལ་ངན་སྐུལ་བྱེད་གི་ལབ་པ་རེད། ད་ཡིན་ན་ངན་སྐུར་མི་དགོས་ཡང་བཟང་སྐུལ་བྱེད་རན་འདུག་ཡ། འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་སྲིད་སྐྱོང་ལས་བྱེད་ཚོས་ལས་འཆར་བཟོས་དེ། ཕྱི་ལོག་གི་བོད་མི་ཀུན་ཀྱིས་རང་རང་སོ་སོས་ས་གནས་སོ་སོའི་བོད་ནང་ལ་འབྲེལ་བ་བྱས་ཏེ་ཉིན་བརྒྱ་དུས་གཅིག་ལ་ཞི་བས་ཡར་ལང་བྱེད་དགོས་རེད། མྱུར་དུ་གནང་རོགས།

    Reply
  13. གླག་ཕྲུག says:
    ལོ་ 13 སྔོན།

    བོད་ཕྱི་ནང་གི་བོད་མི་མང་སྡེབས་ལངས་བྱེད་ཀྱི་ནི་བོད་ཀྱི་སྲིད་སྐྱོང་གིས་ལམ་སྟོན་དང་སྣེ་ཁྲིད་ཀྱིས་སྡེབས་ལངས་བྱེད་རྒྱུ་ཞིག་མ་རེད། སི་རིའི་ཡ་དང་ལེ་བྷེ་ཡའི་ནང་གི་སྡེབས་ལངས་ཡང་མི་མང་རང་ངོས་ནས་སྡེབས་ལངས་བྱས་པ་རེད་མ་གཏོགས་དབུ་ཁྲིད་མཁན་ཞིག་ཡོད་པ་མ་རེད་དོ། ཁྱེད་ཚོས་སྐྱིད་པོ་བཤད་ཀྱིན་འདུག ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  14. གླག་ཕྲུག says:
    ལོ་ 13 སྔོན།

    བོད་ཕྱི་ནང་གི་བོད་མི་མང་སྡེབས་ལངས་བྱེད་ཀྱི་ནི་བོད་ཀྱི་སྲིད་སྐྱོང་གིས་ལམ་སྟོན་དང་སྣེ་ཁྲིད་ཀྱིས་སྡེབས་ལངས་བྱེད་རྒྱུ་ཞིག་མ་རེད། སི་རིའི་ཡ་དང་ལེ་བྷེ་ཡའི་ནང་གི་སྡེབས་ལངས་ཡང་མི་མང་རང་ངོས་ནས་སྡེབས་ལངས་བྱས་པ་རེད་མ་གཏོགས་དབུ་ཁྲིད་མཁན་ཞིག་ཡོད་པ་མ་རེད་དོ། ཁྱེད་ཚོས་སྐྱིད་པོ་བཤད་ཀྱིན་འདུག ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  15. གངས་སེང། says:
    ལོ་ 13 སྔོན།

    རྒྱ་རྙི་ཟེར་བ་འདིའང་དངོས་གནས་ཅིག་ཤེས་མ་ཤེས་མཚམས་ནས་སྐད་ཆ་སྦོམ་པོ་བཤད་མཁན་གྱི་གྲས་དེ་རེད། དབུས་བོད་མིའི་སྒྲིག་འཛུགས་ལ་བསམ་འཆར་བཏོན་མ་ཆོག་པ་ག་རེ་ཡིན་ནམ། ཁྱེད་ལ་རྒྱུས་ཡོད་ན། དམིགས་བསལ་ཚོགས་ཆེན་ཐེངས ༢ པའི་གྲུབ་དོན་བཀའ་སྤྱི་གཉིས་ནས་ཕྱག་བསྟར་གནང་ཕྱོགས་ལ་གཟིགས་དང། གད་མོ་ཤོར་ན་དེར་མི་ཤོར་བར་མི་སྒེར་བ་ཞིག་གི་བསམ་ཚུལ་ལ་གད་མོ་ཤོར་ནས་ག་རེ་གནང་ག རང་སྲེག་ཐད་ད་བར་བཀའ་སྤྱི་གཉིས་ནས་ག་རེ་བྱས་ཡོད། བག་ཆགས་ག་རེ་བཞག་ཡོད། གྲུབ་འབྲས་ག་རེ་བླངས་ཡོད། བཀའ་སྤྱི་གཉིས་ལ་ཡིད་ཆེས་བློས་འགེལ་གྱིས་ཉི་མ་རེར་མི་ག་ཚོད་བསྲེགས་ཀྱི་འདུག བཀའ་སྤྱི་གཉིས་ནས་ག་རེ་བྱུང་ཡོད། ག་རེ་བླངས་ཡོད། ཐ་ན་མ་འོངས་པ་རང་སྲེག་འདི་ག་འདྲ་ཞིག་ཆགས་ཀྱི་ཡོད་མེད་ཚིག་གཅིག་གསུང་རྒྱུ་ཡོད་པེ། བཀའ་སྤྱི་གཉིས་ཀྱི་ཀླད་པའི་ནང་འབུ་རྒྱབས་མེད་པཱ། ད་ཅིག་གནང་རོགས། དཔལ་འབྱོར་ཡོད་དཔོན་གནས་ཡོད། མི་མང་ཡོད། ག་རེ་ཐོག་བསྡད་ཡོད། སུས་བཀག་སོང། སྣང་བ་མི་འགྲོ་བའི་སྐད་ཆ་མ་བཤད།
    བཀའ་སྤྱི་གཉིས་ཀས་ཁས་བླངས་དམ་བཅས། ངས་འཇོན་ང་ལ་འོས་འཕེན་རོགས་ཞེས་སླེབས་པ་རྐྱང་རྐྱང་རེད། དངོས་སུ་ཞུ་བ་འཐེན་ལྐོག་ནས་པེད་ཤག་སྤྲད་རྐུབ་སྟེགས་ཐོབ་ཚར་ན། ད་ལས་ཀར་འཇོན་དགོས་པ་རེད། ངོ་མ་ཡིན། རང་སྲེག་ཐད་ག་རེ་བྱས་ཡོད། གསར་འགོད་གསལ་བསྒྲགས་རྫིག་པོ་རེ་བཤད་པ་མ་གཏོགས་ག་རེ་བྱས་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཉེ་ཆར་འཚོགས་སོང། ག་རེ་བྱུང་འདུག གྲོས་ཚོགས་རིམ་པ་མང་པོ་འཚོགས་པ་རེད། མྱ་ངན་གྲོས་ཆོད་འཇོག་རྒྱུ་མ་གཏོགས་ག་རེ་འཇོན་ཡོད། བདེན་པའི་མེ་ལྕེ་ལ་ནུས་པ་ཚོད་ཐོན་གྱི་རེད། དགོས་འདུན་ཡིག་ཚགས་ནང་ཉར་རྒྱུ་ཙམ་ལས་གཞན་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་ངེས་ཀྱི་རེ་བ་དང་གདེང་ཚོད་ཡོད་དམ། ག་རེ་འཇོན་ཡོད། བཀའ་སྤྱི་གཉིས། རང་སྲེག་རེ་རེ་གོ་ན། ངོ་མི་ཚའམ།
    ད་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱིས་དབུ་ཁྲིད་དེ་བོད་ལ་གོམ་བགྲོད་དུ་འགྲོ ག་ཚོད་ཤི་ན་ཤི མཚམས་མ་བཞག་པར་འགྲོ བཙོན་ཁང་ནས་བཅུགས་ན་བཅུགས། བོད་ཕྱི་ནང་ནས་གཉིས་གནམ་ས་གཡོ་བའི་ལས་འགུལ་སྤེལ། མགོ་ཁྲིད་ཐུབ་བམ། བཀའ་སྤྱི་གཉིས། བོད་དོན་ཟེར་བ་དེ་དེ་འདྲ་ལས་སླ་བོ་ཞིག་མ་རེད་གདའ། ཁ་རྡུང་བཏང་ནས་བསྡད་ཆོག་པ་ཞིག་མ་རེད་གདའ།།

    Reply
  16. ཆོས་སྐྱིད། says:
    ལོ་ 13 སྔོན།

    གློག་མཁན་རྣམས་ཀྱིས་རྒྱ་རྙི་ཡི་གཏམ་ནི་དུག་རྫས་ཡིན་པ་ཤེས་འཚལ།
    ཁོས་རི་སུལ་ཐོག་མེད་ཀྱིས་གསུང་བ་ཁག་ལག་ལྟར་ལ་བཏབ་ཟིན་ཟེར། ག་དུས་བཏབ་ནི་རེད་ དེ་ནི་ཁྲེལ་མེད་ཀྱི་མངོན་རྫུན་ཁོ་ན་ཡིན་པ་ཀུན་གྱིས་ཤེས།
    གཞན་ཡང་ཁོས་བོད་མའི་བསྒྲིག་འཛུག་ལ་སྐྱོན་བརྗོད་ན་མི་འོས་ཚུལ་བཤད་པ་ཡང་དོན་ལ་མི་གནས། སྐྱོན་ཡོད་ན་སུ་ལ་ཡོད་ཀྱང་སྐྱོན་རེད། དེ་ནི་མི་སྒེར་དང་ཚོགས་པ་སུ་ལ་ཡོད་ན་ཡོད་པ་རེད། ངོས་ཟིན་པ་དང་མངོན་དུ་བཤད་པ་གལ་ཆེ། སྐྱོན་ལ་ངོས་འཛིན་མེད་ན་སྐྱོན་ཇི་ལྟར་སྤང་།
    དུས་ཚོད་འདི་འདྲ་ཞིག་ལ་དེ་འདྲ་སྨྲ་བའི་དུས་མ་རེད།

    Reply
  17. མི་རྒོད། says:
    ལོ་ 13 སྔོན།

    ཡ་ལགས་སོ་ངས་བོད་ཚང་དྲྭ་གྲོགས་ཚོགས། ད་འདི་འདྲ་ཡིན་འགྲིག་ལེ་རེད་སེམས་ཤུགས་འདུག་ལེགས་སོ་། འདྲི་བ་དང་པོ་དེ་ལས་ཇུས་ག་འདྲ་སེ་སྤེལ་ལམ། གོང་གསལ་མཆན་བུ་ཚོས་དྲག་རྒོལ་བ་ཞི་བའི་གཟེངས་བསྟོད་བྱུང་བ་ཡང་བདེན་པ་རེད། ཡིན་ནའང་མི་འདི་ལ་བྱ་བ་བྱེད་པའི་ཡུལ་ཁོ་རང་ཡིད་ཆེད་འཇོག་སའི་ཁ་ཆེ་ཁྱིམ་མཚེས་རྒྱལ་ཁབ་བྱུང་ཡོད་རེད། རྒྱུ་དེ་དང་། རྐྱེན་ཁོས་བློས་གཏང་གི་རྒྱལ་ཁབ་ཁོ་ནར་དམིགས་པའི་བྱ་བ་བསྒྲུབ་པ་གཉིས་མཉམ་འཛོམས་བྱུང་ནས་བྱུང་བ་རེད། དེ་ང་ཚོར་ག་ནས་རག་ཐུབ་བམ། ངས་བསམ་ན་དཔལ་འབྱོར་གྱི་བསླུ་བ་ཡོང་གི་མ་རེད། བོད་པ་ཚང་དཔལ་འབྱོར་འདུ་རྒྱུར་གང་སར་འཇོན་པོ་ཡོད་རེད། གང་ལ་ཟེར་ན་༢༠༠༨ ལོར་འཛམ་གླིང་ཕྱི་ནང་གི་བོད་པས་བྱ་བཞག་ཆེན་པོ་བྱུང་ཡོད། དེ་ཡང་ལོ་རྒྱུས་ནང་གཅེས་ཉལ་དགོས་པ་ཞིག་རེད། ལས་འགན་དེ་བོད་མིའི་བསྒྲིག་འཛུགས་ཀྱི་གནང་དགོས་པ་རེད་ལ་ གནང་ཡོད་ཤག་རེད། ད་འདི་ལྟ་བུའི་ཞི་དྲག་གཉིས་ལྡན་གྱིས་ལས་ཞིག་འབད་འདོད་ཡོད་ཚེ་དང་ཐོག། ༼གངས་ཕྲུག་གསང་ལས་བློས་གཏོང་ཞི་དྲག་ཚོགས་པ་ཞེས་པ་གཅིག་དགོས་པ་རེད༽

    ལས་ཁུལ་དང་པོ།
    འཆར་དང་འཆར་བཞིན་པའི་འཛམ་གླིང་རྒྱལ་སྤྱིའི་རྩེད་འགྲན་སྐབས་ལུས་སྲོག་བློས་གཏང་གིས་རྒྱ་ཡི་གཞུང་ཚབ་མདུན་དང་ རྩེད་ཐང་། མི་དམངས་འདུ་འཛོམས་ཆེ་སར་མེ་ཡི་བྱང་སེམས་ཤོག་སྒྲོ་རྐྱང་ནས་འཕུར་དགོས།།

    གཉིས་པ་།
    ལས་དོན་མ་སྤེལ་གོང་དགོས་པ། རྒྱུ་མཚན། མངོན་འདོད། གསུམ་སྒྲ་བརྙན་བྲིས་གསུམ་གནང་དགོས།

    གསུམ་པ།
    འཛམ་གླིང་རང་དབང་ནང་ཡོད་པའི་བོད་རིགས་ཙམ་གཟན་མི་་རེ་རེ་ནས་ཉིན་རེ་ས་གནས་དེའི་སྒོར་གཅིག་རེ་ཆད་མེད་ཚོགས་པ་འདིར་གསང་བཏབ་ཀྱི་མ་དངུལ་བརྒྱབ་སྐྱོར་བྱེད་དགོས།
    བཞི་པ།
    ཞི་དྲག་ལས་དོན་པ་རྣམས་དམ་ཆོས་སྤང་བཞག་གིས་མནའ་བསྐྱལ་དམ་བཅའ་འཇོག་དགོས།
    དེ་ནས་རྒྱ་དམར་གྱི་ངོ་མདོང་ས་ག་འདྲ་ཞིག་སྟེང་ལྷུང་གི་འདུག་བལྟ་ཆོག་པ་རེད།།།
    རྒྱལ་གཅེས་སེམས་ཤུགས་ཡོད་པའི་བོད་ཕྲུག་དར་མ་རྣམས་སུ་ཐུགས་རྗེ་ཆེ་ཡོད་ལ་ད་ང་ཚོའི་དཔུང་སྟེང་གི་འོས་འགན་ཡང་ཡིན་པ་འདོད་དོ། བཀྲིན་ཆེ།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག།
    ༧ མགོན་ཡིན་བཞིན་ནོར་བུ་རྒྱལ་གྱུར་ཅིག།
    བོད་དཔའ་མཛངས་བདེན་དོན་རྒྱལ་གྱུར་ཅིག།།།།

    Reply
  18. རྒྱ་རྙི། says:
    ལོ་ 13 སྔོན།

    རི་སུལ་ཐོགས་མེད་ཟེར་བའི་དཔྱད་ཁུལ་འདི་ལ་ཚིག་གི་ལོ་མ་སྤུངས་ཙམ་ལས་དོན་གྱི་འབྲས་བུ་ཉུང་བའི་རྩོམ་འཆལ་ཞེས་འབོད་རིགས་ཀྱང་། ལར་ཞེན་གྱི་སྐུལ་མ་ཡིན་ཁུལ་གྱིས་བྲིས་འདུག་པས་རྩོམ་འཆལ་ཞེས་མི་སྨྲ།
    ཁོ་རང་གིས་བཀའ་ཤག་ལ་སྲིད་བྱུས་གསར་པ་ཡིན་ཁུལ་གྱིས་དགོས་འདུན་ཁག་ཅིག་བཤད་འདུག་མོད། ད་ནས་བཤད་པ་སྔར་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ལག་ལེན་དུ་འཁེལ་བ་དང་། འཆར་འགོད་དུ་བྱས་ཟིན་པས་གཞན་གྱི་ལབ་ཟློས་བྱས་པའི་ཚིག་ཉོག་ཙམ་དུ་ཟད།
    བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལངས་ཕྱོགས་ལ་རྒྱུས་ཙམ་ཡང་མེད་པ་ཞིག་གིས་རྒྱ་ནག་གི་སྲིད་བྱུས་ལ་རྒྱུས་ཡོད་བྱེད་པ་ནི་དགོད་བྲོ་བའི་སྣང་བརྙན་ཙམ་ཡིན་ནའང་། སེམས་ཚོར་ཙམ་བཏོན་འདུག་པས་གད་མོ་ཤོར་རྒྱུ་དེ་དམིགས་བསལ་དུ་བཏང་བ་ཡིན།
    ཕྱིས་སུ་བསམ་འཆར་དང་། དགོས་འདུན་ག་རེ་བཏོན་ན་འགྲིག་མོད་མཁས་ཉམས་ཀྱིས་གླེན་རྟགས་དོད་ན་རང་འཚང་ཆེ་བས་བླུན་པོ་སྨྲ་བ་ཉུང་ན་རང་གི་རྒྱན་ཆར་འགྱུར་བ་ཡིན།
    གཞན་ལ་ལྟ་བའི་མིག་ཡོད་ན། རང་ཉིད་ལྟ་བའི་མེ་ལོང་དགོས་ཞེས་པ་བཞིན་ཡིན་པས། ཨ་མའི་བུ་ལ་འཇོན་ཐང་ཡོད་ན། རྒྱལ་ཐང་ལ་ཐོན་ཏེ་ལས་འགུལ་སྤེལ་བའི་ཞོག་ཅེས་པའི་ལམ་སྟོན་མ་བརྗེད་རོགས།
    བོད་མིའི་སྒྲིག་འཛུགས་ཀྱི་སྒང་ལ་ངར་ངར་བརྫིགས་བརྫིགས་བྱེད་པའི་བསམ་མེད་ཚོར་དེ་ཙམ་གྱིས་གནས་ལུགས་འགྲོ་ས་མེད་མོད། དོན་དངོས་ཀྱི་བོད་མིའི་སྒྲིག་འཛུགས་ལ་རྒྱུས་མངའ་མ་ཐུབ་པ་དང་། མདུང་ཁ་ནང་ལ་བསྐོར་བའི་འཆལ་གཏམ་ལ་ཡིད་ཆེས་བྱེད་རིན་མེད་པ་དང་། དོགས་གཞི་ཡོད་ཆོག་ཆོག་ཡིན་པ་སེམས་ལ་ཞོག

    Reply
  19. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ༄། བཀུར་འོས་སྲིད་སྐྱོང་མཆོག་དང་དབུས་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་རྣམ་པ་ལགས།

    གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་ངོས་ནས། སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་དང་བོད་ཐོག་ཏུ་འཛིན་གྱིན་པའི་གཏིང་ནག་སྲིད་བྱུས་རྩུབ་པོ་ལ། ཞི་རྒོལ་གྱི་སྙིང་སྟོབས་དང་ཆོད་སེམས་ཆེན་པོ་དེ་བོད་མདོ་དབུས་ཁམས་གསུམ་ན། ཇེ་འབར་དུ་འགྲོ་བཞིན་པའི་དུས་འདིར། སྐྱབས་བཅོལ་བོད་མི་རྣམས་ཀྱིས་འཐབ་རྩོད་བྱེད་སྟངས་ཀྱི་ནུས་ཤུགས་གཅིག་ཏུ་ཇི་ལྟར་སྤུངས་རྒྱུ་ཡིན་ནམ།

    འཐབ་རྩོད་ཀྱི་གྲུབ་འབྲས་དང་ཁ་ཕྱོགས་མི་རྩོད་ཅིང་། ལྟ་བ་དང་ལངས་ཕྱོགས་གཙུགས་ཆེན་འཛིན་གྱིན་པའི་སྐྱབས་བཅོལ་བོད་མིའི་ཚོགས་པ་ཁག་དང་མཉམ་འབྲེལ་ཇི་ལྟར་བྱེད་རྒྱུ་ཡིན་ནམ། ལྷག་པར་དུ། རང་དབང་དང་མང་གཙོའི་རྨི་ལམ་གྱི་དབྱིངས་སུ་མི་ཐིམ་པར་གཞུང་མང་མཉམ་རུབ་ཀྱིས། བོད་རྒྱའི་དཀའ་རྙོག་འདི་སེལ་ཐབས་སུ་ལམ་ཁ་གང་ཞིག་བཟུང་ཡོད་དམ། འགན་ལེན་གང་འདྲ་བྱེད་རྩིས་ཡོད།

    བོད་ཀྱི་འཐབ་རྩོད་འདི། རང་དབང་དང་ཐོབ་ཐང་ལ་འཁྱུད་པའི་མི་རིགས་ཤིག་གི་འཐབ་རྩོད་རེད་དམ། ཡང་ན། ཆོས་ལུགས་ཤིག་གི་རིན་ཐང་དང་དེ་བརྟེན་སའི་སྐད་ཡིག་གི་བདག་དབང་རྩོད་ཀྱིན་ཡོད། མ་གཞི་ནས། བོད་མི་རིགས་ལ་སྲིད་སྐྱོང་ལམ་ལུགས་ཤིག་ཡོད་དམ།

    དེང་དུས་སུ། བདེན་པ་དང་ལོ་རྒྱུས་ལ་རྒྱལ་ཁ་ཐོབ་སའི་ཁོར་ཡུག་ཡོད་མེད་གསལ་བཤད་ཅིག་གནང་རོགས་ཞུ། གང་ལགས་ཞེ་ན། བོད་ཀྱི་བདེན་པའི་ཆེད་དུ་བོད་མིས་སྐུ་ལུས་མེར་སྲེག་བཏང་བ་ནི་བདེན་པའི་རྒྱབ་དཔུང་བཙན་པོ་དེ་ཡིན། མ་ཟད། མིའི་རིགས་ཀྱི་ལོ་རྒྱུས་ནང་དུ་བལྟས་རུང་། བདེན་དོན་གྱི་ཆེད་དུ་འདི་ལྟར་བློས་བཏང་བ་ནི། གསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་བསྐྲུན་པ་དེ་རེད་དེ། བདེན་པ་ལ་ད་དུང་རྒྱལ་ཁ་མི་འདུག་པའི་རྒྱུ་མཚན་ཅི།

    ཡང་མིན་ན། བོད་མི་རིགས་ཀྱི་འཐབ་རྩོད་བྱེད་སྟངས་ཀྱིས་མ་འགྲིག་པར་རེད་དམ། འཐབ་རྩོད་བྱེད་ཡུལ་ལ་སྟོབས་ཤུགས་ཆེ་དྲགས་པས་རེད། དང་པོ་ཡིན་ན། རང་ངོས་ནས་མ་འཐུས་པ་ཡིན་པས་གྲ་སྒྲིག་སོགས་བསྐྱར་དུ་བྱས་ནས་གོ་སྐབས་ཡོད་རེད་དེ། གཉིས་པ་ཡིན་ན། ག་འདྲ་ཞིག་བྱེད་རྩིས་ཡོད་དམ།

    Reply
  20. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    འདི་ནི་དོན་དངོས་དང་མཚམས་པའི་གནས་ཚུལ་ཡིན་པས་རྒྱུ་མཚན་འདུག་ལ། ད་ཆ་བཙན་བྱོལ་བས་ཁ་སྟོང་ཚིག་བརྫིས་ཀྱིས་དོན་མེད་དུས་འདའ་བ་ལས་ཆ་རྐྱེན་གང་ཡང་མེད་པས་བཙན་བྱོལ་ཡུལ་འགྱར་བའི་རྩམ་ཟན་ཡོད་དོ་ཅོག་ཞི་བའི་རྒྱལ་ལངས་ཀྱིས་བོད་ནང་རང་ས་སྲུང་བར་ཕྱིར་ལོག་འགྲོ་དགོས་པའི་དུས་ལ་བབས་ཡོད། དེ་ཡི་བཟང་ངན་ཐག་གཅོད་བྱ་ཐུབ་པ་ལས། བོད་ནང་ཡོད་པས་རྒྱལ་ཞེན་བོད་མི་དེ་དག་ཟོག་འཚོང་གི་བེད་སྤྱོད་དུ་མ་འགྲོ་བའི་འགན་འཁུར་དགོས་པའི་དུས་ལ་འབབས་ཡོད།

    Reply
  21. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བཀུར་འོས་སྲིད་སྐྱོང་མཆོག

    བོད་མི་རིགས་ཀྱི་སྟོབས་ཤུགས་དང་འཚམ་པའི་སྲིད་བྱུས་གསར་བ་ཞིག་འདོན་རོགས་ཞུ།

    རྒྱ་ནག་གི་རིག་གནས་དང་རྒྱ་ནག་གི་སྲིད་བྱུས་ལ་གཞིགས་ནས་ཐབས་བྱུས་གསར་བའི་ཁ་ཕྱོགས་ཤིག་འཛིན་རོགས་ཞུ།

    རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པའི་ཞལ་ཆིམས་དང་རེ་འདུན་སོགས་འཕྲོ་བརླག་ཏུ་མ་ཕྱིན་པར་གནང་རོགས་ཞུ།

    བོད་རྒྱའི་འཐབ་རྩོད་ཀྱི་ཁ་ཕྱོགས་གང་ཞིག་འགྱུར་ཡོད་མེད་དེ་དོན་དངོས་ཀྱི་རྒྱབ་ལྗོངས་ཡོད་པའི་གསལ་བཤད་ཅིག་གནང་རོགས་ཞུ།

    བོད་ནང་གི་ཛ་དྲག་གི་གནས་ཚུལ་བསྡུ་ལེན་དང་ཁྱབ་སྤེལ་བྱེད་སའི་ལྟེ་གནས་ཤིག་གཞུང་འབྲེལ་གྱིས་འཛུགས་རོགས་ཞུ།

    གཞིས་བཞུགས་བོད་རྒྱ་ཆེའི་མང་གི་ཞི་བའི་འཐབ་རྩོད་བྱེད་ཕྱོགས་ལ་ཞིབ་འཇུག་ལྟེ་གནས་ཤིག་བསྐྲུན་རོགས་ཞུ།

    བཀུར་འོས་སྲིད་སྐྱོང་མཆོག་ལགས། གོང་ཞུས་རེ་འདུན་ཁ་ཤས་ཀྱི་རྒྱབ་ལྗོངས་རྣམས་མཁྱེན་རྟོགས་སླ་བའི་གསལ་བཤད་སོགས་ཀྱིས་རྒྱས་འགེབས་མ་བྱས་པ་ལགས།

    Reply
  22. ཆོས་སྐྱིད། says:
    ལོ་ 13 སྔོན།

    རེད་ཡ། ངོ་མ་གནད་ལ་ཞོག་འདུག
    འདམ་ག་གསུམ་རེད་བཞག ༡ མེ་མཆོད་ཀྱིས་འཛམ་གླིང་མགུལ་ཐབས། ༢ དེ་མ་ཐུབ་ཀུན་གྱིས་བློས་གཏོང་གིས་སྡེབ་ལང་བཀོད་བསྒྲིག་གིས་བོད་ཁམས་མགུལ དེས་རྒྱལ་སྤྱི་མགུལ་ཐུབ་པ།
    ༣ དེ་དག་གང་ཡང་མ་ཐུབ་ན་གཟུགས་བརྙན་གྱི་འཐབས་རྩོད་འཚམས་འཇོག་བྱོས་ལ་གཅེས་སྲོག་རྣམས་སྐྱོབ་ཐབས་ཁོ་ན་ལ་འབད་པ་ལས་མ་མཐའ་བ་རེད། ཀུན་གྱིས་ཤེས་པར་བྱོས། སྐུ་མཁྱེན།

    Reply
  23. རིག་རལ། says:
    ལོ་ 13 སྔོན།

    ལམ་བསྟོན་ཧ་ཅིང་ཡག་པོ་འདུག གཏིང་ཟབ་པའི་གནད་འགག་འདུག བཙན་བྱོལ་གྱི་བསྒྲིག་འཛུག་ཀུན་གྱིས་མངོན་གསལ་ཏོད་པོས། འཆར་གཞི་གོ་རིམ་ལྡན་པའི་སྒོ་ནས་བོད་གཞི་བྱེས་གཉིས་ག་མཉམ་ལང་བྱེད་ཐབས་ཀྱི་པང་རིམ་བསྒྲིག་ལ་འབད་པ་ལས་ང་ཚོ་ལ་ཅི་ཡང་ལྷག་མི་འདུག་པ་ཤེས་རན། །

    Reply
  24. བོད་ཀྱི་བུ། says:
    ལོ་ 13 སྔོན།

    བཀུར་འོས་པའི་སྲིད་སྐྱོང་མཆོག
    ངོ་མ་དུས་ལ་བབ་པའི་ལས་འགུལ་ཞིག་སྤེལ་རོགས་མ་གཏོགས། ད་ནི་ང་ཚོས་བཟོད་ཐབས་མི་འདུག ཕྱི་ནང་གཉིས་ཆ་སྒུལ་བའི་ལས་འགུལ་སྤེལ་རྒྱུ་ཡིན། དུས་ཆད་ནང་ཁྱེད་ལ་འཆར་གཞི་མེད་པར་ཁ་སྟོང་བཤད་ན་ངོ་མ་ང་ཚོས་སྡོད་བཟོད་མེད་པར་ཤེས་པར་གྱིས།

    Reply
  25. གངས་སེང། says:
    ལོ་ 13 སྔོན།

    རྩོམ་འདིའི་ནང་དོན་སྙིང་བོ།
    ༡ རང་སྲེག་ལས་འགུལ་ཐད་བཙན་བྱོལ་བོད་མིའི་དབུ་ཁྲིད་སྲིད་སྐྱོང་མཆོག་ལ་འགན་ཡོད་པ་དེ་བདེན།
    ༢ བོད་གཞིས་བྱེས་གཉིས་ནས་གོ་སྐབས་དམ་འཛིན་གྱིས་ཞི་རྒོལ་སྡེབས་ལངས་བྱེད་དགོས་པ་བདེན།
    ༣ སྲིད་སྐྱོང་མཆོག་ནས་བོད་ནང་དུ་འབོད་སྐུལ་བྱེད་དགོས་པའང་བདེན།
    དེ་བྱས་དུས་སྐད་ཆ་འདི་ཤར་ཁུག་གི་སྐད་ཆ་དང་འདྲ་བོ་འདུག་ལ། ཚིག་གི་ལོ་མས་བརྒྱན་འདུག་པ་མ་གཏོགས་དོན་དག་དེ་རང་རེད་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese