མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་གསོད་ཀྱི་ཚགས་ཡིག་ཀློག་དགོས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ཏག་ཏག་དུས་ཚོད་འདི་ལ་ང་ཚོའི་གཞོན་སྐྱེས་ཚོས་རང་རེའི་མེས་པོ་དག་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ངེས་པར་དུ་བལྟ་དགོས་པར་མཐོང༌། ཐག་རིང་བོའི་གནའ་གཏམ་མི་བཤད། བདག་གིས་དགྲ་བོ་རྒྱ་དམར་བོད་དུ་བཙན་འཛུལ་བྱས་པ་ནས་ད་ལྟ་ལ་ཐུག་གི་བར་གྱི་ཁྲག་གི་རྦ་རླབས་འཁུར་ནས་བུད་སོང་བའི་རྣམ་ཤེས་ཀྱི་སྐོར་ནས་གླེང་འདོད་སྐྱེས་སོང༌། དོན་དངོས་ཀྱིས་བཤད་ན། ཡོངས་སུ་གྲགས་པའི་དམར་གསོད་དེ། མདོ་སྨད་ཁུལ་གྱི་ “སྐྱ་མོའི་དམར་གསོད་” ཆེན་མོ་དང་ “ ཁེ་སིན་དམར་གསོད་” ཆེན་མོ། “བཅུད་པར་དམར་གསོད” ཆེན་མོ། དབུས་གཙང་ཁུལ་དུ་ “གསུམ་བཅུའི་དམར་གསོད་” ཆེན་མོ་སོགས་དང༌། ཡང་ཁམས་ཆབ་མདོ་དང་སྡེ་དགེ་སོགས་ནས་ཀྱང་ཉི་མ་རེར་མི་གྲངས་སྟོང་ཕྲག་མང་བོ་བསད་པའི་ལོ་རྒྱུས་ཀྱི་ཡིག་ཚགས་ང་ཚོའི་མཐོང་ལམ་དུ་ཡོད་པ་ལྟར་ལགས་ན། ངས་འདི་ནས་བཤུ་འབྲི་བྱ་དགོས་དོན་མེད་པར་ཚང་མས་དུས་ཚོད་ཐུང་ཐུང་རེ་བཏང་ནས་ཀློག་དགོས་པའི་དུས་ལ་བབ་ཡོད། ངས་རང་གིས་མཐོང་ཚད་ཀྱི་ཡིག་ཚགས་ཁག་བསྡོམས་ནས་བོད་ཀྱི་ས་ཁུལ་ཁ་ཤས་ནས་བོད་མི་ ཅི་ཙམ་དམར་གསོད་བཏང་ཡོད་མེད་རོབ་ཙམ་གླེང་བར་བྱ།

ཀུན་གཟིགས་ྋཔཎ་ཆེན་རིན་པོ་ཆེའི་《ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ》དང་། ཨ་ལགས་ཙ་ཡུས་ཀྱི་《ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས》། དེ་མིན་བོད་གཞུང་ཕྱི་དྲིལ་གྱི་《བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་ཇུས་དང་བྱ་ཐབས》། ཡང་མི་སྒེར་ཁག་ཅིག་གི་མཛད་རྣམ་ལོ་རྒྱུས་སོགས་ནས་རྙེད་པའི་ལག་ལ་གང་ཐེབས་ཀྱི་ཟིན་བྲིས་མདོར་བསྡུས་ཤིག་ཀློག་མཁན་ཚོའི་སྤྱན་ལམ་དུ་ཕུལ་ནས་དམར་གསོད་ཀྱི་ཚགས་ཡིག་ངེས་པར་དུ་ཀློག་དགོས་པའི་རེ་འདུན་འདོན་རྒྱུ་ཡིན།

དཔེར་ན། སྤྱི་ལོ་ ༡༩༨༩ ལོར་པེ་ཅིང་ནས་དཔར་སྐྲུན་བྱས་པའི་《ཀྲུང་གོའི་མི་འབོར》ཞེས་པའི་བརྟག་དཔྱད་ སྙན་ཐོའི་ནང་དུ་འཁོད་པར་གཞིགས་ན། སྤྱི་ལོ་ ༡༩༦༣ ལོའི་མགོ་ལོག་ཁུལ་གྱི་མི་འབོར་དེ་སྤྱི་ལོ་ ༡༩༥༣ ལོའི་མི་འབོར་དང་བསྡུར་ན་བརྒྱ་ཆ་ ༧༨%༩༦ མར་ཆག་ཡོད་པ་དང༌། ཡུལ་ཤུལ་ས་ཁུལ་དུ་མི་འབོར་བརྒྱ་ཆ་ ༢༣%༨༩ མར་ཆག་ཡོད་ཚུལ་གསལ་བོར་བཀོད་ཡོད། ཡང་ཡིག་ཆ་དེའི་ནང་དུ་སྤྱི་ལོ་ ༡༩༥༧ ལོར་མགོ་ལོག་ཁུལ་དུ་བོད་མི་ ༦༤༡༩༡ ཡོད་པ་དང༌། ཡུལ་ཤུལ་ཁུལ་དུ་བོད་མི་ ༡༤༩༨༢༩ ཡོད་ཚུལ་བཤད་ཡོད་པའི་ཐོག་ནས་དབྱེ་ཞིབ་བྱས་ན་སྤྱི་ལོ་ ༡༩༥༣ ལོ་ནས་སྤྱི་ལོ་ ༡༩༦༤ ལོ་བར་མགོ་ལོག་ཁུལ་དུ་བོད་མི་ ༥༡༥༦༨ དང༌། ཡུལ་ཤུལ་ཁུལ་དུ་བོད་མི་ ༩༤༨༡༩ བཅས་ཁྱོན་བསྡོམས་ས་ཁུལ་དེ་གཉིས་ཀྱི་ནང་བོད་མི་ ༩༤༨༡༩ དམར་གསོད་བཏང་ཡོད་པ་ར་འཕྲོད་ཡོད།

ཡང་རྒྱ་གཞུང་གི་《མི་དམངས་བཅིངས་འགྲོལ་དམག་རྐང་དམག་ཧྲི་ཤོག་བཅུ་གཅིག་པའི་དམག་འཐབ་ལོ་རྒྱུས》 ནང་སྤྱི་ལོ་ ༡༩༥༨ ལོའི་ཟླ་བརྒྱད་ཀྱི་རིང་ཀན་ལྷོ་ཁུལ་གཅིག་བུ་ནས་བོད་མི་ ༢༡༡༤༡ རྩ་མེད་དུ་བཏང་ཡོད་ཅེས་དང༌། ཡང་ཀན་ལྷོ་དང་མགོ་ལོག རྔ་པ། རྨ་ལྷོ། མཆོ་ལྷོ། མཚོ་བྱང༌། མཚོ་ནུབ་སོགས་རང་སྐྱོང་ཁུལ་བདུན་གྱི་ཁོངས་སུ་བོད་མི ༨༨༠༩༠ རྩ་མེད་བཏང་ཡོད་པ་ར་འཕྲོད་ཡོད། དེ་དང་ཆ་མཚུངས་པར་སྤྱི་ལོ་ ༡༩༥༩ ལོ་ཟླ་ ༣ ཚེས་ ༡༠ ཉིན་ལྷ་སའི་རང་དབང་སྒེར་ལང་ཆེན་མོའི་བོད་མི་ ༡༥༠༠༠ ལྷག་དམར་གསོད་བཏང་ཡོད་པ་སོགས་ཐོག་དང་བོར་རྒྱ་དམག་སིམ་འཛུལ་བྱེད་སྐབས་དཔེ་མཚོན་དུ་དྲངས་ན་ས་ཁུལ་ཉུང་ཤོས་ཤིག་ནས་དེ་འདྲའི་མི་འབོར་མང་བོ་དམར་གསོད་བཏང་ཡོད་པའི་མི་ཚད། དེའི་གཞུག་ནས་ཡོངས་སུ་བཅིངས་འགྲོལ་ཐོབ་པར་བསྙད་པའི་དུས་རིམ་ནང་བཙོན་འཇུག་མནར་གཅོད་བཏང་ནས་ལྟོགས་ཤི་དང་གྲང་ཤི བརྡུང་བརྡེག་མནར་གཅོད་ཀྱི་འོག་ཤི་བའི་གྲངས་ཀ་ནི་ཁྱོན་ཡོངས་ནས་བསྡོམས་ན་ས་ཡ་ གཅིག་དང་འབུམ་གཉིས་ལ་སླེབས་པ་ཡོངས་གྲགས་ཡིན། དམར་གསོད་བཏང་ཟིན་པའི་མི་འབོར་དེ་འདྲ་ཡིན་པ་དང་དེའི་རྗེས་ན་ད་དུང་ནང་མི་བུ་ཕྲུག་ལུས་ཡོད་པ་དག་གི་སྡུག་བསྔལ་བའི་ལོ་རྒྱུས་ལ་ང་ཚོས་ད་ལྟ་བསམ་བློ་ཞིག་བཏང་ན་གང་འདྲ་ཡིན་མིན་བཤད་མི་དགོས་པར་ཤེས་ནུས་པ་ཞིག་མ་རེད་དམ།

དེ་ལྟ་བུའི་དྲག་སྤྱོད་ཀྱི་ཉམ་ཉེ་ཕོག་པའི་བོད་མི་རིགས་ཀྱི་སེམས་གཏིང་ན། དགྲ་བོ་ལ་སྙིང་ཉེ་ཞིང་བློ་དཀར་བའི་སེམས་བྱུང་གི་ཆ་ཅི་ཙམ་ལྷག་ཡོད་དམ། དེའི་ཁར་སྤྱི་ལོ་ ༡༩༨༧ ནས་ ༡༩༨༨ དང་ ༡༩༨༩ ལོ་རེའི་ཞི་རྒོལ་སྐབས་ཀྱི་དམར་གསོད་དང་བཙོན་འཇུག་མནར་གཅོད་ཀྱི་སྐོར་ཆབ་སྲིད་བཙོན་པའི་ཚིག་ཟིན་ལོ་རྒྱུས་བཙན་བྱོལ་ཁྲོད་མང་དུ་བྱུང་ཡོད་པར་གསལ་བ་དང༌། ཡང་དེའི་རྗེས་ནས་སྤྱི་ལོ་ ༢༠༠༨ ལོའི་དམར་གསོད་དང་བཙོན་འཇུག་མནར་གཅོད་ས་ཁུལ་རེ་རེའི་སྙན་ཐོའི་ནང་གསལ་བ་ལྟར་ཡིན། 

དེ་ལྟ་བུའི་དམར་གསོད་ཀྱི་རིམ་པ་མཐའ་ཡས་པ་བྱུང་བའི་རྗེས་ཀྱི་ད་ལོར། དེ་བས་ཀྱང་འཛམ་གླིང་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་བོད་མི་རིགས་ཀྱི་མགོ་ ལ་སྡུག་བསྔལ་ཞིག་བྱུང་ཡོད་པ་བོད་མི་རེ་རེའི་སེམས་ན་ཡོད་པ་ལྟར་ན། ད་དུང་ཁོང་ཁྲོ་བྱེད་མི་འོས་ཚུལ་དང༌། ད་དུང་དགྲ་ཡི་འདུ་ཤེས་འཛིན་མི་རུང་བར་བརྗོད་པའི་བོད་པ་ཆོས་བརྫུ་བ་དག་གི་སྡར་གཤིས་དེར་ང་ཡི་ག་གཏིང་ནས་ལོག་སོང༌། ད་ནི་དགྲ་བོའི་ངོས་ནས་ཆོག་ཤེས་ཀྱི་བསམ་བློ་ཞིག་མེད་ཚེ། འུ་ཅག་གི་ངོས་ནས་ཕར་དེ་ལྟར་བསྟུན་པ་ནི་དགོད་བྲོ་ཞིང་ངུ་སློང་བ་ཞིག་ལས་མ་འདས་སོ།།

ཡ་རབས་བྱེད་རྒྱུར་དགའ་ཞིང་བཟོད་སྒོམ་གནང་རྒྱུར་དགའ་བའི་འུ་ཅག་གི་མི་རིགས་འདི་སྡུག་མྱོང་མཁན་ཁོ་ནར་སུས་ཀྱང་བཀོད་སྒྲིག་བྱས་མེད་པ་ཤེས་དགོས་ཤིང༌། དེ་ཤེས་མཁན་ཡང་འུ་ཅག་རང་ཉིད་ཡིན་དགོས། གཞན་པས་ཚུར་སྡུག་པོ་བཏང་ནའང་དེ་ལས་འབྲས་དང་སྔོན་བསགས་ཁོ་ནར་བསམ་ནས་སྨོན་ལམ་རེ་བཏབ་ནས་སྡུག་སྒོམ་བྱེད་པའི་ཚོགས་གསོག་ཚུལ་དེར་ང་གཏན་ནས་མི་འཐད། ངས་ཆོས་ལུགས་ལ་ཟུར་ཟ་བྱེད་ཀྱི་མེད། ངས་ཚོགས་བསགས་སྒྲུབ་སྦྱོང་ལའང་ཟུར་ཟ་བྱེད་ཀྱི་མེད། ངས་གོ་འཛོལ་ཐེབས་པའི་རང་ཅག་གི་འདུ་ཤེས་འཛིན་སྟངས་ལ་རྒོལ་གྱི་ཡོད།

ང་ཚོ་བོད་ནས་འོང་ཞིང་རྒྱ་ནག་གི་སློབ་གྲྭར་སྐྱོད་མྱོང་མཁན་ཚང་མར་རྒྱུས་མངའ་ཡོད་པ་བཞིན། ཉི་ཧོང་བས་རྒྱ་ནག་བསད་པའི་ “ནན་ཅིང་དམར་གསོད་ཆེན་མོ་” བྱིས་པའི་སློབ་དེབ་ཏུ་བཀོད་ནས་བུ་རབས་ཚ་རྒྱུད་ཚང་མའི་སེམས་ལ་སྙིང་ནད་ལྕི་མོ་ཞིག་འཇོག་པར་འབད་ཀྱིན་ཡོད། དེ་ནི་རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན་ངེས་པར་དུ་མཁོ་བའི་རྒྱལ་གཅེས་ཀྱི་སློབ་གསོ་ཞིག་མ་རེད་དམ། 

ང་ཚོས་དུས་གཏན་ཏུ་བརྗེད་མི་ཉན་པ་ཞིག་ནི་རང་ཉིད་ཀྱི་མེས་པོ་གོང་མ་དག་དགྲ་བོས་ཇི་ལྟར་དམར་གསོད་བཏང་བ་དེ་ཡིན་ལ། དེ་བས་ཀྱང་ཀུན་གཟིགས་ྋཔཎ་ཆེན་རིན་པོ་ཆེ་དང་ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་མཆོག མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་སོགས་མི་རིགས་འདི་འགྱེལ་ས་ནས་སློང་མཁན་གྱི་སྐྱེས་ཆེན་དམ་པ་ཅི་ཙམ་དགྲ་བོས་བསད་པ་དེ་དག་དྲན་འོས།

༣༠༡༢ །༡༢ །༣ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

སྐར་མ ༢༤ སྔོན་ལ།
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༤ སྔོན་ལ།
Sikyong Penpa Tsering spoke on Tibet’s environmental significance and its global implications at the College of Mexico (ColMex), and on Tibet’s enduring nonviolent struggle at ITESO University.
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མེག་སི་ཁོའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་།

༢༠༢༥/༡༠/༢༦
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧སྐུའི་གོ་སྟོན་སྲུང་གཙིའི་རིག་གཞུང་དུས་སྟོན་འཚོག་བཞིན་པ། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གཞུང་དུས་སྟོན་འཚོག་བཞིན་པ།

༢༠༢༥/༡༠/༢༤
འདི་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་སྟོན་རྒྱུར་དཀའ་ངལ་འཕྲད་འདུག

༢༠༢༥/༡༠/༢༤
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཉི་ཧོང་གི་སྲིད་བློན་ས་ནའེ་ཊ་ཀའེ་ཆི་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར་སྒྲིག་སྦྱོར་བྱས།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

༢༠༢༥/༡༠/༢༤

མཆན། 9

  1. མང་ཐོས། says:
    ལོ་ 13 སྔོན།

    ང་ནི་གྲོང་སེབ་ཆུང་ཆུང་ཞིག་ནས་སྐྱེས་པ་ཡིན། རྒྱ་དམག་དང་པོ་ང་སྐྱེས་སའི་གྲོང་སེབ་ལ་ཡོང་དུས་དང་། ཡོང་ཚར་བའི་རྗེས་ཅི་ཞིག་བྱས་པ་སོགས་ཕ་མ་གཉིས་ཀྱི་ཞལ་ནས་མང་པོ་ཞིག་ཐོས་མྱོང་། ངའི་ཕ་མའི་ཁྱིམ་གཞི་ལ་གནོད་པ་ཧ་ཅང་ཚབ་ཆེན་བྱས་འདུག ངའི་ཨ་མྱེས་ལགས་ཀྱིས་རྒྱ་དམག་ལ་རྒོལ་ལན་བྱས་སྟབས་དམར་གསོད་བྱས་ཤིང་། རྒྱུ་ནོར་ཆ་ཚང་རྒྱ་དམག་གིས་འཁྱེར་འདུག དེ་རྗེས་དབུལ་ཞིང་ཕོང་བར་གྱུར་ནས་ཁ་ཟས་མེད་པར་རྩ་ཡི་རྟིང་བ་དང་། རི་ལ་སྐྱེས་པའི་ར་འབུ་ཟེར་བ་སོགས་ཟོས་ནས་སྲོག་འཚོ་ཙམ་བྱུང་འདུག ཁ་ཟས་མེད་པའི་སྟེང་ལ་ཉིན་ངལ་རྩོལ་དང་དགོང་མོ་མི་མང་འཚོགས་བཅུག་ནས། མོ་ཡི་གསུང་བཏུས་ལ་སློབ་སྦྱོང་། ཐོ་ལེན་ཟེར་བ་ཞིག་བྱེད་དགོས་ཟེར། ཁོ་རང་ཚོའི་འདོད་པ་ལྟར་ཐོ་ལེན་མ་བྱུང་ན་རྡུང་འདེག་ཚད་ལས་འདས་པ་བྱེད་རབས་སོགས་སྣང་ཡུལ་འདས་པ་རྐྱང་རྐྱང་མྱོང་འདུག དེ་རྗེས་ལོ་ནམ་ཞིག་ཡིན་མིན་ཤེས་ཀྱང་། ངའི་སྐྱེ་ཡུལ་དང་། ཁྱིམ་མཚེ་རུ་སྡེ་མང་པོ་ཞིག་གིས་རྒྱ་དང་། རྒྱའི་རྒྱུག་ཁྱིའམ་མགོ་ཁྱོགས་ལ་དྲག་རྒོལ་བྱེད་པའི་ལས་འགུལ་ཞིག་མ་གྲོས་བསམ་པ་གཅིག་མཐུན་བྱུང་སྟེ། ཉིན་གཅིག་དྲག་རྒོལ་བྱས། ལག་ཆའི་བཟང་ངན་གྱིས་ཚུར་ཤི་རྨས་ཚབ་ཆེན་བྱུང་བ་མ་ཟད། ཉིན་འགའི་རྗེས་རྒྱ་དམག་ཁྲི་ཕྲག་མང་པོ་ཡོང་ནས་འགའ་ཞིག་ཁ་ཐུག་དམར་གསོད་བྱས་པ་དང་། འགའ་རེ་ལ་སྲོག་ཁྲིམས། འགའ་རེ་བཙོན་དུ་བཅུག་པ་སོགས་བྱས་འདུག དེ་དུས་རྒྱ་དམག་རྣམས་ང་ཚོའི་གྲོང་སེབ་ལ་འབྱོར་བ་ན། ངའི་ཨ་མ་ལ་བུ་ཕྲུག་མ་འབྱར་ཞིག་འདུག་དེ་ནི་ངའི་སྤུན་ཆེ་བ་རེད། བུ་ཁུར་ནས་ཁང་བའི་མདུན་ཕྱོགས་ཀྱི་རི་སྐེད་ལ་ནག་སྟུག་པོ་ཅིག་ཡོད་པ་དེའི་གསེབ་ནས་མར་བལྟས་ནས་སྡོད་པ་ན། ཅུང་མ་འགོར་བར་མེ་མདས་འཇིགས་སྐུལ་དང་བཅས་ངེད་ཚང་གི་སྒོ་རའི་ནང་འཛུལ་ནས་ཕག་ཕྲུག་གཅིག་ཡོད་པ་དེ་མེ་འདས་རྒྱབ་ནས་བསད་པ་དང་། སྒོ་ཁྱི་ཡང་བསད་དེ་ཁང་ནང་དུ་རྒྱ་དམག་བཅུ་གྲངས་ཤིག་འཛུལ་ནས་ཅུང་མ་འགོར་བར་ཕྱིར་ཐོན། དེ་བཞིན་ཁྱིམ་ཚང་གཞན་པ་རྣམས་ལ་ཡང་དེ་བཞིན་བྱས་སོང་ཟེར། དེ་ནས་རྒྱ་དམག་ང་ཚོའི་གྲོང་སྡེ་ནས་སོང་ཟིན་པ་ན། མར་ཡོང་ནས་རང་ཁྱིམ་ལ་ལྟ་སྐབས། ཐབ་ཀ སླ་ང་སོགས་ཁྱིམ་ཆས་ཅུང་ཙམ་ཡོད་པ་རྣམས་ཚང་མ་གཏོར་བཅོམ་བྱས་ཏེ། བེད་མེད་བཟོས་འདུག་ཟེར། དངོས་བྱུང་གི་སྐད་ཆ་འདི་ང་རྒྱ་ལ་མི་དགའ་བའི་ས་བོན་ལྟ་བུ་ཡིན།

    Reply
  2. འཇམ་གཅེས ། says:
    ལོ་ 13 སྔོན།

    བོད་མི་ཤི་ཚད་རྒྱ་མིའི་བསོད་པ་ཡིན་ནམ་་ཧ་ཧ་ཧ་ཧཧ་་ཧཧ་་ཧཧ་ཧ་དྲང་བདེན་ག་་དྲང་བདེན་དྲང་བདེན་་་་་་

    Reply
  3. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    མིག་མི་འཛུམ་གྱི་དཔའ་གཏམ་དང་། འདས་ཟིན་དྲན་སྐུལ་གྱིས་དགྲ་ལ་དགྲ་ལན་སློག་དགོས་ངེས་ཀྱི་དྲང་གཏམ་ཡང་ཡིད་ལ་འཇགས། འོན་ཏེ་ངས་བསམ་ན་བོད་རྣམས་སྡར་མ་ལུག་ལྟ་བུ་རྩ་བ་ནས་ཡིན་མི་སྲིད་ལ། ཁྱོད་འདོད་པ་བཞིན་དགྲ་ལ་དགྲ་ལན་མི་སློག་པའི་མི་བུ་བྱམས་སེམས་ཅན་ཞིག་རྩ་བ་ནས་ཡིན་མི་སྲིད། དཔེར་ན། ལོ་རེ་རེར་རང་རེའི་ཕུ་ནུ་ནང་ཁུང་དུའང་རྩྭ་ས་ཆུ་རྩོད་དམ་གཏམ་ཚིག་ཆུང་ངུས་ཀྱང་ངར་ལངས་ཏེ་དཔའ་གྲི་བཤམས་ནས་ནང་དམེ་བྱེད་པར་ཐེ་ཚོམ་མི་འདུག ཁ་ནས་མི་ཎི་རེ་འདོན་བཞིན་དམར་པོའི་ཤ་ཁྲག་ལ་སྤྱོད་པའང་རྒྱུན་གཏན་ཞིག་ཡིན། ངས་ནི་བོད་རྣམས་ལ་གཞན་ལས་ལྷག་པའི་བྱམས་སེམས་ཤིག་ཡོད་པར་མི་འདོད། རྒྱ་དམར་པོར་ཡང་སེམས་བསམ་པའི་གཏིང་ནས་ཤ་འཁོན་ཡོད་པ་བདེན། ཁྲོས་ཤིང་ངར་བ་ཡང་བདེན། དེས་རྐྱེན་བྱས་ཏེ་སྤྱི་ལོ་ང་བདུན་ཙམ་ནས་ད་ལྟ་ལ་ཐུག་གི་བར་དགྲ་བོར་རྒོལ་ཅི་ཐུབ་བྱས་ཡོད། འོན་ཏེ་མང་སྣེ་ཉུང་གིས་མ་ཐུབ་ཅིང་། གྲི་རྡོ་དང་དེང་རབས་ཀྱི་མཚོན་ཆ་གཉིས་ཀྱི་བཟང་ཞན་ལས་གྱོང་གུན་ནི་ང་ཚོ་བོད་པ་རང་གིས་འཁུར་དགོས་པ་བྱུང་། འདས་ཟིན་པར་དེ་ལྟར་ཡིན་ལ་ད་ལྟའང་དེ་ལྟར་ཡིན། ཡང་བསྐྱར་སྡེབ་གསོད་ཆེན་མོ་ཞིག་འདོད་ན་ཁྱོད་ཀྱིས་སྣེ་འཁྲིད་དེ་དགྲ་བོའི་སྔུན་དུ་ཐོན་དང་། སྤུན་ཟླ་ངར་ཤ་ཅན་ཁྲི་སྟོང་གི་རྣམ་ཤེས་ཀྱིས་རང་བཙན་རྩོད་དགོས་པའི་ཡ་ང་བའི་ཟློས་གར་བསྐྱར་འཁྲབ་ཅིག་ལས་གང་ཡང་མེད། དགྲ་བོར་དགོས་པ་ནི་བོད་རྣམས་ཀྱིས་དྲག་པོ་བྱ་རྒྱུར་སྒུག་ཡོད། དེ་ལྟར་བྱུང་ན་འཛམ་གླིང་ན་འཇིགས་སྐུལ་དྲག་སྤྱོད་པར་བསྙད་དེ། དེང་རབས་ཀྱི་ཆེས་ཕུལ་བྱུང་གི་མེ་མཚོན་རེ་སྐོར་ཏེ་ཁོ་ཚོས་ང་ཚོའི་སྟེང་དམར་པོ་ཁྲག་གི་སྟོན་མོ་ཞིག་ལ་རོལ་རྒྱུ་རེད་ཨང་། ངས་ནི་འདི་ལྟ་བུའི་དམར་གསོད་ཅིག་བསྐྱར་དུ་མི་འབྱུང་བར་སྨོན་བཞིན་ཡོད། ཁྱོད་ཀྱིས་སོམས་དང་་་་་་

    Reply
  4. གནམ་ལྕགས། says:
    ལོ་ 13 སྔོན།

    རང་རེའི་དྲ་མཆན་པ་དག་གི་ཚད་གཞི་ཇེ་མཐོར་སོང་བ་དང་བསྟུན་ནས་དྲ་ཐོག་གི་གླེང་མོལ་ལ་བྲོ་བ་ཇེ་ཆེར་འགྲོ་གི་འདུག མི་སུ་ཞིག་གིས་རྩོམ་ཡིག་གང་ཞིག་བྲིས་ན་ཚང་མས་དེའི་ནང་དོན་ཐད་ནས་གླེང་སློང་ཤུགས་ཆེ་རུ་གཏོང་རྒྱུ་དང་ཁ་གསལ་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པ་ལས་སྔོན་མ་ནང་བཞིན་དོན་མེད་དུ་ཁ་བརྡུང་གཏོང་རྒྱུ་དང་ཉོག་དྲ་བཟོ་རྒྱུ་སོགས་མ་ཡིན་པས་དེང་གི་དུས་སུ་བསྐྱར་དུ་བོད་ཀྱི་དུས་བབ་དྲ་ཐོགས་པ་དག་འདུ་འཛོམས་ཐེངས་ཤིག་བྱེད་རྒྱུའི་རེ་བ་ཆེའོ།།

    Reply
  5. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    སྐབས་དེར་རྒྱ་གཞུང་གིས་བོད་གསོད་ལུགས་གསོད་སྟངས་ཀྱི་ས་ཁྲ་དང་། དམག་སྡེ་གང་གང་གིས་བོད་དྲག་གནོན་བྱས་པའི་ཐོ་གཞུང་ཞིག་ངས་ཕྱོགས་སྒྲིག་བྱས་ཡོད། དུས་ཚོད་བྱུང་ན་དྲ་ཐོག་ལ་འཇིག་གི་ཡིན། ཡང་དམར་གསོད་འདིའི་སྐོར་ལ་རྒྱ་མོ་ལི་ཅང་ལེན་གྱིས་དེབ་ཡག་པོ་གཉིས་བྲིས་འདུག ངས་རགས་རིམ་ཞིག་ཀློག་རྒྱུ་བྱུང་། དེབ་དེ་གཉིས་ནི་བོད་མིས་བྲིས་པ་ཚོ་ལས་ཀྱང་ཁ་གསལ་ཞིང་ཁུངས་དག་པ་འདུག་་་་་

    Reply
  6. ནད་པ says:
    ལོ་ 13 སྔོན།

    མིག་མི་འཛུམ་གྱིས་བྲིས་པའི་ན་ཆུང་འདིར་དོན་སྙིང་ཆེན་པོ་ལྡན་འདུག དངོས་གནས་གནས་ལུགས་ཇི་ལྟར་ཡིན་མིན་གསལ་བཤད་མཐིལ་ཕྱིན་མཛད་པའི་རྩོམ་ཡིག་དེར་སེམས་ནས་བསྔགས་བརྗོད་མ་བྱེད་ཀ་མེད་བྱུང་།

    སྤྱིར་རྒྱ་དམར་གྱིས་དྲག་པོས་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟ་ཡོངས་གྲགས་བཞིན་བོད་རིགས་མི་དམངས་ས་ཡ་གཅིག་འབུམ་གཉིས་ ༡༢༠༠༠༠༠ ལྷག་དམར་གསོད་བྱས་པའི་ཡིག་ཚགས་ནང་གསལ་ལྟར་ན་ད་ལྟའི་འཆར་རང་ལུས་མེར་སྲེག་མཁན་ ༩༢ བྱུང་བའི་གྲངས་འབོར་ཉུང་ཉུང་ཞིག་ཡིན་མོད་ཞི་བའི་འཐབ་རྩོད་ཀྱི་སྙིང་སྟོབས་འདི་བཙན་པོ་སྲོང་བཙན་སྒམ་པོའི་དུས་སྐབས་ཀྱི་དཔར་ངར་ཞུམ་མེད་ཀྱི་སྙིང་སྟོབས་རྒྱས་བཞིན་ཡོད།

    ཡིན་ན་ངས་བཟད་འདོད་པ་དེ་ང་ཚོ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་ཁྱོན་ཡོངས་ནས་ད་བསམ་བློ་བཏང་ནས་བློ་ཐག་རྦད་བཅད་ཀྱི་ལམ་དུ་འགྲོ་དགོས་པའི་དུས་ལ་བབས་ཡོད།

    ཡང་ན་རང་ལུས་མེར་བསྲེགས་གཏོང་མཁན་འདིའི་ད་ལྟའི་གནས་སྟང་ཚབས་ཆེན་ཆགས་བཞིན་ཡོད་པ་དེ་ངེས་པར་དུ་མཚམ་འཇོག་བྱེད་ཐུབ་པ་དགོས། ཡང་ན་ངེས་པར་དུ་བློ་ཐག་རྦད་བཅད་དེ་ཕྱི་ནང་མདོ་དབུས་ཁམས་གསུམ་ཡོངས་ཀྱིས་ད་རང་ལུས་མེར་སྲེག་ཀྱི་ལས་འགུལ་འདི་མུ་མཐུད་སྤེལ་ནས་ཐ་ན་བོད་མི་ས་ཡ་གཅིག་ལྷག་མེར་སྲེག་གཏོང་དགོས་བྱུང་ཀྱང་ངེས་པར་དུ་བློ་གཏོང་བྱེད་དགོས་པ་འདུག

    ལྷག་པར་བོད་ཁམས་དང་ཨམ་མདོ་ཁུལ་གཅིག་པུ་ནས་མེར་སྲེག་བཏང་བསྡད་ན་འགྲིག་ཐབས་གཏན་ནས་མི་འདུག གང་ཡིན་ཟེར་ན་ཆོལ་གསུམ་བོད་རིགས་ཡོངས་ཀྱི་རྡོག་རྩ་གཅིག་བསྒྲིལ་བྱས་ཏེ་ཕྱི་ནང་ཚང་མས་མུ་མཐུད་དེ་མེར་སྲེག་བཏང་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་ཐུབ་པ་དགོས།

    དེ་ལྟར་བྱེད་ཐུབ་ཚེ་ད་གཟོད་རྒྱ་ནག་ནང་གི་གནས་ཚུལ་ལ་དཔགས་ནས་རྒྱ་ནག་མི་དམངས་རང་ངོས་ཀྱིས་ངོས་ནས་ཀྱང་རྒྱ་ནག་དམར་ཤོག་སྲིད་གཞུང་དེའི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་རྒྱུའི་ཁ་ཕྱོགས་སུ་བསྒྱུར་ཐུབ་པ་བྱེད་དགོས།

    ལྷག་དོན་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དང་གནས་ཡོད་མི་སྣ་ཚོར་ཐད་ཀར་འགན་ལྕི་མོ་ཞིག་ཡོད་པས་དེ་མཚུངས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་སྣེ་འཁྲིད་ཐུབ་པ་ཅིས་ཀྱང་ངེས་པར་བྱེད་དགོས།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    ཉིས་སྟོང་བཅུའི་ལོར་གུས་པས་མིག་མི་འཛུམ་ཟེར་བའི་བརྗོད་དོན་དང་ཆ་མཚུངས་པའི་བསམ་ཚུལ་ཞིག་བྲིས་ཏེ་དུས་བབ་གསར་ཤོག་དང་བསམ་ཚུལ་ལེ་ཚན་དུ་བཀོད་པ་ཡིན། སྐབས དེར་སྤྱི་ཚོགས་ནང་མི་མང་པོས་གཞུང་ལ་ཁ་གཏོང་གི་འདུག་ཟེར། ཡིན་ནའང་གནད་ཡོད་ཁག་ཅིག་གིས་དེ་དོན་གྱི་རྒྱབ་ལྗོངས་ལ་མོས་མཐུན་ཡོད་པ་ནང་མོལ་གྱི་ཚུལ་དུ་བརྗོད་ཀྱི་འདུག དེ་དྲ་ཐག་འདི་སྣོན་དང་ཀློག་ཐུབ།
    https://tibettimes.net/wordpress/news.php?cat=5&id=3474&&cp=1

    རྒྱ་ནག་གི་གཞུང་རིམ་བྱུང་ནས་ང་ཚོ་བོད་དང་བོད་མིར་སྡུག་པོ་གང་འདྲ་བཏང་ཡོད་པ་དང་། བོད་མིས་བཙན་རྒོལ་གང་འདྲ་རིམ་པར་བྱས་ཡོད་པ། ད་ལྟ་རྒྱ་ནག་གཞུང་གིས་བོད་རྩ་མེད་གཏོང་ཐབས་ཇི་ལྟར་བྱེད་ཀྱི་ཡོད་པ་སོགས་ཕྱོགས་ཡོངས་ནས་སློབ་དགོས་པ་ཞིག་རེད། མདོར་ན་ཕ་ཡི་ལོ་རྒྱུས་བུ་ཡིས་མ་ཤེས་ན། བུ་དེ་དགྲ་གཉེན་ངོ་མི་ཤེས་མཁན་ཞིག་ཆགས་ཀྱི་རེད་བསམ་གྱི

    Reply
  8. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    མིག་མི་འཛུམ་ལགས།
    གནས་ལུགས་དང་རྒྱུ་མཚན་ཡང་དག་ལྡན་པའི་རྩོམ་ཡིག་འདིར་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
    སྲོག་ལན་སྲོག་གིས་འཇལ་དགོས་པ་དེ་མི་རྗེ་ཀུན་ལ་བདག་པ་ཞིག་རེད་ལ་བཟང་པོར་བཟང་ལན་དང་ངན་པར་ངན་ལན་བསློག་རྒྱུ་དེ་ཡང་ལམ་ལུགས་ཀུན་དང་མཐུན་པ་ཞིག་རེད།
    བྱས་ཙང་དགོད་བྲོ་བ་དང་ངུ་བྲོ་བའི་ཁ་སྟོང་ནང་གི་ཚིག་སྟོང་དང་ཚིག་སྟོང་ནང་གི་དོན་སྟོང་གི་རྣམ་འགྱུར་ཡ་མ་བརླ་ཅན་འདུ་ཤེས་ཡ་མ་བརླ་ཅན་གྱི་ལམ་ལུགས་དེར་ང་ཡང་སྔ་ས་ས་ནས་ཐད་པ་མེད་ལ་གཏིང་ནས་ཞེ་མེར་བརྒྱབས་བསྡད་ཡོད།
    དེ་ཚོའི་རིགས་དེ་བོད་མི་རིགས་ཀྱི་མི་འབོར་ཕལ་ཆེ་བ་ཞིང་འབྲོག་གཉིས་ཀྱི་ལམ་ལུགས་འོག་འཚོ་བསྡད་ཡོད་པ་ཤེས་ཀྱི་མེད་པ་རེད་ལ། ཞིང་པས་ཞིང་རྨོ་འདེབས་དང་འབྲོག་པས་ཕྱུགས་ཟོག་གཉོར་སྐྱོངས་དང་བཀོལ་སྤྱོད་བྱེད་སྟངས་རྩ་བ་ནས་ཤེས་ཀྱི་མེད་པ་རེད། ཁོ་ཚོས་ཤེས་པ་དང་མཐོང་བ་ནི་ཆོས་རྫུ་འཁྲབ་སྟངས་དང་། མ་ཡིན་ཡིན་མདོག་བྱེད་སྟངས། བསྟེར་རྒྱུ་སྣ་གཅིག་མེད་ཀྱང་གཏོང་འཕོད་ཅན་དང་སྦྱིན་པའི་ཕར་ཕྱིན་གྱི་ལམ་ལ་འཇུག་གི་ཡོད་རབས། ཨ་སྒོར་དང་ཡུ་སྒོར་ལ་རྔམས་ནས་ནུབ་ཕྱོགས་ཁག་གི་མགོ་སེར་ཚོར་གསང་སྔགས་ཁྲོམ་བསྒྲགས་དང་བོད་མི་རིགས་ཀྱི་མི་དམངས་ལ་གནང་མྱོང་མེད་པའི་གདམ་ངག་ཆར་པ་འབེབས་འབེབས་ཡིན་ཡང་། ད་དུང་ལོག་འཚོས་འཚོ་རྒྱུ་མེད་རབས་དང་འདོད་ཆུང་ཕྱོགས་ཤེས་དགོས་རབས། བོད་རྒྱ་ཆེའི་མི་དམངས་དམྱལ་བ་མི་ཡུལ་འཕོས་འདྲའི་དཀའ་སྡུག་མྱང་དང་མྱོང་བཞིན་ཡོད་ཀྱང་འཚོར་བ་ལུང་མ་བསྟན་དང་འདུ་ཤེས་ཡ་མ་བརླ་དེས་དགྲ་གཉེན་གྱི་དབྱེ་བ་མེད་རབས་དང་བདག་གཞན་མཉམ་བརྗེས་ཀྱིས་རྟོགས་པ་མངོན་དུ་སོང་ཡོད་རབས་སོགས་ཀྱིས་བོད་མི་རིགས་འདི་དབུགས་ཆད་གྲབས་ཡོད་ཀྱང་མྱུར་སྐྱོབས་ཀྱི་ཐབས་ལ་མི་འབད་པར་ལྷ་ཆོས་རིང་ལུགས་ཀྱི་ལྟ་གྲུབ་དང་མ་འགལ་ན་འགྲིགས་པ་རེད་དོ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མིག་མི་འཛུམ་ལགས་ཀྱི་དམར་གསོད་ཀྱི་ཚགས་ཡིག་གི་ཡི་འབྲུ་རེ་རེ་ནས་ལེགས་བཤད་དུ་མཐོང་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese