དེ་རིང་དགོང་དྲོ་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་པའི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་ཅིག་གནང་སོང་།
དེ་རིང་དགོང་དྲོ་ཆུ་ཚོད་ ༤ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ལྟར། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྲི་ཞུ་བ་རྣམས། བཞུགས་སྒར་ཁུལ་གྱི་སེར་མོ་བ་དང་མང་ཚོགས་བཅས་མི་མང་སྟོང་ཕྲག་ལྷག་འདུ་འཛོམས་གནང་སྟེ། ཉེ་ཆར་གསར་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པའི་བློ་བཟང་དགེ་འདུན་དང་གཟུངས་འདུས་སྐྱབས། དཀོན་མཆོག་སྐྱབས་གསུམ་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཞིག་གནང་ཡོད།
བསྔོ་སྨོན་མཆོད་འབུལ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། “ རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱིས་ཞལ་ཆེམས་ནང་། བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་དང་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་མི་ཚང་མས་དེ་ལྟར་གནང་བ་ཡིན་ན་ང་ཚོའི་རྩ་དོན་འགྲུབ་རྒྱུ་རེད་ཅེས་གསུངས་ཡོད་པ་ལྟར། ང་ཚོས་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་དེ་བོད་ནང་གི་བོད་མི་ཚོས་རེ་བ་བྱེད་ཀྱིན་ཡོད་པ་རེད། དེ་གཞིར་བཟུང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མས་ངེས་པར་དུ་ཐུགས་ལ་ཉར་རྒྱུ་དང་ལག་ལེན་བསྟར་རྒྱུ་གལ་ཆེན་པ་ཞེ་དྲགས་རེད།” ཅེས་གསུངས་བྱུང་།
དེ་བཞིན། སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༣ ནི་གདུང་སེམས་མཉམ་སྐྱེད་ཀྱི་ལོ་ཡིན་ཅེས་བརྗོད་ཡོད་པ་ལྟར། བཀའ་སྤྱི་གཉིས་ཀྱི་ངོས་ནས་ལས་འགུལ་རིམ་པས་གནང་འཆར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་ནེའུ་ཡོག་ཏུ་བོད་མི་འདུ་འཛོམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྒོ་ཁར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་སུའང་བོད་མི་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།
གསར་འགོད་པ། ཚེ་རིང་རྒྱལ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་ཟེར་བ་དེ་འདྲ་ཨེ་ཡིན་ནམ།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཞེས་པ་མ་རེད་དམ།
ལས་བྱེད་སྲུ་ཞུ་བ་རྣམས་ཟེར་དོན་ནི་ལས་བྱེད་སྲི་ཞུ་བ་རྣམས་རེད།
སྲུ་དང་སྲི་ནི་དབྱངས་ཨི་དང་ཨུའི་དཀའ་ངལ་རེད། མཐར་གཏུགས་ན་ངག་ནས་གང་ཐོན་ཡིག་ཐོག་ཏུ་སླེབས་པའི་དཀའ་ངལ་རེད།