སྤྲོ་ཚིགས་ཆོས་གྲགས།
བདུན་ཕྲག་སྔོན་མར་ཕྲན་གྱིས་ཨ་རིའི་བརྙན་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་ནང་། སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོའི་སྐོར་གླེང་མོལ་བྱས་པ་ཡིན། སྐབས་དེར་ཁ་པར་བརྒྱུད་དྲི་བ་གཏོང་མཁན་ཞིག་གིས། མིག་སྔར་བོད་ནང་འབྱུང་བཞིན་པའི་རང་བསྲེགས་ངོ་རྒོལ་ཐད། ཡང་སྙིང་༸རྒྱལ་བ་རིན་པོ་ཆེས་རང་བསྲེགས་ངོ་རྒོལ་གྱིས་ཞེས་གསུངས་ཀྱི་ཡོད་དམ། ཡང་ན་མཚམས་འཇོག་གྱིས་གསུངས་ཀྱི་ཡོད་པ་རེད་ཅེས་གནད་འགག་ཅན་གྱི་དྲི་བ་ཞིག་བཏོན་བྱུང་། ཀུན་གླེང་ལེ་ཚན་གྱི་དྲི་བ་དྲིས་ལན་གྱི་ཚུ་ཚོད་ལ་ཚད་བཀག་ནན་པོ་ཡོད་སྟབས། སྐབས་དེར་རང་གི་བསམ་ཚུལ་ཆ་ཚང་ཞིང་གནད་ལ་ཁེལ་བ་ཞིག་ཞུ་མ་ཐུབ་པས་འདིར་རང་གི་ལྟ་ཚུལ་ཁག་ཅིག་བརྗོད་འདོད་བྱུང་།
སྤྱིར་༸རྒྱལ་བ་རིན་པོ་ཆེས་རང་བསྲེགས་ཐོག་དགོངས་ཚུལ་གསུངས་མེད་པ་མིན་ལ། སྔ་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་ཁོང་གིས་བྷི་བྷི་སི་(BBC)གསར་ཁང་གི་བཅར་འདྲི་ཞིག་ལ་བཀའ་ལན་གནང་སྐབས། རང་བསྲེགས་གནས་ཚུལ་ཐོས་སྐབས་ངོས་རང་བློ་ཕམ་བྱུང་ཞིང་ཡིད་སེམས་སྐྱོ། འདི་ལྟ་བུའི་ངོ་རྒོལ་བྱེད་ཐབས་ལ་སྐུལ་འདེད་ནམ་ཡང་བྱེད་ཀྱི་མེད། རྒྱུ་མཚན་ནི་ད་ལྟའི་རྒྱ་གཞུང་གི་བཙན་དབང་འོག་བྱེད་ཐབས་འདི་ལ་ནུས་པ་ཐོན་རྒྱུ་ཐེ་ཚོམ་རེད་ཅེས་གསུངས་འདུག དེ་རྗེས་ཡང་གསར་ལམ་ཁག་ཅིག་ཏུ་དེ་མཚུངས་ཀྱི་དགོངས་ཚུལ་ཐེངས་ཁ་ཤས་གསུངས་ཡོད། འོན་ཀྱང་ད་ཕན་ཡོངས་ཁྱབ་གསུང་འཕྲིན་ལྟ་བུའི་ཐོག་ནས་བོད་ནང་ལ་རང་བསྲེགས་སྐོར་འདི་བགྱིས་དེ་མིན་གྱི་བཀའ་སློབ་བམ་འབོད་སྐུལ་གནང་མེད་པ་ནི། གནང་འདོད་མེད་པ་མིན་པར་གནང་བདེ་མེད་པས་མ་གནང་བ་ཡིན་པ་བདག་གིས་སྙམ།
ད་ཕན་བོད་ཆོལ་ཁ་གསུམ་གྱི་ས་ཁོངས་ནས་བོད་མི་དགུ་བཅུ་ལྷག་གིས་རྒྱ་དམར་གཞུང་དང་དེའི་སྲིད་བྱུས་ལ་ངོ་རྒོལ་ཆེད་དུ་རང་བསྲེགས་བྱས་ཡོད་ཅིང་། དེ་ནི་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་གྱི་རིམ་པ་མཐོ་ཤོས་ཤིག་དང་། བོད་མིའི་རྒྱལ་གཅེས་སྙིང་སྟོབས་གཅིག་སྡུད་དུ་མཚོན་པ་ཞིག་རེད། འགྲོ་བ་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནང་རང་སྲོག་བློས་གཏོང་བྱེད་མཁན་མང་པོ་ཞིག་བྱུང་ཡོད་ཀྱང་། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག་དུས་ཐུང་ནང་བོད་མི་དེ་ཙམ་གྱིས་རང་བསྲེགས་ངོ་རྒོལ་བྱུང་དོན་ཅི་ཡིན་ནམ། བོད་མི་རང་བསྲེགས་ངོ་རྒོལ་པ་ཚོས་རྒྱ་མི་རིགས་ལ་འཁོན་སེམས་བཅངས་མེད་ལ། ཁོ་ཚོའི་ཞལ་ཆེམས་དང་འབོད་ཚིག་ལས་མཐོང་ཐུབ་པ་ནི། བོད་ཀྱི་གནད་དོན་སེལ་ཏེ་འཛམ་གླིང་ཞི་བདེ་འབྱུང་བ་དང་། བོད་མིའི་ཆབ་སྲིད་རྩ་དོན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་གནད་དོན། ༸རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་རྒྱུ་བཅས་ལ་དམིགས་ཏེ་རང་བསྲེགས་ངོ་རྒོལ་བྱས་ཡོད་པ་དེ་རེད།
ཁོང་ཚོས་ལས་འགུལ་བྱེད་ཐབས་དེ་ཡང་། ཉིས་སྟོང་བརྒྱད་ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱས་ནས་བཟུང་། བོད་མི་ཞི་རྒོལ་བར་དྲག་གནོན་དམར་གསོད་དང་བཙོན་འཇུག་གཅར་རྡུང་བྱས་པའི་སྡུག་བསྔལ་དེ་གཞིས་ལུས་བོད་མིའི་སེམས་སུ་ད་དུང་དྲོད་མ་ཡལ་བར་ཡོད་ཅིང་། ཁོ་ཚོས་ཞི་བའི་སྐད་འབོད་སོགས་རྣམ་པ་གཞན་བརྒྱུད་ནས་རང་གི་མངོན་འདོད་བཏོན་ན། རྒྱ་དམར་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གསོན་པ་ལས་ཤི་ན་དགའ་བ་ཞིག་མྱོང་རྒྱུ་ཡིན་པ་ཚང་མའི་སེམས་སུ་གསལ་བོ་ཡིན་པས་ན། རང་བསྲེགས་ངོ་རྒོལ་གནང་མཁན་དག་གིས་རྒྱ་དམར་གྱི་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་བསྔལ་མྱོང་རྒྱུ་ལས་རང་བསྲེགས་བྱེད་རྒྱུ་བདམས་པ་རེད།
དེས་ན་༸གོང་ས་མཆོག་གི་ངོས་ནས། རང་བསྲེགས་ངོ་རྒོལ་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་གནང་ན། དེ་དང་ཆབས་ཅིག་རང་བསྲེགས་གནང་མཁན་གཙོས་གཞིས་ལུས་བོད་མི་རྣམས་ལ། རྒྱ་དམར་གཞུང་གིས་བོད་ནང་དྲག་གནོན་འཇིགས་སྐུལ་གྱིས་དམ་དྲག་བསྒྱུར་བཅོས་སམ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་འདོད་ཡོད་པའི་རེ་བ་གསར་པ་ཞིག་གནང་དགོས་པ་དང་། དེ་ནི་གདེང་ཚོད་ཆོད་པའི་འགན་ཁག་རང་བཞིན་ཅན་གྱི་ཞལ་བཞེས་ཞིག་ཡིན་པས། འདས་པའི་མི་ལོ་སུམ་ཅུའི་རིང་ལྷག་བསམ་རྣམ་དག་གིས་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་གཉིས་སྨན་གྱི་དགོངས་བཞེས་གནང་སྟེ་སྐུ་ངལ་འཛད་མེད་བསྐྱོན་པ་ལ། པེ་ཅིང་གཞུང་གིས་དོན་ཕན་ལྡན་པའི་བརྡ་ལན་གང་ཡང་སྤྲད་མེད་པའི་ཉམས་མྱོང་ལ་བསམ་ན། མིག་སྔའི་ཆར་དེ་ལྟ་བུའི་རེ་བ་གསར་བ་ཞིག་འབྱུང་རྒྱུ་ཧ་ཅང་ཁག་པོ་རེད་སྙམ།
ཕར་ཕྱོགས་རྒྱ་དམར་གཞུང་གི་ངོས་ནས། བོད་མིའི་རང་བསྲེགས་ངོ་རྒོལ་གྱི་འབྱུང་རྐྱེན་ངོ་མ་ནི་བོད་ནང་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་མེད་གཏོང་པའི་གདུག་རྩུབ་ཀྱི་སྲིད་བྱུས་ལ་ཐུག་ཡོད་པ་ཤེས་བཞིན་དུ། “དངོས་ཐོག་བདེན་འཚོལ་” བྱེད་རྒྱུ་ཕར་ཞོག རང་ཉེས་གཞན་ལ་གཡོགས་ཏེ་རང་བསྲེགས་དོན་རྐྱེན་གྱི་འབྱུང་རྩ་ནི་༼ཏཱ་ལའི་རུ་ཚོགས་༽ཀྱི་བརྒྱུད་བསྐུལ་ལས་བྱུང་བ་རེད་ཟེར་གྱི་ཡོད། དེ་ནི་བདེན་ཐུབ་ཀྱི་རང་བཞིན་ཅི་ཡང་མེད་པའི་གཞི་མེད་སྐུར་འདེབས་ཤིག་ཡིན་པས། དོན་དངོས་ཤེས་རྟོགས་ཀྱི་གོ་སྐབས་མེད་པའི་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་འགའ་ཞིག་ལ་མགོ་སྐོར་གཏོང་ཐུབ་པ་ཙམ་ལས། རང་དབང་ལུང་པའི་མི་ཞིག་གིས་ཡིད་རྟོན་བྱ་མི་སྲིད་པའི་ཉེས་འགེལ་ཞིག་ལོས་ཡིན། འོན་ཀྱང་མངོན་སུམ་ལ་བསྙོན་པའི་གླེང་ཕྱོགས་འདི་ལྟ་བུའི་ཁོར་ཡུག་འོག གལ་ཏེ་༸རྒྱལ་བ་རིན་པོ་ཆེས་རང་བསྲེགས་ངོ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཚེ། རང་བསྲེགས་མཚམས་འཇོག་ཐུབ་མིན་ལ་མ་ལྟོས་པར། རྒྱ་དམར་གཞུང་གིས་ད་ཕན་བོད་མི་ཚོས་རང་འགུལ་ངང་རང་བསྲེགས་ངོ་རྒོལ་བྱས་པ་དག་ཁོང་གིས་བརྒྱུད་བསྐུལ་གནང་པའི་རྒྱུ་མཚན་དུ་བགྲང་མི་སྲིད་པ་མིན།
ཡང་གནད་དོན་གཞན་ཞིག་ནི། ད་ཕན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་དེ་དག་ལ་གདེང་འཇོག་ཇི་ལྟར་བྱ་རྒྱུ་དེ་རེད། གལ་ཏེ་༸རྒྱལ་བ་རིན་པོ་ཆེས་རྒྱལ་གཅེས་དཔའ་པོ་དེ་དག་གི་སྙིང་སྟོབས་ཙམ་མ་ཟད་གནང་སྟངས་ལ་ཡང་བསྔགས་བརྗོད་གནང་ན། གཞིས་ལུས་བོད་མི་བརྒྱ་སྟོང་མང་པོས་མུ་མཐུད་རང་བསྲེགས་ངོ་རྒོལ་བྱ་མི་སྲིད་པ་མིན་ལ། ཡང་ཁོང་གིས་རང་བསྲེགས་ངོ་རྒོལ་ཡག་པོ་མིན་ཚུལ་གསུངས་ན། ད་ཕན་འདས་གྲོངས་སུ་གྱུར་པ་དང་། དེ་དག་གི་ཕ་མ་སྤུན་མཆེད་སོགས་ལ་སྙིང་དུམ་བུར་གས་པ་ལྟ་བུའི་སྡུག་བསྔལ་འབྱུང་རྒྱུ་ཡིན། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་ཁོང་གིས་”དེང་སྐབས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་འབྱུང་བཞིན་པ་དེ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་དེ་དག་སྨྱོ་རྫས་ཀྱིས་བཟི་བ་དང་། བཟའ་ཚང་གི་རྙོག་གྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་བསྲེགས་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་གཞུང་གི་དམ་བསྒྲགས་འོག་དུས་རྟག་ཏུ་འཇིགས་སྣང་དངངས་སྐྲག་ངང་གནས་བཞིན་ཡོད།”ཅེས་གསར་འགོད་པར་བཀའ་ལན་གནང་ཡོད། འདིས་ཀྱང་༸རྒྱལ་བ་རིན་པོ་ཆེས་རང་སྲེག་ངོ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་རྒྱུར་མཛད་དཀའ་ཡོད་པ་ཀུན་གྱིས་རྟོགས་ཐུབ།
ད་དུང་བསམ་གཞིགས་གཏིང་ཟབ་བཏང་ན། གལ་སྲིད་༸རྒྱལ་བ་རིན་པོ་ཆེས་རང་སྲེག་ངོ་རྒོལ་མཚམས་འཇོག་གྱིས་ཞེས་འབོད་སྐུལ་གནང་བ་ཡིན་ན། གནད་དོན་གྱི་ངོ་བོ་དང་རྒྱབ་ལྗོངས་ལ་རྒྱུས་ལོན་མི་དགོས་པར་ཕྱི་ཚུལ་ཙམ་ལ་བལྟས་ནས་ཚིག་ཐག་གཅོད་མཁན་རང་རིགས་མཁས་མིང་འཛིན་པ་འགས་ཀྱང་། སྲིད་གཞུང་དང་མི་སྒེར་འདི་དང་དེས་གནོན་ཤུགས་ལ་བརྟེན་ནས་དེ་ལྟར་གསུངས་དགོས་ཆགས་ཚུལ་གྱི་རྒོལ་གཏམ་གཏོང་ངེས་ཤིང་། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ཁྲོད་རྩོད་གླེང་རྣོ་ངར་ཅན་འབྱུང་བ་དང་དགོས་མེད་ཀྱི་འགན་ཟླ་ཐོལ་བ་ཞིག་ལྷགས་ན། ཐུགས་རེ་བཞིན་གྲུབ་འབྲས་མི་ཐོན་པ་བློ་ཕམ་གྱི་རང་བཞིན་དུ་འགྱུར་སྲིད།
གོང་སྨོས་རྒྱུ་མཚན་དེ་དག་ལས། ༸རྒྱལ་བ་རིན་པོ་ཆེས་རང་སྲེག་ངོ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་རྒྱུར་ཕྱོགས་མང་པོ་ནས་མཛད་དཀའ་ཡོད་པ་མཐོང་ཞིང་། མཛད་དཀའ་དེ་ཡང་༸རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དོན་མིན་པར་བོད་དོན་འཐབ་རྩོད་ཀྱི་གླེང་ཕྱོགས་ཀྱི་གནད་དོན་ལ་ཐུག་ཡོད་པ་དེ་རེད། དེ་བས་གཞིས་བྱེས་བོད་མི་ཚོས་ཚོར་སྣང་རྐྱེན་པའི་ཆབ་སྲིད་ཀྱི་ལས་འགུལ་འདི་རིགས་རང་ངོས་ནས་ཁ་ལོ་བསྒྱུར་པ་དང་ཚོད་འཛིན་ཐུབ་པ་དགོས་རྒྱུ་ལས། སྔར་ལམ་ལྟར་འགག་ལ་ཐུག་ཚེ་ལག་པ་འཕྱི་ས་ལྟ་བུར་༸རྒྱལ་བ་རིན་པོ་ཆེར་ཞུ་ནན་བྱས་ཏེ་མཛད་དཀའ་སྤྲོད་རྒྱུ་ནི་འོས་འཚམ་ཞིག་ཏུ་མ་མཐོང་། སྤྱིར་ཡང་ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་དབུ་ཁྲིད་ལ་རྩིས་སྤྲོད་གནང་ཚར་བ་མ་ཡིན་ནམ།
༸རྒྱལ་བ་རིན་པོ་ཆེས་ང་བཙན་འོག་དུ་ཡོད་པའི་བོད་མི་ས་ཡ་དྲུག་གི་རང་དབང་གི་མགྲིན་ཚབ་པ་ཡིན་ཞེས་བརྗོད་བཞིན་ཡོད་པ་ལས། ནམ་ཡང་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་ཡིན་ཞེས་ལབ་ཀྱི་མེད་ཅེས་གསུངས་པ་ལྟར། ཁོང་གི་མཚན་སྙན་དང་མཛད་འཕྲིན་བརྒྱུད་དེ། བོད་མིའི་བདེ་སྡུག་གི་གནས་བབ་འཛམ་གླིང་ཡོངས་སུ་ངོ་སྤྲོད་ར་སྤྲགས་སུ་ལས་ཀྱང་ལྷག་པ་ཞིག་གནང་དང་གནང་མུས་ཡིན་པ་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན་པ་བསྙོན་དུ་མེད།
མདོར་ན་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་ན་ཡང་། ཁོང་ད་དུང་རང་ཅག་ཁ་བ་གངས་རིའི་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དང་། བོད་མིའི་བླ་ན་མེད་པའི་མགོན་སྐྱབས་ཡིན་སྟབས། སྡུག་བསྔལ་གྱིས་མནར་བའི་རི་བོ་གངས་ཅན་པ་རྣམས་ལ་བླ་དོར་འཇུག་ལྡོག་གི་བཀའ་སློབ་མུ་མཐུད་གནང་རྒྱུར་ང་ཚོས་བློ་དོགས་བྱ་དགོས་མ་མཆིས་ཤིང་། ཆོས་སྲིད་ལུགས་གཉིས་ཀྱི་བློ་མིག་མཁའ་ལྟར་ཡངས་པས། ཕྱི་ནང་གསང་གསུམ་དང་དགག་བྱ་དགོས་པ་སོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ལམ་སྟོན་གནང་རྒྱུར་གདོན་ཟ་མི་དགོས་སོ།།
ྋགོང་ས་མཆོག་གིས་ཨན་སྦི་སི་གསར་ཁང་ལ་བོད་ནང་བྱུང་བཞིན་པའི་རང་ལུས་མེར་བསྲེག་སྐོར་བཀའ་ལན་གནང་བ།
དྷ་ས། འབའ་པ་ཡེ་ཤེས།
ཟླ་འདིའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨ་རི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་སྒྱུར་གནང་སྐབས་ཨ་རིའི་རྒྱལ་ཡོངས་གསར་འགྱུར་ཁང་ NBC གི་གསར་འགོད་པ་ཨན་ཀ་རི་ནས་ྋགོང་ས་མཆོག་ལ་བོད་མིའི་རང་བསྲེག་སྐོར་བཅར་འདྲི་ཞུས་ཡོད་པ་དང༌། བཅར་འདྲིའི་བཀའ་ལན་དེ་འདི་ཟླའི་ཚེས་༡༡ ཉིན་དེ་གའི་གསར་ཁང་ནས་ཐད་གཏོང་བྱས་ཡོད་འདུག
ཨན་ཀ་རི། འདས་པའི་ལོ་གསུམ་གྱི་ནང་བོད་མི་དྲུག་ཅུ་ལྷག་ཙམ་གྱིས་ཆོས་དད་རང་དབང་དང༌། སྐད་ཡིག་རང་དབང་དགོས་པའི་འབོད་སྒྲའི་འོག་རང་ལུས་མེར་བསྲེག་བཏང་ཡོད། འོན་ཀྱང༌། ཁོང་རྣམ་པའི་བློས་གཏོང་དེས་རྒྱ་ནག་ནང་འགྱུར་བ་གང་ཡང་བཟོ་ཐུབ་མེད། ཁོང་ཚོས་བློས་གཏོང་བྱས་པ་དོན་མེད་དུ་ཕྱིན་པ་རེད་དམ།
ྋགོང་ས་མཆོག ཐབས་ལམ་འདི་རིགས་ནི་བཟང་ངན་གྱི་མཐའ་གང་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཁག་པོ་ཞིག་རེད། བོད་མིའི་ཐོག་འཛིན་པའི་རྒྱ་ནག་གི་སྲིད་ཇུས་ཐད་ལ་ཁོང་ཚོས་ཞི་བའི་ཐོག་ལས་འགུལ་སྤེལ་གྱི་ཡོད་པ་རེད།
ཨ་ཀ་རི། ཉིན་མ་གཉིས་ཀྱི་གོང་ལ་བོད་མི་ལོ་གཞོན་ཞིག་གིས་རང་བསྲེག་བྱས་ཏེ་ཞལ་ཆེམས་ཤིག་བཞག་ཡོད་ལ། ཞལ་ཆེམས་དེའི་ནང་ཁོང་གིས། “ང་ཚོས་འདས་ཟིན་པའི་གནས་སྟངས་ལ་ཕྱིར་འདང་ཞིག་བརྒྱབ་ན་ང་ཚོ་ལ་ཐོབ་པ་ནི་ཕམ་ཁ་དང༌། ཁོང་ཁྲོ། སེམས་ངལ། མིག་ཆུ་བཅས་ཁོ་ན་ཡིན་པ་ལས་དེ་ལས་གཞན་པའི་གནས་ཚུལ་ཞིག་མཐོང་མི་ཐུབ” ཅེས་བརྗོད་ཡོད། རྒྱུ་མཚན་ཅིའི་ཕྱིར་སྐུ་ཉིད་ཀྱི་མི་མང་ནས་ཚོར་བ་ཡོད་པའི་བཀའ་མོལ་འདི་རིགས་སྒྲོག་གིན་ཡོད། སྐུ་ཉིད་ནས་ཁོང་ཚོས་ཐག་གཅོད་བྱས་པའི་རང་ལུས་མེར་བསྲེག་གི་ལས་ལ་འགུལ་རྒྱབ་སྐྱོར་གནང་གི་ཡོད་དམ། ཡང་ན། སྐུ་ཉིད་ཀྱིས་ཁོང་ཚོའི་རང་བསྲེག་ལས་འགུལ་དེ་མཚམས་འཇོག་ཡོང་རྒྱུ་ཐུགས་འདོད་གནང་གི་ཡོད།
ྋགོང་ས་མཆོག ངོས་ནས་དུས་རྟག་ཏུ་རང་ཉིད་བོད་མིའི་རང་དབང་གི་མགྲིན་ཚབ་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་ཁོང་ཚོའི་དཔོན་པོ་ཞིག་ཡིན་པ་སེམས་ཀྱི་མེད། ངོས་ཀྱི་དཔོན་པོ་དངོས་གནས་ནི་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་པོ་དེ་རྣམས་ཡིན། ངོས་རང་རང་དབང་ལུང་པའི་ནང་སྡོད་ཡོད་ཅིང༌། ཕྲན་བུ་གུ་ཡངས་པོ་ཡོད་མོད། ཁོང་ཚོ་ནི་དེ་ལས་ལྡོག་སྟེ་འ་ཆད་འུ་ཐུག་གི་གནས་སྟངས་ནང་ལྷུང་ཡོད་སྟབས། ཁོང་ཚོས་དེ་ལྟར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་ནང་པའི་ཆོས་དང་མི་མང་གི་བདེ་སྡུག་ལ་བསམ་བློ་བཏང་སྟེ་ལྷག་བསམ་རྣམ་དག་གིས་ཚེ་སྲོག་ཚུན་ཆད་བློས་བཏང་བྱས་པ་དེ་ནང་པ་ཞིག་དང་ཆོས་ལུགས་པ་ཞིག་གི་ངོས་ནས་བལྟས་ན་བཟང་ཆ་ (Positive) ཞིག་ཏུ་ངོས་འཛིན་བྱེད་དགོས་པ་རེད། འོན་ཀྱང༌། བྱ་སྤྱོད་འདི་རིགས་ཁོང་ཁྲོ་དང་ཞེ་སྡང་རྐྱང་པའི་ཐོག་བྱས་པ་ཞིག་ཡིན་ཚེ་དེ་ནི་ནོར་བ་རེད། དེ་འདྲ་སོང་ཙང༌། བཟང་ངན་གྱི་ཐག་གཅོད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང༌། སེམས་སྐྱོ་པོ་ཞེ་དྲག་འདུག ཧ་ཅང་སེམས་སྐྱོ་པོ་འདུག
ཨན་ཀ་རི། ལོ་རྒྱུས་ཀྱི་བརྒྱུད་རིམ་ནང༌། དབང་ཤུགས་ཆེ་བ་ཡོད་མཁན་ཚོས་དབང་ཤུགས་ཆུང་བ་རྣམས་ལ་གཉའ་གནོན་བྱས་པ་དེ་འདྲ་ཡོད་པ་དང༌། སྐབས་འགར་དབང་ཤུགས་ཆུང་བས་དེ་ལ་ཁ་གཏད་ཀྱིས་གདོང་ལེན་བྱེད་ཀྱི་ཡོད།
ྋགོང་ས་མཆོག ང་ཚོའི་འཐབ་རྩོད་ནི་བདེན་པའི་སྟོབས་ཤུགས་དང་མེ་མདའི་སྟོབས་ཤུགས་དབར་གྱི་འཐབ་རྩོད་ཅིག་རེད། སྐབས་འཕྲལ་མེ་མདའི་སྟོབས་ཤུགས་དེ་ཆེ་བ་ཡོད་ཀྱང༌། ཕུགས་རྒྱང་རིང་པོའི་ནང་ལ་བདེན་པའི་སྟོབས་ཤུགས་ནི་མེ་མདའི་སྟོབས་ཤུགས་ལས་ཀྱང་ནུས་པ་ཆེ་བ་ཡོད། འདི་ནི་ངོས་ཀྱི་གཞི་རྩའི་ཡིད་ཆེས་བྱེད་སྟངས་ཤིག་ཡིན། ངོས་ནས་ཨ་རིའི་དམག་དོན་སྟོབས་ཤུགས་དང༌། རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཀྱི་ཐད་ནས་བསྔགས་བརྗོད་བྱེད་ཀྱི་མེད། ངོས་ཀྱིས་ཨ་རིར་བསྔགས་བརྗོད་བྱེད་ས་དངོས་ནི་ཀུན་སྤྱོད་ཀྱི་སློབ་གསོ་དང༌། དམངས་གཙོ། རང་དབང༌། འདོད་མོསབཅས་ཡིན། དེ་ཚོ་ནི་ཨ་རིའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ངོ་མ་དེ་རེད།
ཨན་ཀ་རི། བོད་ཀྱི་ས་ཁུལ་ཁག་གི་ནང་བྱུང་བཞིན་པའི་རང་ལུས་མེར་བསྲེག་གི་ལས་འགུལ་དེ་བོད་མི་རྣམས་ཀྱིས་ག་དུས་བར་དུ་བྱེད་དགོས་ཀྱི་རེད་བསམ་ཀྱི་ཡོད།
ྋགོང་ས་མཆོག བོད་མི་ས་ཡ་དྲུག་དང་བོད་མི་རྣམ་ག་ཚོད་གནས་པ་དེ་སྲིད་དུ་བོད་མིའི་འཐབ་རྩོད་མུ་མཐུད་ནས་སྡོད་ཀྱི་རེད། འདས་པའི་མི་ལོ་དྲུག་ཅུའི་ནང་ལ་དཔྱད་ཞིབ་བྱོས་དང༌། རྒྱ་ནག་ནང་དུའང་འགྱུར་བ་ཕྱིན་ཡོད། འབྱུང་འགྱུར་ལོ་དྲུག་ཅུའི་ནང་ངོས་ནས་བསམ་ན་འགྱུར་བ་མང་པོ་ཞིག་མཐོང་ཐུབ་ངེས་ཡིན། འཛམ་བུ་གླིང་གི་འགྱུར་འགྲོས་དེ་ནི་དམངས་གཙོ་དང༌། གུ་ཡངས། རང་དབང་བཅས་ཀྱི་ཕྱོགས་སུ་ཁ་སྒྱུར་བཞིན་ཡོད། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཇི་ལྟར་སྟོབས་ཤུགས་ཆེ་ཡང་ཕྱིར་ལོག་བྱེད་ས་མེད། འཛམ་བུ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་ངེས་པར་དུ་མདུན་སྐྱོད་བྱེད་དགོས་པ་རེད། གཞི་རྩའི་འགྲོ་བ་མིའི་འདོད་མོས་ནི་སྐྱེས་དུས་ནས་རང་ཆས་སུ་ཡོད་པ་དང༌། དེ་ནི་འགྲོ་བ་མི་ཡོད་དོ་ཅོག་ལ་རང་དབང་བྱེད་རྒྱུའི་ཐོབ་ཐང་ཡོད་ལ། ཐོབ་ཐང་དེ་ནམ་ཡང་དྲག་ཤུགས་ཀྱིས་འགོག་ཐུབ་ཀྱི་མེད། མཐར་ཐུག་ན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་དང༌། དམངས་གཙོའི་སྒྲིག་འཛུགས་ལྡན་པ། དེ་དང་མཉམ་དུ་སྨྲ་བརྗོད་རང་དབང་ཡོད་པ་ཞིག་ཏུ་བསྒྱུར་དགོས། རྒྱ་ནག་མི་སེར་དུང་ཕྱུར་གཅིག་དང་གྲངས་ཆུང་གསུམ་ཡོད་པ་ཚང་མ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད། ཁོང་ཚོས་དངོས་ཡོད་གནས་ཚུལ་ཤེས་རྗེས་ཀྱང་ཁོང་ཚོ་ལ་བཟང་ངན་གྱི་རྣམ་དབྱེ་འབྱེད་རྒྱུའི་ཐོབ་ཐང་ཡང་ཡོད་པ་རེད། དེ་འདྲ་སོང་ཙང༌། རྒྱ་ནག་གཞུང་གིས་ཁོང་རང་ཚོའི་མི་སེར་ལ་བཀག་སྡོམ་བྱེད་པ་ནམ་ཡང་ཀུན་སྤྱོད་དང་མི་མཐུན་པ་ཞིག་རེད།
ཨན་ཀ་རི། སྐུ་ཉིད་ནས་འཛམ་གླིང་གི་དབུ་ཁྲི་རྣམས་ལ་སེམས་འགུལ་ཐེབས་ཐུབ་རྒྱུའི་བཀའ་མོལ་གནང་ཐུབ་ཀྱི་ཡོད། གལ་སྲིད་སྐུ་ཉིད་ནས་བོད་མི་མང་ལ་གསུང་རྒྱུ་ཞིག་ཡོད་པ་ཡིན་ན་གང་ཞིག་གསུང་གནང་གི་ཡིན།
ྋགོང་ས་མཆོག ཚིག་གཅིག་རང་ཡིན། དེ་ནི་རང་དབང་རེད། རང་དབང་ཆ་ཚང་ཞིག་དང༌། ཆོས་དང༌། རིག་གཞུང༌། ཤེས་རིག་ཚུད་པའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པ་དེ་ཡིན། བདེ་སྲུང་དང༌། ཕྱི་འབྲེལ་གྱི་གནད་དོན་རྒྱ་ནག་དབུས་གཞུང་ལ་ཡོད་དགོས།
ཨན་ཀ་རི། ཟླ་རྗེས་མའི་ནང་ལ་རྒྱ་ནག་ནང་འགྱུར་བ་ཡོང་གི་ཡོད། རྒྱ་ནག་གི་འགོ་ཁྲིད་གསར་པ་སྐུ་ཞབས་ཞི་ཅིན་ཕིན་ཡོང་རྒྱུ་གཏན་འཁེལ་ཡོད་པས་སྐུ་ཉིད་ནས་རེ་བ་ག་ཚོད་ཀྱི་གནང་གི་ཡོད་དམ།
ྋགོང་ས་མཆོག དེ་ནི་ལབ་རྒྱུ་ཁག་པོ་རེད། ངོས་ནས་ཚོད་དཔག་གི་སྐད་ཆ་ཤོད་རྒྱུའི་འདོད་པ་མེད། ཟླ་བ་དྲུག་དང༌། ལོ་གཅིག ལོ་གཉིས་བཅས་སྒུག་དགོས། དེ་རྗེས་ང་ཚོས་གསལ་པོ་མཐོང་ཐུབ་ཀྱི་རེད།
གོང་གསལ་བཀའ་ལན་དེ་ནི་དབྱིན་ཡིག་ཐོག་དེ་གའི་གསར་ཁང་དང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་འགོད་འབུལ་ཞུས་འདུག་པས་མ་ཡིག་ལ་རྩ་འཛིན་དགོས་ཚེ་དེ་གཉིས་ལ་གཟིགས་ཞིབ་ཡོད་པར་ཞུ།
རང་བསྲེགས་ཞི་བའི་ངོ་རྒོལ་འདི་བྱུང་བ་ནས་བཟུང་། བོད་མི་ཡོངས་ལ་ཚོར་སྣང་ཡོད་པ་གཅིག་མཚུངས་སུ་ཁས་ལེན་བྱས་ན་འོས་ཤིང་འཚམ་མོད། འོན་ཀྱང་ཕྱི་ཕྱོགས་ཀྱི་བོད་རིགས་ཁག་ཅིག་ཚོར་བ་གློ་བུར་བས་བཟི་སྟེ་རང་བསྲེགས་དོན་རྐྱེན་རེ་བྱུང་སྐབས་རང་གི་རེ་ལྟོས་བྱེད་སའི་བོད་གཞུང་དང་དེའི་སྲིད་སྐྱོང་བ། དེ་བཞིན་མི་མང་གི་འཐུས་ཚབ་སྤྱི་འཐུས་ཚོགས་གཙོ་མཆོག་གི་དབུས་བཀུར་འོས་སྤྱི་འཐུས་ཁག་ལ་རྒོལ་ལན་སློག་རྒྱུ་ལས། ཡེ་རྡོར་སོགས་ཀྱི་རྩོམ་ཡིག་རྫུན་བསྒྲིགས་དག་ལ་ལན་རེ་ཨེ་ཐོབ་ཀྱི་ཕྱོགས་སུ་ནམ་ཡང་འབད་མྱོང་མེད། ལྷག་པར་རེ་ཟུང་གིས་༸གོང་ས་མཆོག་གིས་བཀའ་ཕེབས་ཏེ་མཚམས་འཇོག་བྱེད་རོགས་གསུངས་དགོས་པ་ལྟ་བུའི་བསམ་འཆར་དང་། ཁག་ཅིག་གིས་༸གོང་ས་མཆོག་ལ་དེ་འདྲའི་ནུས་པ་ཡོད་མེད་སོགས་ཀྱང་གླེང་བ་རེད། དེ་ལས་ཀྱང་དགོད་སྤྲོ་བ་ཞིག་ལ་རང་དབང་ལུང་བ་ནས་བསྡད་དེ་ཕྱིར་བོད་ནང་གི་རང་བསྲེགས་སོགས་ལ་བཀོད་འདོམས་བྱེད་མཁན་ནམ་རང་བསྲེགས་མ་གཏོང་ཟེར་མཁན་གྱི་བླ་མ་འབོད་པ་ཁག་ཅིག་དང་རྩོམ་པ་པོར་རློམ་པ་རེ་ཟུང་སྨྱོ་ལ་ཁད་བྱེད་ཀྱིན་པ་འདི་རེད། སྤྲོ་ཚིགས་ཆོས་གྲགས་ཀྱིས་༼ ཁོང་ཚོས་ལས་འགུལ་བྱེད་ཐབས་དེ་ཡང་། ཉིས་སྟོང་བརྒྱད་ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱས་ནས་བཟུང་། བོད་མི་ཞི་རྒོལ་བར་དྲག་གནོན་དམར་གསོད་དང་བཙོན་འཇུག་གཅར་རྡུང་བྱས་པའི་སྡུག་བསྔལ་དེ་གཞིས་ལུས་བོད་མིའི་སེམས་སུ་ད་དུང་དྲོད་མ་ཡལ་བར་ཡོད་ཅིང་། ཁོ་ཚོས་ཞི་བའི་སྐད་འབོད་སོགས་རྣམ་པ་གཞན་བརྒྱུད་ནས་རང་གི་མངོན་འདོད་བཏོན་ན། རྒྱ་དམར་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གསོན་པ་ལས་ཤི་ན་དགའ་བ་ཞིག་མྱོང་རྒྱུ་ཡིན་པ་ཚང་མའི་སེམས་སུ་གསལ་བོ་ཡིན་པས་ན། རང་བསྲེགས་ངོ་རྒོལ་གནང་མཁན་དག་གིས་རྒྱ་དམར་གྱི་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་བསྔལ་མྱོང་རྒྱུ་ལས་རང་བསྲེགས་བྱེད་རྒྱུ་བདམས་པ་རེད།༽འདི་ནི་ངོས་འཛིན་གནང་སྟངས་ཧ་ལས་པའི་ལེགས་པོ་རེད།
མདོར་དྲིལ་ན། ༸གོང་ས་མཆོག་གིས་ཐད་ནས་ག་རེ་གནང་དགོས་མིན་དེ་སྤྲོ་ཚིགས་ཆོས་གྲགས་ཀྱིས་གླེང་བ་འདི་ནི། ད་ལྟའི་དུས་ཀྱི་དྲ་འབུ་ཚོ་ལ་དུས་ཐོག་ཆར་བ་རང་དུ་སོང་། རྩོམ་ཡིག་མཐོ་རྒྱག་དམའ་རྒྱག་མེད་པ་དང་། ལྷག་པར་ཡིག་ནོར་དང་དོན་ནོར་གྱིས་དབེན་ཞིང་བརྗོད་གཞི་མ་འཐོར་བར་གླེང་བའི་རྩོམ་ཡིག་ཕུལ་དུ་བྱུང་བ་ཞིག་ཏུ་ཚོར།
ད་དུང་དྲ་ལམ་ན་རྒྱུན་དུ་གཞན་ལ་ཚོགས་གཏམ་རྐྱང་རྐྱང་གཏོང་མཁན་གྱི་འཇམ་གཅེས་སོགས་ཀྱི་བློ་ཡང་ཚུར་འགུགས་ཐུབ་པ་རྩོམ་ཡིག་འདིའི་ཁྱད་ཆོས་ཤིག་ཏུ་སེམས།
མཐར་རྩོམ་པ་མཆོག་ལ་གུས་ཞབས་སྔོན་བཏང་གིས་ད་དུང་འདི་ལྟ་བུའི་ཁ་ཚ་དགོས་གཏུགས་ཀྱི་རྩོམ་ཡིག་བསྟུད་མར་སྤེལ་བའི་འབོད་སྐུལ་ཞུ་ཞུ། གྲོགས་ཀྱི་མིང་འཛིན་པ་ཨ་རིག་དགེ་མཐོང་ངམ་ཨ་ཚེ་འབར་གྱིས་ཀཱ་ཤཱིའི་གྲོང་འབོད་པའི་གནས་མཆོག་ནས།
རྒྱལ་བ་རིན་པོ་ཆེས་གསུང་ཕྱོགས་ལ་མཛད་དཀའ་ཡོད་པ་དེ་གསལ་པོ་རེད། དེ་ཁྱོད་རང་གིས་བཤད་པ་བཞིན་རེད། ད་ལྟ་ང་ཚོའི་མིག་མདུན་གྱི་དྲི་བ་དངོས་ནི་ད་ལྟའི་རང་ལུས་མེར་སྲེག་འདིས་མཚོན་ད་བར་ཉུང་མཐར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལས་བརྒལ་བའི་ཚེ་སྲོག་དེ་བོད་དོན་གྱི་ཆེད་དུ་ཤོར་བ་རེད། ང་ཚོས་ཚེ་སྲོག་གི་རིན་ཐང་ལ་དབྱེ་བ་ནམ་ཡང་ཕྱེ་རྒྱུ་མེད་ལ། ཚེ་སྲོག་ཤོར་བ་ཕྱི་མ་དེ་ཚོ་གླེང་དུས་སྔ་མ་དེ་ཚོའི་ཚེ་སྲོག་ཤོར་བ་དེ་ཡང་མཉམ་གླེང་བྱེད་དགོས་པ་གལ་ཆེན་ཆགས་ཡོད། གནད་དོན་འདིའི་ཐད་བཙན་བྱོལ་བོད་གཞུང་མང་གིས་ག་རེ་བྱེད་དགོས་རེད་ཟེར་ཡོང་དུས་ངེས་པར་ཚེ་སྲོག་འདི་དག་གིས་འབོད་སྒྲ་ག་རེ་བསྒྲགས་ཡོད་པ་དེ་ལ་ཕྱིར་བལྟ་བྱེད་དགོས་རེད། དེ་ལ་ཚེ་སྲོག་ཤོར་བ་འདི་དག་གི་འབོད་སྒྲ་གླེང་ནི། བོད་བསྟན་སྲིད་གཉིས་ལ་རང་བཙན་ནམ། བོད་བསྟན་སྲིད་གཉིས་ལ་རང་དབང་དགོས་ཟེར་བའི་འབོད་ཚིག་དེ་གླེང་ཡོད་པ་རེད། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པའི་དེང་གི་འབོད་སྒྲ་དང་། ༡༩༥༩ ལོར་༧གོང་ས་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་སྐྱེལ་ཞུས་པ་འདི་གཉིས་ཀ་ཡང་བོད་རང་བཙན་དང་བོད་རང་དབང་གི་ཆེད་དུ་རེད། དེ་མ་གཏོགས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་པའི་འབོད་སྒྲ་དེ་ཁོང་སྐུ་སྒེར་གྱི་གནད་དོན་དང་འབྲེལ་བའི་འབོད་ཚིག་ཞིག་མ་རེད། དེར་བརྟེན་བོད་མིས་ ༡༩༤༩ ནས་ད་བར་ཚེ་སྲོག་གིས་འབོད་བཞིན་པའི་འབོད་སྒྲ་དེ་ཇི་ལྟར་བསྒྲུབ་དགོས་མིན་དེ་དྲི་བ་ཞིག་ཏུ་གྱུར་ཡོད་པ་རེད། དེ་ལ་ང་ཚོས་ཚེ་སྲོག་གི་འབོད་སྒྲ་འདི་དག་མངོན་འགྱུར་ཡོང་ཆེད་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་བབ་སྟེགས་བསྒྲུབ་བྱ་དེ་གཞུང་གིས་སྲིད་བྱུས་གང་འདྲ་ཞིག་ལ་ཁོང་ཚོའི་མངོན་འདོད་དུ་ངོས་བཟུང་ཡོད་པ་དེ་རེད། ད་བར་ཁོང་ཚོའི་མངོན་འདོད་དུ་ངོས་བཟུང་བ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་གནས་བབ་ཟེར་བ་ཞིག་གླེང་བཞིན་པ་དེ་རེད། ལངས་ཕྱོགས་འདི་བརྒྱུད་ནས་བོད་ལ་རང་བཙན་དང་རང་དབང་ཐོབ་ལུགས་མེད་པ་གསལ་པོ་ཡིན་པས་ཚང་མས་གནད་དོན་འདིའི་ཐོག་ངེས་པར་བགྲོ་གླེང་གནང་དགོས་པ་འདུག་སྙམ།
དེ་སྔར་བོད་པའི་དྲ་ལམ་ཐོག་གནས་ཚུལ་འདིའི་སྐོར་དཔྱད་རྩོམ་སྤེལ་མཁན་མང་དག་ཞིག་འདུག་རུང་། གནད་ལ་སྨིན་པའི་དཔྱད་བརྗོད་འདི་གཅིག་པོ་རེད་ཞེས་སྐད་ཤུགས་ཆེན་པོའི་སྒོ་ནས་བརྗོད་ཕོད། ད་དུང་འདི་འདྲ་གང་མང་སྤེལ་རོགས། ཡ་མཚན་ཞིག་ལ་དྲ་ནང་དུ་གནས་ལུགས་རྒྱུ་མཚན་ལྡན་པའི་བཀའ་མོལ་གནང་མཁན་ནི་ཉིན་མོའི་སྐར་མ་བཞིན་རེད་ཟེར་ན་ཡང་མི་འགྲིག་པ་གང་ཡང་མི་འདུག །མང་ཆེ་བས་ཕྱོགས་རིས་དང་ནང་ཁུལ་དཀྲུགས་ཤིང་། དེ་བཞིན་རང་གཞུང་དང་གཞུང་གིས་དབུ་ཁྲིད་དག་ལ་རྒྱ་གཞུང་གིས་་བསྐྱོན་བརྗོད་བཟོ་བ་ལྟ་བུར་བཟོ་མཁན་ནི་གངྒའི་བྱེ་མ་བཞིན་མང་། འགན་ཁུར་མེད་སྟོང་གཏམ་ནི་ས་གཞིའི་སྡུལ་ཕྲན་ལས་མང་། གཡོ་ཁུག་གཞན་མགོ་རྨོངས་ཐབས་ནི་དེ་མཚུངས་བཞིན་མང་།
བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་པ། རིག་ལམ་སློབ་གཉེར་ཁང་གི་དགེ་རྒན་དང་རྩོམ་པ་པོ་སྤྲོ་ཚིགས་ཆོས་ལགས་ཐུགས་རྗེ་ཆེ་ཞུ།
གང་ཡིན་ཟེར་ན།
ངོས་འཛིན་གཏིང་ཟབ་ཅིག་བཏོན་འདུག
གོ་བ་ཆེན་པོ་ཞིག་བསྐྱེད་སོང་།
དཔྱད་གཞི་ཡངས་པོ་ཞིག་བཟུང་འདུག
མུ་མཐུད་ནས་གནད་འགག་ཅན་གྱི་རྩོམ་ཡིག་འདིའི་རིགས་སྤེལ་རོགས་ཞུ།
ཕྱི་ནང་གསང་གསུམ་དང་དགག་བྱ་དགོས་པ་སོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ལམ་སྟོན་གནང་རྒྱུར་གདོན་ཟ་མི་དགོས་སོ།།
ཆོས་གྲགས་ལགས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། ཧཧཧཧ།