མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སྲས་འུ་དུམ་བཙན་གྱི་རྒྱལ་དོན་བསམ་བློ་ལ་གདེང་འཇོག

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

རང་རེའི་ཡིག་ཚང་རྙིང་ཤོས་སྦ་བཞེད་དང་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་སོགས་སུ་གླང་དར་མའི་ཐུགས་ལ་གདོན་གསོལ་བས་བསྟན་པ་བསྣུབས་པར་བཤད་ལ། རྒྱ་བོད་ཡིག་ཚང་སོགས་དེབ་ཐེར་ཁ་ཤས་སུ་ནུ་བོར་རྒྱལ་ས་གཏད་པས་མ་དགའ་བར་བསྟན་པ་བསྣུབས་པར་གསུངས་ཡོད། ཡང་ལྡེའུའི་ཆོས་འབྱུང་སོགས་སུ་སྲིན་པོའི་སྐྱེ་བ་ཡིན་པ་དང་སྨོན་ལམ་ལོག་པའི་དབང་གིས་ཡིན་པར་ཡང་གསུངས་ཡོད། དོན་དམ་པས་ལོ་རྒྱུས་ཀྱི་ལྟ་སྟངས་དེ་སྒྱུ་རྩལ་རྩོམ་རིག་ནང་བཞིན་མིའི་སེམས་ཁམས་དང་བསྟུན་ཏེ། དཔེར་ན་མི་རིགས་ཤིག་གི་དད་མོས་དང་དགའ་ཕྱོགས་སོགས་མདོར་ན་སེམས་ཁམས་ཀྱི་མཛེས་དཔྱོད་ཁོ་ནས་བརྗོད་འོས་པ་ཞིག་གཏན་ནས་མིན་པར་སེམས། དེའི་སྟབས་ཀྱིས་བདག་གིས་བསམ་ན་ཞེན་ཁོག་གི་བསམ་བློ་དོར་ནས་ལོ་རྒྱུས་ཀྱི་དངོས་ཡོད་ལ་གདེང་འཇོག་བྱ་རྒྱུ་གལ་ཆེ་བར་མཐོང༌།

ད་ཡོད་ཀྱི་རྒྱལ་རབས་དེབ་ཐེར་དག་གི་རྙིང་ཤོས་ཤིག་ནི་སྦ་བཞེད་ཡིན་ལ། དེའི་ཕྱིས་ཀྱི་རྒྱལ་རབས་དེབ་ཐེར་དག་ཏུ་ཁ་གཅིག་གྲགས་ཀྱིས་བདུད་དུ་བལྟ་བ་ཁོ་ན་ལས་ལྷ་སྲས་འུ་དུམ་བཙན་གྱི་བསམ་བློའི་རྒྱབ་ལྗོངས་ལ་བཟང་ཕྱོགས་ནས་ལྟ་མཁན་གཅིག་ཀྱང་བྱུང་མེད་ཅེས་བརྗོད་ཆོག གོང་དུ་ཡིག་ཆ་ཁག་གི་ལྟ་སྟངས་ཙམ་པོ་འདིས་རྒྱལ་རབས་ཤིག་མཇུག་རྫོགས་པ་དང་རྒྱལ་རྒྱུད་ཅིག་གཏིང་ནས་ཆད་པར་བཤད་ན། ཕྱིས་འབྱུང་གི་ལོ་རྒྱུས་སྨྲ་བ་དག་དང་ལྷག་པར་དུ་ཚན་རིག་གི་ངོས་ནས་ལྟ་མཁན་དག་གིས་ཁས་ལེན་བྱེད་དཀའ་བ་ཞིག་ཏུ་མཐོང༌། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྔར་བྱུང་གི་རྒྱལ་རབས་ཆོས་འབྱུང་ཚང་མ་ཆོས་ལུགས་པས་བརྩམས་པ་ཡིན་སྟབས། བཙན་པོ་ཁོང་གི་བསམ་བློའི་རྨང་གཞི་ཡོངས་སུ་རྫོགས་པ་མ་རབས་ཞེ་གཅིག་ཏུ་བསྒྱུར་ཡོད།

དེ་ལྟ་བུའི་ཕྱོགས་ཞེན་གྱི་ལྟ་བས་ཁྱབ་པའི་རང་རེའི་ཡིག་ཚང་གི་ཁྲོད་དུ་བཙན་པོ་ཁོང་ལ་དཀར་འདོན་བྱེད་མཁན་ཡང་རེ་གཉིས་བྱུང་ཡང༌། དེ་དག་ཀྱང་བོན་གྱི་ལྟ་བ་འཛིན་མཁན་དང་དེའི་རྗེས་འབྲངས་པར་ངོས་འཛིན་པ་དང་བཙན་པོ་ཁོང་ལའང་བོན་གྱི་འདུ་ཤེས་གཏིང་ཟབ་པའི་ངན་ཁག་དཀྲིས་ཏེ་བན་བོན་གྱི་རྩོད་པའི་ཕྱོགས་སུ་འཁྱོག་ཡོད། མདོ་དོན་ལྷ་སྲས་འུ་དུམ་བཙན་ནི་བན་བོན་གྱི་ལྟ་བ་གང་ཡང་འཛིན་མཁན་ཞིག་མིན་པར་ཆོས་ཀྱི་རྩ་བ་སྙིང་ལ་ཟུག་པའི་རང་རེའི་སྐབས་དེའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་འབངས་མི་སེར་དག་གིས་འཇིག་རྟེན་གྱི་དབང་དུ་བྱས་པའི་ལས་དོན་ཡོད་ཚད་དོར་ནས་ཆོས་དང་ཆོས་བྱེད་པར་འབད་པས་ཕྱོགས་མང་བོ་ཞིག་ནས་བཙན་པོའི་རྒྱལ་ཁམས་དེ་ཉམ་ རྒུད་དུ་འགྲོ་བར་བློ་མ་བདེ་བ་ཞིག་ཡིན་པ་བདེ་བླག་ཏུ་རྟོགས་ནུས།

སྔོན་བཙན་པོ་གོང་མ་རྣམས་ཀྱི་སྐུ་རིང་ལ་བོད་རྒྱལ་ཁབ་ནི་དམག་ཤུགས་དང་རྒྱུ་ཤུགས་གང་ཐད་ནས་གཞན་དག་སྤ་གོང་བར་བྱེད་ས་ཞིག་ཡིན་ནའང་། ཕྱིས་སུ་ཁྲི་རལ་བ་ཅན་གྱི་དུས་ནས་བཟུང་གྲྭ་བ་དང་ཆོས་བྱེད་མཁན་ལ་དམིགས་བསལ་ཆ་ཚང་ཞིག་སྤྲད་པ་ནས་རྒྱལ་བོའི་ཀོར་མཛོད་ལ་ཉམས་རྒུད་དང་གྲྭ་བ་རྣམས་དམག་ཁྲལ་དང་རྒྱལ་བོར་ཞིང་ཁྲལ་མི་དགོས་པའི་ཁར། མང་ཚོགས་ཀྱི་ལག་ནས་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་གི་འཚོ་བ་ལ་ལོངས་སུ་སྤྱོད་པ་ཡིན་དུས་ཕོ་ལྟེ་ཐོགས་མང་ཤོས་གྲྭ་བ་བྱེད་པར་ཕྱོགས་ནས་མཐའ་བཞི་སྲུང་མཁན་དང་ནང་གི་དམག་ཤུགས་ཚང་མར་དོ་ཕོག་ཆེན་པོ་བྱུང་ནས་ལྷ་སྲས་འུ་དུམ་བཙན་གྱི་སེམས་ནས་མ་བཟོད་པ་ཞིག་ཡིན་པ་གསལ་བོར་མཐོང་ཐུབ། (མ་གཞི་དེའི་ཡར་སྔོན་གྱི་མི་གྲངས་ནི་དེང་སང་ལས་རྦད་དེ་མང་བ་ཡོད་པར་བཞེད་མཁན་ཡང་ཁག་ཅིག་ཡོད)

མཚམས་འདི་ནས་ངས་སྐོར་ནས་བཤད་པའི་ངལ་བ་མ་བྱས་པར་ཁ་ཐུག་གིས་བརྗོད་ན། ཡང་དག་པའི་སངས་རྒྱས་ཀྱི་ཆོས་ལུགས་འདི་བོད་དུ་དར་བ་ནས་ཡང་མ་དག་པའི་ཆག་སྒོ་ཆེན་པོ་ཞིག་བོད་ཀྱི་མགོ་ལ་བསྟུད་མར་བྱུང་ཡོད། བཙན་པོ་འུ་དུམ་བཙན་ཆོས་ལ་མི་དགའ་མཁན་ཞིག་དང་བདུད་དུ་མཐོང་ནས་བོད་མི་རང་གིས་སྐུ་བཀྲོངས་རྗེས། བོད་རྒྱལ་ཁབ་དེ་སིལ་བུར་འཐོར་བ་རེད། དེའི་རྗེས་ནས་བོད་སིལ་བུའི་དུས་རིམ་ཞེས་བོད་ཁ་འཐོར་གྱི་འཚོ་བའང་དུས་ཚོད་གང་འཚམ་ཞིག་རིང་བསྐྱལ་དགོས་བྱུང་བ་དང་། དེའི་རིང་ལ་འཇིག་རྒྱུ་ཡོད་ཚད་འཇིག་པ་དང་གཏོར་རྒྱུ་ཡོད་ཚད་འཐོར་ནས་སྔ་མའི་བཙན་པོའི་རྒྱལ་ཁབ་སྟོབས་ལྡན་དེ་སློག་ཧྲུལ་ཐེད་པོ་ཞིག་དང་མཚུངས་པར་གྱུར་བ་རེད། ཡིན་ནའང་ག་ལེར་ཡུལ་ལུང་རེ་ནས་དཔོན་ཕྲན་རེ་བྱུང་བ་དང་། དཔོན་ཕྲན་རེ་ནས་མང་ཚོགས་རེ་དབང་དུ་བསྡུས་ཏེ་གཅིག་གིས་གཅིག་ལ་གཡུལ་བཤམས་པ་དང་གཉའ་གནོན་བྱེད་རེས་བྱ་རྒྱུའི་མགོ་ཚུགས་པ་རེད།

ངས་གཤམ་དུ་ཆོས་ལུགས་ཀྱི་མིང་ཐོག་ནས་བོད་ནང་ཁུལ་ནས་སྲིད་དབང་འཕྲོག་རེས་ཅི་བྱུང་གི་སྐོར་གྱི་ལོ་ཚིགས་སྐོར་ཞིག་སྟབས་བདེའི་སྒོ་ནས་ངོ་སྤྲོད་ཅིག་བྱས་ན་འདི་ལྟར། ས་སྐྱ་བས་བོད་ལ་དབང་བསྒྱུར་བྱས་པའི་ལོ་ནི་༡༢༥༣___༡༣༥༣ བར་ཏེ་ལོ་ངོ་བརྒྱ་དང་བཅུ་མེད་གཅིག་དང་། ཡང་ས་སྐྱ་བའི་གདུང་རྒྱུད་ནང་ཁུལ་དང་དཔོན་རིགས་ནང་ཁུལ་ཕན་ཚུན་མི་མཐུན་པའི་ འགལ་ཟླའི་གོ་སྐབས་དང་བསྟུན་ནས་ཕག་གྲུ་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་སྲིད་དབང་ཕྲོགས་ཏེ་བོད་ཡོངས་ལ་དབང་བསྒྱུར་བའི་ལོ་ནི་ ༡༣༥༤___༡༤༣༥ བར་ཏེ་ལོ་ངོ་གྱ་གཉིས་ཡིན། དེ་ནས་ཕག་གྲུ་སྡེ་སྲིད་ཀྱི་གདུང་བརྒྱུད་ནང་ཁུལ་མི་མཐུན་པའི་འགལ་བ་བྱུང་བའི་གོ་སྐབས་དང་བསྟུན་ནས་རིན་སྤུངས་རྫོང་དཔོན་ནོར་བུ་བཟང་བོས་གཙང་ཁུལ་གྱི་སྲིད་དབང་ཕྲོགས་ཏེ་རིམ་བཞིན་བོད་ཡོངས་ལ་དབང་བསྒྱུར་བའི་ལོ་ནི་༡༤༣༥___༡༦༡༢ བར་ཏེ་ལོ་ངོ་བརྒྱ་དང་བདུན་ཅུ་དོན་བརྒྱད་ཡིན། ཡང་རིན་སྤུངས་པའི་བློན་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རིན་སྤུངས་པར་ངོ་ལོག་ བྱས་ཏེ་གཙང་ཁུལ་གྱི་སྲིད་དབང་ཕྲོགས་ཏེ་རིམ་བཞིན་བོད་ཡོངས་ལ་དབང་བསྒྱུར་བའི་ལོ་ནི་ ༡༦༡༣___༡༦༤༡ བར་ཏེ་ལོ་ངོ་ཉི་ཤུ་རྩ་དགུ་ཡིན། ཡང་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་བ་རྒྱལ་བོའི་སྲིད་དབང་ཕྲོགས་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཏེ་བོད་ས་ཡོངས་ལ་དབང་བསྒྱུར་བའི་ལོ་ནི་ ༡༦༤༢___༡༩༥༨ བར་ཏེ་ལོ་ངོ་སུམ་བརྒྱ་ལྔ་ཅུ་ཡིན། (གོང་གི་ལོ་ཚིགས་དང་དུས་ཚོད་ནི་དུང་དཀར་རིན་པོ་ཆེའི་བཞེད་པ་གཞིར་བཞག་པ་ཡིན)

དེ་ལྟར་མདོར་བསྡུས་ཏེ་བཤད་ན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་རག་བར་དུ་བོད་མི་ཚོས་ནང་ཁུལ་གྱི་འགལ་བ་སྟེ་ཆོས་ལུགས་ཀྱི་ལྟ་བའི་རྩོད་གཞི་ཁོ་ན་གཞིར་བཞག་སྟེ་སྲིད་དབང་འཕྲོག་རེས་བྱས་ནས་གསེར་ལྟ་བུའི་དུས་ཚོད་འཕྲོ་ལྷག་ཏུ་བཏང་ཡོད། ངས་གོང་དུ་བཤད་པའི་ལྷ་སྲས་འུ་དུམ་བཙན་གྱིས་ཀྱང་དེ་འདྲའི་འགལ་བ་ཞིག་ཡོང་ངེས་ པ་མ་འོངས་མངོན་གཟིགས་ཀྱིས་ཆོས་ལུགས་པ་རྩ་མེད་བཟོས་པ་ལོས་ཡིན། དེ་ལྟར་གོང་གི་བོད་ཀྱི་བཙན་པོ་མཐའ་མ་ལྷ་སྲས་འུ་དུམ་བཙན་ནས་བཟུང་བོད་སིལ་བུའི་སྐབས། དེའི་རྗེས་ཀྱི་ས་ཕག་རིན་གཙང་ནས་དགའ་ལྡན་ཕོ་བྲང་ལ་ཐུག་གི་བར་ཆོས་ལུགས་ཀྱི་ཉོག་དྲ་ཁོ་ནས་བོད་མི་རིགས་ཀྱིས་འཚོ་བ་བསྐྱལ་ནས་ཡོང་བ་ཞིག་ཡིན་པ་ལག་མཐིལ་གྱི་རི་མོ་བཞིན་གསལ་བོ་ཡིན་པས། ངས་བཙན་པོ་ལྷ་སྲས་འུ་དུམ་བཙན་ལ་གདེང་འཇོག་བྱ་རྒྱུ་ཡོད་པར་བརྗོད་པའང་དེ་ཡིན།

ད་ནི་བོད་མི་རིགས་གཉིད་ལས་སད་པའི་དུས་ཚོད་ཅིག་རེད་བསམ་བྱུང་ལ། ༸གོང་ས་མཆོག་གི་དགོངས་གཞི་ལྟར་བསྟན་པ་དང་སྟོན་པ་གཅིག་པའི་ཆོས་གྲོགས་ཚོས་གཅིག་གིས་གཅིག་གི་སེམས་ལ་རྨ་ཁ་བཟོ་རྒྱུ་མཚམས་བཞག་ནས་ཕར་ཕྱོགས་དགྲ་བོའི་སྟེང་ལ་རྣམ་དཔྱོད་ཀྱི་རྩ་ལག་ཐམས་ཅད་བཀོལ་བའི་དུས་ཚོད་ལ་སླེབས་ཡོད། ཡིན་ནའང་སྐབས་འདི་འདྲ་ལ་ད་དུང་རང་རེའི་སྤྱི་ཚོགས་འདིས་བྱང་ཆུབ་སེམས་མཆོག་མ་བཏོན་ནས་ཉི་མ་རེ་རེ་བཞིན་བྱང་ཆུབ་ཀྱི་སེམས་ཁོ་ན་སྒོམ་ནས་སྡོད་པ་འདི་ཡང་ཆོས་ལུགས་ཀྱིས་བསླུ་བྲིད་མ་རེད་དམ། དགེ་བ་ཁོ་ན་ལས་སྡིག་པ་མི་དགོས་པའི་མི་རིགས་ཤིག་གི་མགོ་བོ་དེ་དུས་ནམ་ཡང་མགྱོགས་མི་ཐུབ་པས་ན། ད་ནི་ཡག་ཉེས་གང་ཡིན་རང་ཐག་རང་གིས་གཅོད་པའི་དུས་ཚོད་ཉག་ཅིག་ཏུ་སེམས་སོ།།

༢༠༡༢ ༡༢ ༥ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 18

  1. མྱི་ནག་ཚང་། says:
    ལོ་ 13 སྔོན།

    ལོ་རྒྱུས་སྟེང་འུ་དུམ་བཙན་པོ་དཀར་འདོན་གནང་སྔ་ཤོས་ཀྱི་མཁས་པ་ཞིག་གི་གསུང་དུ།

    ༼་་་་་་་ སྡེ་སྲིད་གཙང་བ་ནི་དེབ་ཐེར་དཔྱིད་རྒྱལ་དུ་ལོ་རྒྱུས་རྒྱས་པ་མི་འདུག་ཅིང་ཤོག་འཕྲེང་བཞི་ལྔ་ཙམ་ཞིག་ལའང་བདུད་རིགས་ཡིན་པའི་སྒྲུབ་བྱེད་ལུང་དངབཅས་གསུངས་མོད། དེ་ལྟར་ནའང་མཐའ་གཅིག་ཏུ་ངེས་བཟུང་དཀའ་སྟེ་རྒྱལ་པོ་གླང་དར་མ་བདུད་རིགས་ལོག་སྨོན་ཅན་དུ་ཡོངས་སུ་གྲགས་པ་ལྟར་ནའང་། བཀའ་གདམས་གླེགས་བམ་སོགས་སུ་མགོན་པོ་ཨ་ཏི་ཤ་ཕེབས་ཤིང་བཀའ་གདམས་གཙང་མའི་བསྟན་པ་དར་བའི་སད་བྱེད་དུ་བྱུང་བས་རང་ག་ཙམ་མིན་པར་གསུངས་པ་ལྟར་འདིར་ཡང་སྔ་དུས་(ཀྱི་)སྡེ་བདག་དྲག་བཙན་རྣམས་རིམ་པས་ཕབ་སྟེ་ཁོ་རང་གཅིག་པོརབསྒྲིལ་་་་་་༽

    དུས་རབས་བཅོ་བརྒྱད་ནས་བཅུ་དགུ་ཙམ་གྱི་རིང་བྱོན་པའི་རག་ར་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་ ༼རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་༽ ཡང་ན། ༼རག་ར་ཆོས་འབྱུང་།༽ ལས་དྲངས།

    འདིར་འདྲེན་དོན་ནི། གོང་གི་ ༼དེའི་ཕྱིས་ཀྱི་རྒྱལ་རབས་དེབ་ཐེར་དག་ཏུ་ཁ་གཅིག་གྲགས་ཀྱིས་བདུད་དུ་བལྟ་བ་ཁོ་ན་ལས་ལྷ་སྲས་འུ་དུམ་བཙན་གྱི་བསམ་བློའི་རྒྱབ་ལྗོངས་ལ་བཟང་ཕྱོགས་ནས་ལྟ་མཁན་གཅིག་ཀྱང་བྱུང་མེད་ཅེས་བརྗོད་ཆོག༽ཅེས་པ་དེར་དཔྱད་གཞི་ཙམ་དུ་ཡིན། ཁ་དྲོ།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    དེང་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་ཆོས་ཚོགས་བཙུགས་ཏེ་ཡོད་པའི་མཁན་པོ་དང་། དགེ་བཤེས། སྔགས་པ་སོགས་མདོར་ན་གཞིས་ལུས་དགོན་སྡེ་ཁག་གིས་རེ་བ་བྱེད་ཡུལ་ཚོས་ཐུགས་དགོངས་ཡག་པོ་བཞེས་དགོས་པ་འདུག་སྙམ་གྱི་འདུག གང་ཡིན་ཟེར་ན། ཁྱེད་རྣམ་པར་དད་པ་དང་དམ་ཚིག་བཅངས་ནས་ཁྱེད་རྣམས་ཀྱི་གཅིན་ཚུན་འཐུང་བ་དང་། ཨ་རི་སྒྲོ་ལོ་དང་ཡུ་རོབ་ཡུ་རོ་སོགས་ཕུལ་རྒྱུ་མེད་ཀྱང་རང་གི་ཚེ་སྲོག་ཚུན་ཁྱེད་རྣམས་ཀྱི་དོན་དུ་གཏོང་ནུས་པའི་གཞིས་ལུས་དགོན་པ་དང་། སྡེ་མི་སེར་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་མིས་སྡུག་སྦྱོང་མྱོང་བཞིན་ཡོད་པ་རེད། ཁྱེད་རྣམས་ནས་བོད་མི་ཞིག་ཡིན་པའི་འགན་ཁུར་འདོད་མེད་པ་སྟེ་ཁྱེད་རྣམས་ཐར་བ་དོན་གཉེར་ཡིན་ཟེར་གྱི་ཡོད་པ་དང་ཡིན་ན་དེས་ཆོག་པས། ཁྱེད་རྣམས་ནས་ཆབ་སྲིད་ཀྱི་བཀའ་མོལ་མ་གནང་ན་ཆོག་ཀྱང་། བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བཞིན་པའི་རྒྱ་མིའི་ལས་དོན་བྱེད་ཕྱོགས་དེ་ལ་དཔག་ནས། འཛམ་གླིང་དང་། རྒྱ་ནག་གཞུང་ལ་ཆོས་ལུགས་རྩ་མེད་གཏོང་བཞིན་པ་མཚམས་འཇོག་དགོས་པ་དེ་བསྟན་པ་དང་རང་གི་གདུལ་བྱའི་དོན་དུ་ག་རེ་བྱས་ནས་གསུང་ཐུབ་ཀྱི་མེད་པ་རེད། དེ་ངེས་པར་གསུང་དགོས་རེད་སྙམ། དེ་གསུང་ཐུབ་ཀྱི་མེད་ན་བསྟན་འགྲོའི་དོན་ཟེར་བ་ཡང་དགོད་བྲོའི་གནས་ལས་ཅང་རིན་ཐང་འདུག་གམ།

    དེ་ནས་བོད་རྒྱལ་འུ་དུམ་བཙན་པོའི་སྐུ་རིང་ལ་དགེ་འདུན་གྱི་སྡེ་བསྣུབས་ཟེར་བའི་ལོ་རྒྱུས་འདི་བདེན་པ་རེད། ཡིན་ནའང་བོད་ཀྱི་གོས་དཀར་ལྕང་ལོ་ཅན་གྱི་སྡེ་བསྣུབས་ཡོད་པ་མ་རེད། ལོ་རྒྱུས་འདིས་ང་ཚོ་ལ་ག་རེ་གསལ་བཤད་བྱེད་ཀྱི་འདུག འདིའི་སྐོར་ཞིབ་ཕྲ་བདུད་འཇོམས་ཆོས་འབྱུང་དུ་གསལ་ཡོད་པ་རེད།

    Reply
  3. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    མིག་མི་འཛུམ་པ་ལགས་སུ། གཞན་པ་བཤད་དགོས་ཡ་མི་འདུག དུམ་ཚན་འདིར་(དེའི་ཕྱིས་ཀྱི་རྒྱལ་རབས་དེབ་ཐེར་དག་ཏུ་ཁ་གཅིག་གྲགས་ཀྱིས་བདུད་དུ་བལྟ་བ་ཁོ་ན་ལས་ལྷ་སྲས་འུ་དུམ་བཙན་གྱི་བསམ་བློའི་རྒྱབ་ལྗོངས་ལ་བཟང་ཕྱོགས་ནས་ལྟ་མཁན་གཅིག་ཀྱང་བྱུང་མེད་ཅེས་བརྗོད་ཆོག )ཟེར་བར་བསྐྱར་དུ་བསམ་བློ་གཏོང་དགོས་པ་འདྲ་ཞིག་འདུག དཔེར་ན། དེབ་ཐེར་དཀར་པོའི་ནང་གླང་དར་སྐོར་ག་འདྲ་བྲིས་འདུག ད་དུང་མཁར་རྨེའུ་བསམ་གཏན་དང་། ཡོན་ཏན་རྒྱ་མཚོ། ཨ་ལགས་དུང་དཀར། སྡེ་རོང་ཚེ་རིང་དོན་གྲུབ་སོགས་ལོ་རྒྱུས་པ་རྣམས་ཀྱི་བཤད་སྟངས་ལ་ཅིག་ཉོན་དང་༌༌༌༌༌

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འདྲེ་བཞུགས་གླང་དར་མ་འུ་དུམ་བཙན་པོ་མ་རེད། ལྷ་སྲས་འུ་དུམ་བཙན་པོ་ཞེས་ལབ་དགོས་ཡོད་ཟེར་འདོད་པ་ཙམ་རེད། ད་ལྟའི་བོད་དོན་ལ་ཅི་ཡང་ཕན་ཐོགས་མེད་པ་ཙམ་མ་ཟད། གནོད་ཚབ་ཆེ་བའི་འགོ་བརྗོད་ཅིག་རེད་དོ། །

    Reply
  5. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ལོ་རྒྱུས་ཀྱི་སྙིང་སྟོབས་བསྐྱར་དྲན་བྱེད་དགོས་པ་ནི། མི་རབས་གསར་བའི་འགན་འཁྲི་ངོ་མ་ཞིག་རེད།
    ད་ལྟའི་ལག་ལེན་གྱི་ཁ་ཕྱོགས་བརྟན་པོ་ཞིག་བསྐྱེད་དགོས་པ་ནི། མི་རབས་གསར་བའི་རྣམ་དཔྱོད་འདོན་ས་ཏག་ཏག་ཅིག་རེད།
    མ་འོངས་པའི་ལམ་ཁ་དང་དེ་རྩོད་སྤྱད་ཀྱི་ཐབས་ལམ་ནོར་མི་ཉན་པ་ནི། མི་རབས་གསར་བའི་མིག་རྒྱང་ལ་རག་ལས་པ་ཞིག་རེད།

    Reply
  6. གནམ་ལྕགས། says:
    ལོ་ 13 སྔོན།

    རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོ་གང་རེད་ཅེ་ན། ཆོས་ཀྱི་མིང་འོག་ནས་སྐབས་འཚོལ་བ་དང་ཆོས་བརྫུ་བ་དག་གིས་ད་བར་དུ་རང་རེའི་རྒྱལ་ཁབ་ཉམས་རྒུད་དུ་བཏང་བ་རེད་ཅེས་པ་དེ་རེད། དེའི་སྟབས་ཀྱིས་དྲ་གྲོགས་དག་གིས་དེའི་ཐད་ནས་ཉ་དང་ཉུང་མ་མ་བསྲེས་རོགས། བསམ་ཚུལ་ཡོད་ཚེ་དགག་ཕྱོགས་དང་ཐད་ཕྱོགས་གཉིས་ཐད་ནས་བརྗོད་རོགས། ད་ལྟའི་དུས་ཚོད་འདི་ནང་ཁུལ་ནས་འཛིང་རེས་བྱས་ནས་འདུག་ཚོད་མིན། ཕན་ཚུན་ལ་ཀུ་ཡངས་སྒོས་བགྲོ་གླེང་གནང་རོགས།

    Reply
  7. བསོད་ནམས་ཚེ་རིང་། says:
    ལོ་ 13 སྔོན།

    མིག་མི་འཛུམ་སྨྱུག་མང་ཅན་པོས་སྔ་ཕྱིར་རྩོམ་ཡིག་བཞི་སྤེལ་སོང་། དམིགས་འབེན་གྱི་རྩེ་མོ་བོད་པའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ཞི་དྲག་གཉིས་འཛོམས་ཡིན་དགོས་ཀྱི་འདུག་ཟེར་བ་དེ་རེད། ད་དུང་ཅུང་དྲག་པོའི་ངོ་བོར་ཤུགས་ཆེ་ཙམ་བསྐྱོད་དགོས་ཀྱི་འདུག་ཟེར་བ་དེ་རེད། རྩོམ་ཡིག་རང་ངོས་ནས་སྐྱོན་གནས་དང་ཞན་ཆ་མང་པོ་འདུག ལེགས་པའི་ཆ་ད་དུང་བཤད་རྒྱུ་མིན། རྩོམ་པ་པོ་ཁོང་གི་བསམ་ཚུལ་ཐོག་ང་ཡང་ཐད་པ་ཡིན། མཐའ་དོན་ད་དུང་མུ་མཐུད་དུ་གནད་དོན་འདི་སྒྱུ་མ་ཕུ་འདེད་གནང་རོགས་ཞུ་རྒྱུ་ཡིན།

    Reply
  8. ཨ་བྱམས། says:
    ལོ་ 13 སྔོན།

    མིག་མི་འཛུམ་པ་ལགས། ཁྱེད་རང་གིས་རྩ་བའི་ཆ་ནས་ཉིན་ཤས་གོང་ནས་དཔྱད་བརྗོད་རྒྱུ་མཚན་ལྡན་པ་ཁག་ཅིག་བསྟུད་མར་འདི་གར་སྤེལ་སོང་པས། སེམས་སྟེང་ནས་བཀའ་དྲིན་ཆེ་ཞུ། འོན་ཀྱང་། ད་ཐེངས་ཀྱི་དཔྱད་བརྗོད་འདི་གཏིང་ཟབ་ས་ཞིག་ནས་གླང་དར་མ་དཀར་འདོན་བྱེད་ཐུབ་མི་འདུག ལྷག་པར་དུ་གླང་དར་མ་བཀྲོངས་པའི་རྗེས་ཀྱི་བོད་ཀྱི་ལོ་རྒྱུས་ཞིབ་ཚགས་ཀྱིས་བལྟས་ན་སྐབས་དེའི་གླང་དར་མས་བཟུང་བའི་སྲིད་ཇུས་དེ་ནི་བོད་ཀྱི་སྤྱི་ཚོགས་ལ་མི་མཚམས་པ་ཞིག་ཡིན་པ་ཤེས་ཡོང་གི་རེད། དེ་ཡིན་དུས་ཁྱེད་རང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གཏིང་རིམ་ནས་མི་རྣམས་ལ་གོ་རྟོགས་ཤིག་སད་འཇུག་འདོད་ཡོད་ན་དཔེ་ཀློག་གི་དུས་ཚོད་མང་ཙམ་གཏོང་དགོས་པར་འདོད།
    ཁྱེད་རང་གི་རྩོམ་ཡིག་འདི་ནི་ཚོར་སྣང་རང་བཞིན་གྱི་རྩོམ་ཡིག་ཅིག་ལས་དཔྱད་པ་གཏིང་ཚུགས་པའི་རྩོམ་ཡིག་ཅིག་མ་རེད།
    དེ་ཡིན་དུས་བསམ་ཚུལ་འདི་ནི་ཁྱེད་རང་ལ་དགག་པ་བརྒྱབ་ཏེ་ལྡོག་ཕྱོགས་སུ་ལངས་འདོད་པ་མ་ཡིན་པར་ཁྱེད་རང་ལ་རེ་སྐུལ་གྱི་ཚུལ་དུ་ད་རུང་ཡིན་ནའང་རྒྱ་ཆེ་ས་ནས་དཔྱད་བརྗོད་སྤེལ་པར་འབོད་སྐུལ་བྱེད་བཞིན་ཡོད།

    Reply
  9. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    མིག་མི་འཛུམ་གྱིས་རྩོམ་ཡིག་འགའ་རེ་འཕྲོ་མ་མཐུད་དུ་སྤེལ་བྱུང་། སྐབས་སྔོན་མ་དག་ཏུ་དྲག་སྤྱོད་སྤེལ་དགོས་ཟེར། ཡང་ད་རེས་ནི་བོད་རྣམས་ཕུང་བ་ཆོས་བྱས་པས་ལན་ཟེར། བོད་ཀྱི་བཙན་པོ་གོང་མ་རྣམས་དང་ལོ་པཎ་རྣམས་ཀྱིས་གསེར་དངུལ་རིན་པོ་ཆེའི་བདོག་པ་དང་། རང་སྲོག་འབེན་དུ་བཞག་ནས་ཆོས་རིག་རིན་ཆེན་ནོར་བུ་གང་གིས་ཀྱང་བསྒྲུན་དུ་མེད་པ་དག མེ་ལྷའི་ཞལ་དང་ཀུན་བཟོད་དང་འདྲེས་སུ་བཅུག་པའི་ཆེས་གདུག་རྩུབ་དང་བླུན་ཞིང་རྨོངས་པའི་དར་མའི་བྱ་སྤྱོད་དག་ཁྱོད་ཀྱིས་ནམ་མཁར་འཕྱར་སོང་། དར་མའི་རྗེས་སུ་ཞུགས་ཤིག བྱམས་སེམས་ཀྱིས་རྒྱུད་བརླན་པའི་མི་རིགས་འདིའི་གཤིས་སྤྱོད་ལ་ནག་རྩི་བྱུག་ཅིག ༸གོང་ས་མཆོག་གཙོ་བོར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཐང་ལ་དྲུས་ཤིག གདན་ས་གསུམ་གཙོ་བོར་གྱུར་པའི་ནང་བསྟན་གྱི་བསྟི་གནས་དག་ཐལ་བར་རློགས་ཤིག བསྟན་པ་འཛིན་པའི་དགེ་བཙུན་དག་གི་སྐེ་ལ་རལ་གྲི་སྣུན་ཅིག ཆོས་ནི་ཆབ་སྲིད་ཀྱི་འགལ་ཟླར་སྒྲོགས་ཤིག རུལ་ཟིན་པའི་དམར་པོའི་ལྟ་སྤྱོད་གངས་ལྗོངས་ས་མཐོ་ན་སྒྲོག་ཅིག ཁྱོད་ཀྱི་ཉེ་འཁོར་ན་ད་དུང་ངར་ཞིང་འདུར་བའི་ཀླད་སྟོང་འགས་ཡི་རང་བྱེད་ཀྱིན་འདུག

    Reply
  10. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    སྒྲོ་སྐུར་གཏམ་གྱི་འུར་སྒྲས་གནམ་ས་བཀང་ཞིང་།།
    གྱེན་ལོག་གྲིབ་མ་ནག་པོས་སྙིང་རྩ་བསྒུལ་ནས།།
    གདུང་སྲས་དར་མ་བཀྲོངས་པའི་ལག་པ་དམར་པོས།།
    རྒྱལ་ཁྲིམས་རྡོ་རྗེའི་ལྷུན་པོ་ཐར་བར་གཏོར་སོང་།།

    Reply
  11. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    མིག་མི་འཛུམ་པ་འདི་གཟིགས་རྒྱང་རིང་སེ་བྱུང་ང་། ཨ་ལེ་ཀུ་རེ་ཡིན། བོད་ཀྱི་སྲིད་དོན་རིག་པའི་དཔྱད་རྩོམ་འདི་འདྲ་སྤེལ་བ་དགའ་ནས་ཡོད། རྒྱུ་མཚན་རྩོམ་རིགས་ཡིན་མདོག་མདོག་སྤེལ་མཁན་ཚང་མ་ཆོས་ལུགས་ལྟ་གྲུབ་ཀྱི་དྲི་མ་དང་འདྲེས་ནས་གཡས་འཁྱོར་གཡོན་འཁྱོར་མ་གཏོག་དྲང་ཐིག་གི་རྩོམ་ཡིག་སྤེལ་མཁན་ཧ་ལམ་མེད་པ་འདྲ་ཞིག་རེད།
    ཞོགས་དུང་དང་ལྗང་གཞོན་སོགས་བོད་ནང་གི་རྟོགས་སད་ཀྱི་རྩོམ་པ་པོ་རེ་གཉིས་བྱུང་ཡང་བཙན་བྱོལ་ནས་མུན་ནང་དུ་འཕེན་གྲབས་བྱེད་པའི་ལམ་ལུགས་དར་ཁྱབ་གཏོང་བཞིན་པའི་སྒང་རེད།
    རེད་ཡ་ཤན་པ་ལྷ་ལུང་པད་རྡོར་གྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆགས་འཇིགས་ལ་ཅི་ཡང་མི་བསམས་པར་ལྷ་ཆོས་རིང་ལུགས་ཀྱི་གྲུབ་མཐའ་ཞིག་གི་དོན་དུ་བོད་བཙན་པོའི་གདུང་རྒྱུད་ངོ་མ་ལྷ་སྲས་དར་མ་དཀྲོངས་ནས་བྲོས་བྱོལ་ཕྱིན་པའི་མཇུག་འབྲས་ངོ་མ་སྐབས་དེ་དུས་བོད་སིལ་བུར་ཐོར་བའི་རྒྱུ་རྐྱེན་དང་ད་ལྟའི་གནས་སྟངས་ངོ་མ་འདི་གཞི་ནས་མངོན་འགྱུར་བྱུང་བ་རེད།

    Reply
  12. མང་ཐོས། says:
    ལོ་ 13 སྔོན།

    ཁྲི་རལ་བ་ཅན་གྱི་སྐབས་སུ་ཆོས་བྱེད་མཁན་གྲྭ་བ་མང་དྲག་པས། བོད་ཀྱི་བཙན་པོ་འུ་དམ་བཙན་ཁོང་གིས་རྒྱལ་སྲིད་ལ་ཐུགས་བསམ་བཞེས་ནས་ནང་ཆོས་བསྣུབས་པ་ཡིན་ཚུལ་བཤད་པ་ནི། ཡིད་ཆེས་དཀའ་བ་ཞིག་རེད། གང་ཡིན་ཞེ་ན། སྐབས་དེ་དུས་བོད་སྤྱི་ཡོངས་ལ་གྲྭ་བའི་ཁ་གྲངས་ཅི་ཙམ་ཡོད་མི་ཤེས་པ་མ་ཟད། མདོ་སྨད་ཀྱི་ཕྱོགས་སུ། སྐབས་དེ་དུས་གྲྭ་བ་གཅིག་ཀྱང་མེད་པ་ཕལ་ཆེར་བཤད་ཐུབ་པ་ཞིག་སྟེ། གཙང་གཡོ་རྨར་གསུམ་མདོ་སྨད་དུ་བྲོས་པ་དང་། བླ་ཆེན་པོ་རབ་ཏུ་བྱུང་བ་དང་། བླ་ཆེན་པོ་བསྙེན་རྫོགས་སྒྲུབ་དུས་དགེན་འདུན་གྲངས་ཚང་མེད་སྟབས་རྒྱ་ནག་གི་གྲྭ་བ་ཞིག་གདན་དྲངས་ནས་ཁ་སྐོང་ཚུལ་སོགས་ཀྱིས་སྐབས་དེ་དུས་ཀྱི་མདོ་ཁམས་སྨད་ཀྱི་གནས་སྟངས་ཕྱོགས་ཙམ་མཚོན་པ་མ་ཟད། སྐབས་དེ་དུས་ཀྱི་བོད་སྤྱི་ཡོངས་ཀྱི་གནས་སྟངས་ཡང་ཅི་འདྲ་ཡིན་མིན་ཚོད་དཔག་རག་ཙམ་བྱེད་ཐུབ་པར་སེམས་སོ།།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ མདོ་དོན་ལྷ་སྲས་འུ་དུམ་བཙན་ནི་བན་བོན་གྱི་ལྟ་བ་གང་ཡང་འཛིན་མཁན་ཞིག་མིན་པར་་་་་་་་་་ ཞེས་པ་དང་།
    ་་་་་ ངས་གོང་དུ་བཤད་པའི་ལྷ་སྲས་འུ་དུམ་བཙན་གྱིས་ཀྱང་དེ་འདྲའི་འགལ་བ་ཞིག་ཡོང་ངེས་ པ་མ་འོངས་མངོན་གཟིགས་ཀྱིས་ཆོས་ལུགས་པ་རྩ་མེད་བཟོས་པ་ལོས་ཡིན། ་་་་ཞེས་པ་གཉིས་རང་ཚིག་སྔ་ཕྱི་འགལ་མི་འདུག་གམ། ལགས། མིག་མི་འཛུམ་ལགས།

    Reply
  14. ནད་པ says:
    ལོ་ 13 སྔོན།

    བོད་དུ་ནང་བསྟན་ཆོས་ལུགས་སོགས་བཅུ་ཕྲག་རིག་གནས་དར་ཐུབ་པ་དེ་དངོས་གནས་བོད་ཀྱི་གཟི་བརྗིད་དང་དགེ་མཚན་ལྡན་ཡོད། ཡིན་ནའང་ཆོས་ལུགས་བེད་སྤྱད་དེ་དབང་བསྒྱུར་གྲལ་རིམ་གྱི་འཐབ་རྩོད་ཀྱི་འགོ་བརྩམས་པ་དེ་ནས་བཟུང་ཆག་སྒོ་བསླངས་ཡོད།

    ད་ལྟའི་འཆར་བལྟས་ན་བོད་དང་བོད་རིགས་གཉིས་གཉིས་ལ་ཡར་ཀླུང་ལྷ་རྗེས་བཤད་པ་ལྟར་སྤྲུའུ་ལ་ངོམ་རྒྱུ་རྐུབ་ཟེར་བ་ལྟར་བོད་རིགས་ཚོར་ལ་ངོམ་རྒྱུ་རྩ་ཆེའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་། སྐད་ཡིག སྨན་རྩིས། སྒྱུ་རྩལ། རིག་གནས་སོགས་ལས་གཞན་ཅི་འདུག

    ཡིན་ནའང་སྲིད་དོན་སྐབས་ངེས་པར་དུ་བསམ་བློ་གཏིང་གཟབ་གཏོང་ཐུབ་པ་བྱེད་དགོས།

    Reply
  15. རོང་ཕྲུག says:
    ལོ་ 13 སྔོན།

    ད་ལྟའི་དངོས་ཡོད་ལ་གཞིགས་ཏེ་བཤད་རྒྱུ་ལས་རྨི་ལམ་དང་སྟོང་བསམ་གྱིས་ང་ཚོར་ལམ་བུ་ཞིག་བཏོད་མི་སྲིད། དྲག་རྒོལ་དང་བསོད་གཏུབ་ཀྱིས་ང་ཚོའི་འཐབ་རྩོད་ལ་ཕན་ཐོག་དེ་བས་མེད། འཚེ་མེད་ཞི་བའི་ནུས་ཤུགས་ནི་འཇམ་པོས་དྲག་པོར་རྒོལ་བའི་ཡ་མེད་ཀྱི་སྟོབས་ཤུགས་ལྡན་པ་ཡིན། འདས་པ་ཉམས་མྱོང་ལ་ཕན་སྲིད་མོད། ད་ལྟ་ནི་ལྷ་སྒྲུང་གི་ངོ་བོར་འཕོས་ཏེ་དངོས་ཡོད་དང་མཚམས་པ་མིན། དེ་ལས་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་རེ་བར་རྡོག་རྩིས་མི་གཏོང་བར་བསམ་བློ་རྣལ་དུ་བབ་སྟེ་ཐབས་གཅེས་གསར་བ་ཞིག་འཚོལ་དགོས་པར་སྙམ་ལ། དགྲ་བོའི་སྤྱོད་ངན་དེ་དག་འཛམ་གླིང་སྐྱེ་བོ་ཚང་མར་ཤེས་སུ་བཅུག་སྟེ། རང་རེའི་དཀའ་སྡུག་གི་དངོས་ཡོད་འགྲེལ་བཤད་གསལ་ཐག་ཆོད་པ་ཞིག་སྐྱེ་བོ་ཚང་མར་རྟོག་ཏུ་འཇུག་པའི་ལས་འགན་ཕྱི་སྡོད་བོད་མི་ཚོ་ལ་ཡོད།

    Reply
  16. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ཕྱོགས་གཅིག་ནས་བལྟ་ན་ལོ་རྒྱུས་འདི་ནི་ལྡན་རུང་། ཕྱོགས་གཞན་ཞིག་ནས་བལྟ་ན་ད་ཆ་འཛམ་གླིང་དེའི་ནང་རང་བཙན་ཡོད་པའི་རྒྱལ་ཁབ་ལས་བོད་མིའི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དེ་དག་ལ་དགའ་མོས་དང། དོ་སྣང་བྱ་མཁན་མང་བ་སྙན་གྲགས་ཆེ་བ་ཡོང་དགོས་དོན་ལ་ཡང་ཅི་ཡིན་བསམ་བློ་འཁོར་ན་ལེགས།

    Reply
  17. ནད་པ says:
    ལོ་ 13 སྔོན།

    རྩོམ་ཡིག་འདི་འདྲ་བཏོན་ཐུབ་ན་དངོས་གནས་བློག་སྙིང་འདོད་ཀི་ཡ།
    ཡིན་དང་ཡིན།

    ཆོས་རྒྱལ་དགྲ་དང་འཕྲད་པ་ན། ལྷག་འཁོར་ལ་བྱམས་པ་སྐྱེ། ན་བའི་བུ་ལ་ཁྱད་པར་དུ། མ་ནི་གདུང་བ་སྐྱེ་བར་འགྱུར། ཟེར་བ་དེ་ཅིས་མི་བདེན།

    རྒྱལ་པོ་འདི་བསད་པ་དེས་བོད་རྒྱལ་ཁབ་དང་བོད་རིགས་རང་ཉིད་རང་གིས་བསད་ཡོད་ཅེས་བརྗོད་ན་ཆོག

    བོད་སིལ་བུར་ ༤༧༠ ལྷག་ཙམ་རིང་ཐོར་བའི་རྐྱེན་གྱིས་སྤྱིའི་སྟོབས་ཤུགས་ཉམས་ནས་དེང་འབྲུག་རྒྱལ་ཁབ་ཟེར་བ་དང་། འབྲས་ལྗོངས། སྒང་ཏོག རྡོ་རྗེ་གླིང་། མོན་པ། ཤར་པ། རྟ་དམག གློ་པ། ལ་དྭགས། སྒྭ་ཞ། པི་ཏི། ཁུ་ནུ། ཨ་རུ་ན་ཅལ་ལ་སོགས་ཚང་མ་ཐོར་ནས་རྡ་དེ་ཞབས་འདྲེན་བཞག་ཡོད་པ་རེད།

    ད་དེང་སང་རྒྱ་མིས་ཀྱང་ལྗོངས་དང་ཞིང་ཆནེ་ལྔའི་ས་ཁུལ་བཟོས་ནས་ཚང་མ་བཏོར་ཡོད། ད་དངོས་གནས་རང་ཐག་རང་གིས་གཅོད་དགོས་པ་དེ་སྟོབས་ཤུགས་ནང་ནས་ཨང་དང་པོ་དེ་རང་ཡིན།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ད་ཡོད་ཀྱི་རྒྱལ་རབས་དེབ་ཐེར་དག་གི་རྙིང་ཤོས་ཤིག་ནི་སྦ་བཞེད་ཡིན་ལ། དེའི་ཕྱིས་ཀྱི་རྒྱལ་རབས་དེབ་ཐེར་དག་ཏུ་ཁ་གཅིག་གྲགས་ཀྱིས་བདུད་དུ་བལྟ་བ་ཁོ་ན་ལས་ལྷ་སྲས་འུ་དུམ་བཙན་གྱི་བསམ་བློའི་རྒྱབ་ལྗོངས་ལ་བཟང་ཕྱོགས་ནས་ལྟ་མཁན་གཅིག་ཀྱང་བྱུང་མེད་ཅེས་བརྗོད་ཆོག ་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese