མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞེན་ཁོག་ཕྱོགས་ལྷུང་ཅན་ལ་ཆོ་ལོ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

༄༅།། ཆིག་སྒྲིལ་དགོས་ན་ཞེན་ཁོག་བསལ་དགོས། ཞེན་ཁོག་ནི་ལྷག་བསམ་གྱི་འགལ་ཟླ་ཡིན།

དབྱར་ཁབ་ཀུན་བཟང་།

སྤྱི་བཤད།

དེང་སང་མང་པོ་ཞིག་གིས་ཞེན་ཁོག་ཅན་ཞིག་ཡིན་ན་མི་བུ་དེར་ལྷག་བསམ་ལྡན་པ་དང་། མི་གཞི་ཅན་ཞིག་ལ་ལྟ་བའི་ལྟ་ཚུལ་ལོག་པས་འཆམ་མཐུན་དང་དོན་སྙིང་རུལ་བཅུག་གི་ཡོད། དེས་རྐྱེན་པས་སྤྱི་ཚོགས་ནང་དུ་ཞེན་ཁོག་ལ་དགའ་བའི་སྐྱེ་བོ་རྣམས་ཀྱིས་ཞེན་ཁོག་གི་སྟ་རེ་འཕྱར་ཏེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དང་། དགྲ་འདུལ་གཉེན་སྐྱོང་གི་བྱ་བས་མི་རིགས་དང་མི་རིགས་བར། ཆོལ་ཁ་དང་ཆོས་ལུགས་བར། གཉེན་ཉེ་དང་མཛའ་བཤེས་བར། གྲོགས་དང་གྲོགས་ཕ་བུའི་བར་གྱི་འགལ་ཟླ་ཞིག་རང་བཞིན་གྱིས་སློང་གི་ཡོད་ལ། ཤུགས་རྐྱེན་ངན་པ་དེས། མི་རིགས་ཀྱི་རྩ་དོན་དང་། ཆོས་ལུགས་ཀྱི་མཐུན་སྒྲིལ་སོགས་གཏོར་བརླགས་གཏོང་གི་ཡོད། ལྟ་ཚུལ་དེ་གཡག་རྒྱུག་ལ་དགའ་བའི་ཆུ་སྣ་གར་འཁྲིད་ཚོ། ལམ་ནོར་དུ་འཁྲིད་པའི་ནག་ཉེས་ཤིག་ཡིན་པས་ངས་འདིར་ཞེན་ཁོག་དང་ལྷག་བསམ་གཉིས་གཅིག་ཏུ་གནས་ཐབས་མེད་པའི་འགལ་ཟླ་ཆེན་པོ་ཞིག་ཡིན་པ་བརྗོད་འདོད་བྱུང་།

ཐོག་མའི་རེ་བསྐུལ།

མི་ལ་ལས་ཞེན་ཁོག་མེད་ན་ཕྱུགས་དང་འདྲ་བོ་རེད་ཅེས་རྩོམ་ཡིག་ཐར་ཐོར་རེ་སྤེལ་བའང་མཐོང་སོང་། ཞེན་ཁོག་མེད་ས་ནས་མི་གཞིའི་རྒྱུད་གཤིས་དེ་ཕྱུགས་དང་འདྲ་སོང་ན་སྡུག་རྒྱུ་ཞིག་མི་འདུག་ལ། ལྷག་བསམ་དང་ཞེན་ཁོག་གི་ཁྱད་པར་མ་ཤེས་པའི་གྲུ་ཁ་ན་ཀླད་མཁྲེགས་ཅན་གྱི་མཐོ་དམན་དྲག་ཞན་མང་ཚོད་རེད། རྒྱུ་མཚན་དང་གནས་ལུགས་འཚོལ་བའི་ཤེས་ཡོན་ཅན་གྱི་མིང་འཛིན་པའི་ནང་དུའང་ཞེན་ཁོག་ནད་ཀྱིས་ཟིན་ཏེ་རང་ཉིད་ཀྱི་བློ་རྩལ་མུན་ཁུང་དུ་བརྫངས་བ་མང་བས། ཐོག་མ་ཉིད་ནས་ཞེན་ཁོག་གི་དུག་ནད་སེལ་བའི་སྨན་སྤྱད་རིམ་གྲོ་གང་ཐུབ་མཛད་རོགས་ཞེས་ནན་གྱིས་བསྐུལ་བ་ཡིན།

ཞེན་ཁོག་གི་ངོ་བོ་དང་ཕན་ནུས་ཀྱི་བྱེད་ལས།

ཞེན་ཁོག་ནི་རང་ལྟ་མཆོག་འཛིན་དང་ཆགས་སྡང་ནུས་ཤུགས་ཅན་གྱི་སེམས་བྱུང་ཞིག་རེད་ལ། གཏི་མུག་གི་མུན་པ་རུ་འཐིམ་པས་སྡང་ཞེན་ཆེས་ཆེ་བ་ཞིག་རེད། བྱེད་ལས་ནི་རྣམ་དཔྱོད་ཀྱི་ཤེས་རབ་དང་། བློ་རིགས་རྟོག་ཞིབ་སྒོ་མོ་ཡོངས་སུ་བསྡམས་ཤིང་། དེས་རྐྱེན་པས་རྒྱུ་མཚན་དང་གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་ཏེ་སྒེར་གཅོད་ཀྱི་རང་གཤིས་ཟབ་མོས། སྲོལ་རྒྱུན་དང་ལྟ་བ། ཆ་ལུགས་དང་། གོམ་གཤིས་སོགས་ལ་ཡིན་མིན་གྱི་བསམ་གཞིག་མ་དགོས་པར་སྡིག་པ་མིག་གཙུམས་བྱེད་ཕོད་པའི་གླེན་པ་གླེན་ནག་ཅིག་ཏུ་ཆགས་ཡོད། ཞེན་ཁོག་གིས་རང་ཉིད་ཀྱི་བསམ་བློ་ལ་གུ་ཡངས་མི་སྦྱིན་པས། འཕེལ་རྒྱས་དང་གསར་གཏོད་ཀྱི་རྒྱུ་ལམ་བཀག་ཅིང་། སྒོ་ཀུན་ནས་རང་ཉིད་ཆེས་རྗེས་ལུས་སུ་བྱེད་ཀྱིན་ཡོད། ཆོས་པ་ཚོས་ཆོས་འཆད་པའི་ཚེ་གནས་ལུགས་ཡོད་པའི་ཟོལ་འདྲ་ཞིག་དང་། སྲིད་དོན་པ་ཚོས་ཆབ་སྲིད་བཤད་པའི་སྐབས་རྒྱུ་མཚན་ཡོད་པའི་ཁུལ་འདྲ་ཞིག་བཤད་མོད། དོན་དངོས་ཞེན་ཁོག་གིས་བཟི་ཡོད་ན་འབབ་ས་རང་ཕྱོགས་དང་། རང་འདོད་ཁོ་ནའི་ཐོག་ཏུ་ལྷུང་བ་ལས་གཟུར་བཤད་ཀྱི་སྐད་ཆ་ཏིལ་འབྲུ་ཙམ་ཞིག་མེད་ལ། རིག་ལྡན་པ་ཞིག་དང་། གཟུར་གནས་པ་ཞིག་ཡིན་ན་གང་ཟག་དེའི་ཁ་ནས་ཐིལ་བའི་དྲི་མ་ཡོད་ཚད་ནང་སྙིང་རུལ་བའི་ཞེན་ཁོག་གི་དྲི་མ་ལས་གཞན་གང་ཡང་མི་ཚོར།

འུ་ཚོས་འདས་དོན་ཕྱི་འདང་བརྒྱབ་ཅིང་། ད་ལྟའི་གནས་བབ་ལ་བསམ་གཞིག་བྱས་ན། ས་སྐྱ་དང་ཕག་གྲུ།  གཙང་པ་གདན་རབས་ནས་དགེ་ཕྱོགས་བར་ཞེན་ཁོག་རྦ་རླབས་བཞིན་འཕྱུར་ཞིང་ཆུ་བོ་བཞིན་རྒྱས་ཏེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དྲག་པོས་དགྲ་འདུལ་གཉེན་སྐྱོང་གི་བྱ་བས་ཆོས་ལུགས་དང་ཆོས་ལུགས་བར། ཆོལ་ཁ་དང་ཆོལ་ཁའི་བར། ཆབ་སྲིད་དང་ཆབ་སྲིད་བར་ཡིད་སྐྱོ་བ་ཞིག་བཟོས་པ་མ་ཡིན་ནམ། འདི་ཚོ་རེ་རེ་གནས་བཤད་ན་ཉོག་བཤད་ལས་མི་འདུག་པས་བློ་མིག་ཡོད་ན་སྔོན་གྱི་ལོ་རྒྱུས་ཁུངས་ལྡན་དང་། ད་ལྟའི་གནས་བབ་རྟོག་ཞིབ་གྱིས་དང་བདེ་བླག་ཏུ་ཤེས་ཐུབ།

ད་ལྟའི་དུས་འདིའང་ཕ་མ་གཅིག་གི་བུ་ཕྲུག་ལྟ་བུའི་སྟོན་པ་གཅིག་གི་རྗེས་འཇུག་སྟེ། ས་དགེ་བཀའ་རྙིང་སོགས་ཆོས་ལུགས་ནང་ཕན་ཚུན་ཁྱེད་སྡུག་ང་དགའི་ཆགས་སྡང་མང་ཚད་རེ་ལ། ལྷག་པར་དུ་ཞྭ་དམར་དང་སི་ཏུ་བར་དང་། ས་སྐྱ་དང་ངོར་པའི་བར། སེ་ར་འབྲས་སྤུངས་བར། དཀར་མ་དང་གཏེར་མ་བར་ལྟ་བུར་ཞེན་ཁོག་དང་ཕྱོགས་ལྷུང་གིས་འགྲན་རྩོད་བྱེད་པའི་གླང་རྒན་གྱི་རང་གཟུགས་ངོམ་པའི་ཀླད་མཁྲེགས་ཅན་གྱི་བླུན་པོ་ཆུ་སྣ་གར་འཁྲིད་མི་ཉུང་བ་ཞིག་འདུག་ལ།

དེ་བཞིན་དུ་ཆོལ་གསུམ་ནང་ཕན་ཚུན་ཙམ་དུ་མ་ཟད་ཁམས་པ་ཁམས་པའི་བར་དང་། ཨ་མདོ་དང་ཨ་མདོའི་བར། དབུས་གཙང་དང་དབུས་གཙང་བར་ཞེན་ཁོག་མ་རུང་པ་དེས། ཉམ་ང་བའི་འགག་འཕྲང་ཅན་འདིར་རྩ་དོན་དང་འགན་འཁྲིར་རིང་དུ་དོར་བ་ནི། གཞུང་དམངས་གཉིས་ན་ས་ཁྱབ་རྡོ་ཁྱབ་རེད་འདུག་པས་ངོ་མ་བསམ་བློ་ཅན་ཞིག་ཡིན་ན་ཡིད་སྐྱོ་དགོས་པ་ཤིག་མ་ཡིན་ནམ།

ལྷག་བསམ་གྱི་ངོ་བོ་དང་དེ་ཡི་ཕན་ནུས་ཀྱི་བྱེད་ལས།

ལྷག་བསམ་ནི་དེ་ལས་ཟློག་ཏེ་གཞན་ཕན་གྱི་བསམ་བློ་དྲང་ཚུགས་ཅན་གྱི་སེམས་བྱུང་ཞིག་རེད། རྒྱུ་མཚན་དང་གནས་ལུགས་ཀྱི་རྗེས་འགྲོ་ཞིང་། གཞན་གྱིས་བསམ་འཆར་ཉན་འཇོག་ཐུབ་པའི་བློ་རྩ་བརྟན་པོ་འཆང་བའི་གུ་ཡངས་ཅན་ཞིག་ཡིན་པས། ཆོས་སྐད་ཐོག་ནས་བཤད་ན་ལྷག་བསམ་ནི་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡིན་པ་སྟེ། ཟླ་བ་གྲགས་པས་ནམ་མཁའ་ལྡིང་གི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་ཡང་། དེར་མིག་ཡོངས་སུ་དག་པ་ཡོད་པ་དེ་འདྲ་བྱ་ཚོགས་གཞན་སུ་ཞིག་ལའང་ཡོད་པ་མ་ཡིན་པའི་དཔེ་རུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ཡིན་ཡང་། ལྷག་པའི་བསམ་པའི་མིག་གི་ཡོན་ཏན་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ཞེས་བཤད་ཡོད་པ་ལྟ་བུ་རེད།

བྱེད་ལས་ནི་རྩ་དོན་དང་དགོས་མཁོ་ཆེ་སའི་གནད་དོན་དག་ལ་བསམ་བློ་གཏོང་ཞིང་། ལྷག་པར་དུ་ཉམ་ཆུང་ནུས་མེད་ཚོར་བསམ་གཞིག་གིས་ཡ་རབས་དམ་པའི་སྤྱོད་པར། འགན་འཁྲིའི་རྒྱས་བཏབ་སྟེ་རང་གཅེས་འཛིན་གྱི་ནུས་ཤུགས་ཆུང་དུ་བཏང་བའི་སྒོ་ནས་གཞན་ཕན་གྱི་དོན་དུ་དཀའ་ངལ་ཁྱད་དུ་བསད་ཐུབ་པའི་སྙིང་སྟོབས་ཅན་གྱི་བྱེད་ལས་ལྡན་པ་ཞིག་ཡིན་པས། ལྷག་བསམ་ཡོད་ན་རང་ཉིད་གང་ཞིག་གི་གནས་ལ་འགན་འཁྲི་ཁྱེར་ན་ཡང་། བློ་རྒྱ་དཀྱེལ་ཡངས་ཀྱི་ལྟ་ཚུལ་ཡོད་པ་དང་། མི་གཞི་དྲང་ཚུགས་ཀྱི་རྒྱུད་གཤིས་ལྡན་པ། དཀར་ནག་དབྱེ་འབྱེད་ཀྱི་བློ་མིག་ཡོད་པ་དང་། དཀའ་ངལ་ཁྱད་བསད་ཀྱི་བཟོད་སྒོམ་ནུས་པ་ཞིག་ཡིན་པས། ཆོས་ལུགས་དང་མི་རིགས། དགོན་སྡེ་དང་སློབ་གྲྭ། ཚོགས་སྡེ་དང་ཚོགས་པ་ཁག་གི་ཆེད་དུ་ཅི་ཞིག་དོན་དུ་བཟོད་སྒོམ་བྱེད་དགོས་ན་ཡང་། གཞན་ལ་ཕོག་ཐུག་མི་འགྲོ་བ་དང་། རང་ཉིད་ཀྱི་འགན་འཁྲི་མ་དོར་བའི་སྒོ་ནས་ཆིག་སྒྲིལ་གྱི་ནུས་པ་འདེབས་ཀྱིན་ཡོད་ལ། ཤེས་ཡོན་སྣ་གཅིག་ལས་མེད་ནའང་ཡང་དག་པར་ལོངས་སྤྱོད་ཐུབ་པ་ཞིག་རེད། གལ་ཏེ་ཤེས་ཡོན་ཞིག་ཡོད་ཀྱང་ལྷག་བསམ་གྱིས་ཕོངས་ཡོད་ན་སྤྱི་ཚོགས་ལམ་ལོག་དང་། སྙོག་ཟིང་ཅན་དུ་འཁྲིད་བ་ལས་གང་ཡང་མེད་པས། རྒྱལ་བའི་དབང་པོས།“ལྷག་པའི་བསམ་པ་ཟེར་བ་དེས་ཕོངས་བསྡད་ཡོད་ན་ཤེས་བྱ་ཡོན་ཏན་ག་ཚོད་ཡོད་ན་ཡང་ཧ་ལས་རྒྱུ་གང་ཡང་མེད”ཅེས་གསུངས་པ་ལྟ་བུ་ལས་མ་འདས་སོང་བ་རེད།

ས་སྒང་འཇིག་རྟེན་འདིའི་ཁྲོད་དུ་འུ་ཚོ་ཞེན་ཁོག་གི་ཕྱུག་པོ་ཆེ་ཤོས་ཤིག་ཆགས་ཡོད་པས་ཨང་རིམ་ཞིག་བགྲང་ན་དང་པོར་སླེབས་ཚད་རེད། དེའི་དབང་གིས་རང་ཚུན་པའི་ཕལ་ཆེར་ལྷག་བསམ་གྱི་ཕོངས་ཡོད་པས། རྒྱལ་བའི་དབང་པོས“དེང་སང་ག་རེ་ཕོངས་འདུག་ཟེར་ན། ང་ཚོར་གོ་ལག་ཆས་ཕོངས་མི་འདུག རྒྱུ་དངོས་པོས་ཕོངས་མི་འདུག དཀའ་སྤྱོད་ཀྱིས་ཕོངས་མི་འདུག ཤེས་ཡོན་གྱིས་ཕོངས་མི་འདུག ལྷག་བསམ་གྱིས་ཕོངས་འདུག’’ཟེར་བ་འདིས་ཁ་གསལ་གཏིང་ གསལ་ཞིག་བྱེད་འདུག་ལ་ལྷག་པར་དུ་ཞེན་ཁོག་དང་ལྷག་བསམ་གཉིས་ལྷན་ཅིག་ཏུ་གནས་ ཐབས་མེད་པ་ཞིག་གསལ་པོར་བསྟན་འདུག འདི་ནས་ཀློག་པ་པོས་ངེས་དགོས་པ་ཞིག་ནི་ལྟ་ཚུལ་ལག་ལེན་གཉིས་ཁྱད་པར་ཕྱེ་རྒྱུ་ གལ་ཆེ་སྟེ། ངས་འདི་ནས་བཤད་པ་ནི་རང་ཉིད་ཀྱིས་ལྟ་ཚུལ་ཞིག་ཡིན་པ་ལས། རང་ཉིད་ལ་ལྷག་བསམ་ཡོད་པ་དང་། འཇོན་ཐང་ལྡན་པའི་ལག་སྟབས་བྱེད་པོ་ཞིག་ཡིན་པར་མཚོན་དོན་གཏན་ནས་མིན་པས། གོ་བ་སྒྲ་ལོག་གིས་དཔྱད་བརྗོད་མ་འཚོལ་བར་རང་ཉིད་ཀྱི་ལྟ་བའི་ཁྱད་སོ་ལས་བརྩམས་ ཏེ། རྟོག་ཞིབ་ནན་མོ་ཞིག་གིས་དོན་སྙིང་ཡོད་མེད་ལྟ་རྒྱུ་གཙོ་བོ་ཡིན།

མཐའ་མཇུག

ཐོག་མ་ཉིད་ནས་མིའི་རང་བཞིན་ནམ་མཁའ་རུ་གཡའ་དག་པ་ལྟ་བུའི་རང་ཆས་སུ་ཡོད་པ་སུ་ཡང་མེད་ནའང་། མི་ལ་ཡོད་པའི་འཚོལ་བཤེར་གྱི་ཀླད་པ་འདི་རང་དབང་གི་ངང་ནས་ལོངས་སུ་སྤྱོད་ཆོག་པ་དང་འགྲོ་བ་གཞན་དང་མི་འདྲ་བའི་འཁོར་སྐྱོད་ཀྱི་མ་ལག་ཞིག་བསྐྲུན་ཡོད་པ་འདི་ཆོས་རྗེ་ས་པཎ་གྱིས། བླུན་པོ་རང་གི་རྗེས་སུ་མི་འགྲོ་ན་ཡང་རང་ཉིད་བླུན་པོའི་རྗེས་སུ་འགྲོ་བ་ནི་རིག་ལྡན་མཁས་པའི་སྲོག་ལ་བབ་ཀྱང་འཛེམ་དགོས་པའི་བསླབ་བྱ་གནད་བསྡུས་ཤིག་ཡོད་པ་བཞིན། བྱ་དངོས་གང་ཞིག་ཡིན་ཡང་ཕན་ནུས་ཡོད་མེད་ལ་བརྟག་དགོས་པ་དང་། ལྷག་པར་འགྲོ་བ་མི་རིགས་འདི་ཕན་ཚུན་ལྟོས་བཅས་ལས་གྲུབ་པ་ཡིན་པས་ལྟོས་བཅས་ཀྱི་ཐོག་ནས་འཕེལ་རྒྱས་དང་བདེ་སྐྱིད་བསྐྲུན་དགོས་ན་ཐོག་མ་ཉིད་ནས་འགལ་ཟླ་སེལ་དགོས་པས། ཞེན་ཁོག་ནི་འགལ་ཟླའི་ཕུང་པོ་བསོག་མཁན་ཞིག་དང་། འཆམ་མཐུན་གྱི་རྩ་བ་གཏོར་མཁན་ཞིག་ཡིན་པས་འདི་ཉིད་མ་ཟློག་བར་དུ་ཆོས་ལུགས་དང་མི་རིགས་གཅིག་སྒྲིལ་ཡོང་བར་རྒྱང་ཐག་རིང་འདུག་པ་དེས་ན་ཡོད་ཚད་ཀྱིས་གནད་འདི་བསམ་གཞིག་ནན་མོ་བྱེད་རྒྱུའི་མཐའ་མཇུག་འདི་རེ་ལ་སྐུལ་བ་ཡིན།

༢༠༡༢ ། ༡༢ ། ༨།

 

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 13

  1. དབྱར་ཁབ་ཀུན་བཟང། says:
    ལོ་ 13 སྔོན།

    ཁྱེད་ཀྱིས་བཤད་པར་ལྟར་རྒྱ་ནག་དམར་པོའི་སྲིད་གཞུང་གི་དཔོན་རིགས་ལྟ་བུར་མཚོན་ན་རང་མི་རིགས་ཀྱི་ལྟ་བ་དང་འདུ་ཤེས་སོགས་ཡོད་པའི་ཐོག་ཏུ་ཞེན་ཁོག་གི་སྡང་མིག་བགྲོད་དེ་གྲངས་ཉུང་མི་རིགས་བོད་ལྟ་བུ་ལ་བརྙས་བཅོས་དང་། མཐོང་ཆུང་། ཁྱད་གསོད་བྱས་པ་དེ་དག་ནི་ཕྱོགས་སུ་ལྷུང་ཞེན་ཁོག་ཡིན་པས། དེ་ནི་དྲང་བདེན་དང་མི་མཐུན་པ་ཞིག་ཡིན་པར་ཇེ་གསལ་འགྲོ་བཞིན་པར་ལྟར་རེད། དེ་ལས་གཞན་ནི་རྒྱ་ནག་མི་སེར་དང་བོད་རིགས་བར་འགལ་ཟླ་ཡོང་མི་རུང་བར་༸གོང་ས་མཆོག་གིས་རྟག་ཏུ་གསུང་བཞིན་པ་ལྟར་མི་རིགས་བར་གྱི་འགལ་ཟླ་སེལ་དགོས་པ་ནི་ཞེན་ཁོག་མེད་པའི་ཐོག་ཏུ་དྲང་པོ་དྲང་བཞག་གི་ལམ་ནས་རྒྱུ་དགོས་མིན་འགྲོ་དྲན། ད་་་མང་པོ་མི་ཤེས་དཔེར་མཚོན་ན་དེང་སང་རྒྱ་མི་རིགས་ཤེས་ལྡན་པ་མང་པོས་བོད་ལ་བདེན་པའི་རྒྱབ་ལང་བྱེད་མཁན་ཡོད་པ་ཡིན་ནའང་། དེ་དག་ལ་རང་མི་རིགས་ཀྱི་ལྟ་བ་དང་འདུ་ཤེས་སོགས་མེད་པ་ག་ལ་ཡིན་དྲན།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དབྱར་ཁབ་ཀུན་བཟང་ལགས་ནས་ལྗགས་ལན་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་འདུ་ཤེས་ཡོད་བཞིན་དུ་མི་རིགས་གཞན་ལ་སྡང་སེམས་སོགས་མི་སྐྱེ་བར་གཞན་གྱི་ལེགས་ཆར་ལེགས་ཆ་ཉིད་དུ་མཐོང་ནས་གནས་ལུགས་དང་རྒྱུ་མཚན་གྱི་རྗེས་སུ་འབྲང་ཐུབ་པ་མྱོང་གྲུབ་ཡིན་པ་བཟང་མོད་ཀྱང་། སྐབས་རེ་མི་རིགས་ཕན་ཚུན་དབར་འགལ་འདུ་རང་བཞིན་ཅན་དུ་གྱུར་ནས་མི་རིགས་གཅིག་གིས་གཅིག་ལ་བརྙས་བཅོས་དང་མཐོང་ཆུང་ཁྱད་གསོད་སོགས་མདོར་ན་དམར་གསོད་དང་བཙོན་འཇུག་མི་ཆོས་ལས་འདས་མནར་གཅོད་བཏང་བ་དཔེར་ན། རྒྱ་མི་རིགས་ཀྱི་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་གྲུབ་འོག་གྲངས་ཉུང་མི་རིགས་སྤྱི་དང་བྱེ་བྲག་བོད་མི་རིགས་ལ་འཛིན་པའི་སྲིད་ཇུས་དང་འཆར་གཞི་ལག་བསྟར་རང་བཞིན་ལྡན་པ་དེས། བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་དང་བཟོ་བཞིན་པ་དེས་རང་བཞིན་གྱིས་རང་མི་རིགས་ལ་གདུང་ཞེན་ཟབ་ཏུ་འགྲོ་བ་དང་ལ་རྒྱ་དང་ལྟ་བ་ཤུགས་ཆེ་རུ་སོང་ནས་རྒྱ་མི་རིགས་ལ་རང་བཞིན་གྱིས་སྡང་སེམས་དང་འཁོན་འཛིན་སྐྱེ་བ་ནི་ཆོས་ཉིད་ལ་སོང་ཙང་། དེ་ཞེན་ཁོག་དང་ཕྱོགས་ལྷུངས་སུ་མི་འགྲོ་བའི་ངེས་པ་མེད་པས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སམ། ཡང་གཅིག་མིན་ན་རང་ཉིད་ཡོད་ཚད་བློས་གཏོང་བྱེད་དགོས་པ་མིན་ནམ། ཡང་གཅིག་མིན་ན་རང་མི་རིགས་དོན་དུ་གཞན་མི་རིགས་ལ་ཇི་མི་སྙམ་པའི་འདུ་ཤེས་རྣལ་མ་ཞིག་སྐྱེ་དགོས་པ་མིན་ནམ། དེའི་ཐད་སྐུ་ཉིད་ལ་དགོངས་ཚུལ་ག་རེ་ཡོད་དམ།

    Reply
  3. དབྱར་ཁབ་ཀུན་བཟང། says:
    ལོ་ 13 སྔོན།

    གྲོགས་གསེར་འབྲུག་སྡེར་ལྔ་ལགས་ལ་ཞུ་རྒྱུ།
    གོང་བཀོད་ལུང་གི་གོ་བབ་ས་པཎ་ལེགས་བཤད་ནང་དུ་ཡོད་ཀྱང་ཁོ་བོའི་བཤད་སྟངས་ཀུན་ཉིད་ནས་གསུངས་པ་ལྟར་དགེ་ཆོས་ལུང་ཚིག་ལ་འགྲེལ་ཆགས་པས་དེ་ལྟར་དུ་ཡིན་ཆོག

    ཀུན་ཉིད་ཀྱིས་དྲི་བ་གལ་ཆེ་ཞིག་ཀྱང་བཀོད་འདུག་པས། ཁོ་བས་བསམ་ན་མི་རིགས་ཀྱི་ལྟ་བ་དང་། ལ་རྒྱ། འདུ་ཤེས་སོགས་ཡོད་པ་ཙམ་གྱིས་ངས་གོང་དུ་བཤད་པའི་ཞེན་ཁོག་གི་ངོ་བོ་དེ་དག་ལྡན་པའི་ངེས་པ་མི་འདུག་སྙམ་ཏེ། དཔེར་ན་རང་མི་རིགས་ཀྱི་འདུ་ཤེས་དང་ལྟ་བ་ཡོད་བཞིན་དུ་མི་རིགས་གཞན་ལ་སྡང་སེམས་སོགས་མི་སྐྱེ་བ་གཞན་གྱི་ལེགས་ཆར་ལེགས་ཆ་ཉིད་དུ་མཐོང་ཏེ་གནས་ལུགས་དང་རྒྱུ་མཚན་གྱི་རྗེས་སུ་འབྲང་ཐུབ་པ་མྱོང་བས་གྲུབ་ཀྱི་འདུག་དྲན།

    Reply
  4. དབྱར་ཁབ་ཀུན་བཟང། says:
    ལོ་ 13 སྔོན།

    དྲ་གྲོགས་མང་པོ་ཞིག་གིས་བསམ་འཆར་བསྐྱུར་བ་བཀའ་དྲིན་ཆེ།
    ཁ་ཤས་ཤིག་གིས་ཞེན་ཁོག་སྤངས་རྗེས་དགྲ་བཅོམ་ཐོབ་དགོས་པ་སོགས་ཀྱི་ཆོས་སྐད་འདྲ་བརྒྱབ་འདུག་མོད།
    ཞེན་ཁོག་ངོ་གཏི་མུག་ཡིན་པར་བཤད་མ་དགོས་ཀྱང་ཞེན་ཁོག་མེད་པ་ཙམ་གྱིས་གཏི་མུག་མེད་ག་ལ་དགོས། གཏི་མུག་ནི་ཞེན་ཁོག་ཙམ་དུ་མ་ཟད་སེམས་བྱུང་རྨོངས་པ་ཀུན་ལ་ཁྱབ་ཡོད་པས། བསམ་གཞིག་ནན་མོར་འགན་འཁྲིའི་རྒྱས་བཏབ་ཀྱི་སྐད་ཆ་རེ་བཤད་ཐུབ་ན་བཟང་ཞེས་རྒྱུ་དང་། ཡང་ཞེན་ཁོག་མེད་ན་མི་བུའི་སྒལ་ཚིལ་མེད་འགྲོ་བའི་སེམས་ཕྲལ་ཡོད་ན། འགྲམ་པ་སྐྱོར་སླར་བསམ་བློ་ཞིག་གཏོང་དང་། ཞེན་ཁོག་མེད་ས་ནས་མི་བུའི་སྒལ་མེད་སོང་ན་ཡག་རྒྱུ་ལས་སྡུག་རྒྱུ་ཞིག་གང་ཡང་མི་འདུག ཞེས་སླར་ཡང་ཞུ་འདོད་བྱུང་།

    Reply
  5. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    དྲ་གྲོགས་དབྱར་ཁབ་ཀུན་བཟང་གིས་བཤད་པ་འདི་དོན་ལ་གནས་མིན་ཇི་ལྟར་ཡང་། བོད་མི་རིགས་ཀྱི་ཆེད་དུ་ཚང་མས་ལྷག་གསམ་རྣམ་དག་ཡོང་ཐབས་དང་། མི་རིགས་མཐུན་སྒྲིལ་ཡོང་ཐབས་ལ་ཐུགས་བསམ་བཞེས་པ་ཙམ་གྱིས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

    ང་ཚོའི་གཞོན་སྐྱེས་དང་ཟིན་བྲིས་པ་མང་པོ་ཞིག་མིས་ཅི་བཤད་ལྟ་བ་ལས་དོན་དངོས་མི་རིགས་ལ་བསམ་གཞིག་བྱེད་མཁན་ཆེས་ཉུང་ཉུང་རེད་འདུག།

    Reply
  6. ནད་པ says:
    ལོ་ 13 སྔོན།

    ཆོས་ཕྱོགས་ནས་བཤད་ན་ཞེན་ཁོག་ཟེར་བ་དེ་དུག་ལྟ་བུ་ཡིན་པར་བཤད་པ་དང་། ཆབ་སྲིད་ཐོག་ནས་བཤད་ན་མི་ཞ་ཞེན་ཁོག་མེད་ན་མའོ་ཙེ་ཏུང་གིས་བཤད་པ་ལྟར་མི་ལ་བླ་སྲོག་མེད་པ་དང་འདྲ་པོ་རེད།

    གང་ལྟར་ཡང་རྒྱལ་གཅེས་དང་། རྒྱལ་ཞེན། མི་རིགས་ཀྱི་ལ་རྒྱ་སོགས་དགོས།

    Reply
  7. མཉམ་ཞུགས says:
    ལོ་ 13 སྔོན།

    ཞེན་ཁོག་མ་བསལ་བར་དུ་ཅིག་སྒྲིལ་ཡོང་ཐབས་མེད་པ་དང་ཞེན་ཁོག་གི་ངོ་བོ་ནི་གཏི་མུག་གི་རང་བཞིན་ཅན་ཞིག་ཡིན་པ་བདེན་ཚེ། གཏི་མུག་ནི་སངས་རྒྱས་པའི་གཞུང་ལུགས་ལྟར་ན་དགྲ་བཅོམ་གྱི་གོ་འཕང་མ་ཐོབ་པར་དུ་མེད་པ་བཟོ་ཐུབ་ཀྱི་མེད་པར་གསུངས་ཡོད་པར་བཤད་པས་དགྲ་བཅོམ་གྱི་སྤྱི་ཚོགས་ཤིག་མ་ཡིན་ཕྱིན་ཅིག་སྒྲིལ་གྱི་སྤྱི་ཚོགས་ཤིག་ཡོང་བའི་རེ་བ་ཁྱོན་ནས་མེད་པ་འདྲ། ངས་ལྟོས་ན་དགྲ་བཅོམ་གྱི་གོ་འཕང་མ་ཐོབ་པའི་ང་དང་འདྲ་བའི་མི་ཕལ་བ་རྣམས་ཀྱིས་ཞེན་ཁོག་མེད་པ་བཟོ་བའི་འབད་པ་བྱེད་པ་ལས་སོ་སོས་ཞེན་ཁོག་བྱེད་ཀྱི་ཡོད་པ་ནང་བཞིན་གཞན་གྱི་ཞེན་ཁོག་ལའང་ངེས་ལེན་གྱི་གྲ་སྒྲིག་བྱེད་རྒྱུ་དེ་ཅིག་སྒྲིལ་གྱི་ཐབས་ལམ་ཞིག་ཡིན་པར་བསམ་གྱི་ཡོད།ང་ལ་ཞེན་ཁོག་བྱེད་རྒྱུའི་ཐོབ་ཐང་ཡོད་ལྟར་ཁྱོད་ལའང་ཞེན་ཁོག་བྱེད་པའི་ཐོབ་ཐང་ཡོད་ལ་ཁོ་ལའང་དེ་དང་གཅིག་མཚུངས་པས་ཡིན།

    Reply
  8. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཞེན་ཁོག་མེད་པའི་མི་བུ་ལ་སྒལ་ཚིལ་ཚིག་མེད་་་་་་་ཟེར་རོ།།

    Reply
  9. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཞེན་ཁོག་མེད་པའི་མི་ཞིག་འཛམ་གླིང་འདིར་མེད་པས། མི་སྲིད་པ་ཞིག་སྲིད་མདོག་གིས་ཚིག་ཤོམ་འདྲ་བཤད། གནས་ལུགས་ངོ་མ་ག་ལ་རྟོགས། རང་དུས་སྤྱི་ཚོགས་འདིའི་འགྲོ སྟངས་སྡོད་སྟངས་ལའང་རྨོངས་འཐཔམ་ཚོས་བསྟོད་པ་རེ་བྱས། ་་་་་་་རྫོགས

    Reply
  10. ཞི་བདེ། says:
    ལོ་ 13 སྔོན།

    གྲོགས་པོ་ལགས་ཀྱིས་གསུངས་བར་དངོས་ཡོད་དང་བདེན་ལུགས་མཐུན་ཆེ་ཀི་མོད། གཞན་ཕན་དང་བྱམས་བརྩེ་ལ་ཡང་ཐུགས་མི་མཉེས་བ་དང་གཏིང་ནས་ཁྲོས་བའི་མི་བུ་སྐོར་ཞིག་ལ་དངོས་ལུགས་འདི་ར་སྤྲོད་དཀའ་སེ་རེད། ཁྱོས་བཤད་པ་དང་མཚུངས་སྤྱི་ལ་ཕན་པ་དང་མང་ལ་ཁེ་ཆེ་བའི་དངོས་ལུགས་ཤིག་བརྗོད་ན་དོན་སྙིང་མི་འཛིན་པ་དང་། དེ་ལས་ལྡོག་སྟེ་གཞན་ལ་ངན་སྒྲོག་དང་སྡིག་དམོད་རང་བཞིན་ཅན་གྱི་སྦོམ་བཤད་དང་། སྤྱི་སྒེར་གང་རུང་ཞིག་དམིགས་དབེན་དུ་བཟུང་ནས་གདུག་རྩུབ་ཆེ་བའི་རྫིག་གཏམ་དང་རྩོམ་ཡིག་ཞིག་བྲིས་དུས། དེ་ལ་མི་མང་ཆེ་བ་ཞིག་གིས་རིན་ཐང་ཆེ་བ་དང་གནས་ལུགས་ལྡན་པ། ད་དུང་སྤྱི་ཚོགས་ལ་འགན་ཁུར་བའི་སྐད་ཆ་དང་རྩོམ་མཆོག་ཞིག་ཏུ་རྩིས་བཞིན་འདུག་པའི་ཚོར་སྣང་ཞིག་ངང་གིས་ཡོང་བ་བཞིན་དངོས་ཡོད་ལ་ཡང་དེ་ལྟར་གནས་འདུག དེར་བརྟེན་གྲོགས་པོས་བཤད་པ་དག་གིས་ཕན་དཀའ་མོ་རེད། ཡིན་ཡང་མི་དྲང་མོ་དང་ཁེངས་དྲག་གི་ར་བཟི་མེད་མཁན་ཞིག་ཡིན་ན་ཕན་ཀི་རེད།

    Reply
  11. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 13 སྔོན།

    རྩོམ་པ་པོས་གསུང་པ་ཧ་ཅང་བདེན། ད་ལྟ་ང་ཚོའི་རྒྱལ་ཁབ་ཕུང་བ་དང་། སྤྱི་ཚོགས་ཡར་རྒྱས་འགྲོ་བའི་འགོག་རྐྱེན་གཙོ་བོ་ནི་ཞེན་ཁོག་ལྐུགས་པ་དེས་བཟོས་པ་རེད།

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རེད་ཡ། ཞེན་ཁོག་སྐམ་པོས་ཕྱོགས་ལྷུངས་ཀྱི་མི་ཤེལ་སྟུག་པོ་གྱོན་པའི་གང་ཟག་དེ་ལ་གནས་ལུགས་ཀྱི་བདེན་པ་དམར་རྗེན་དུ་བསྟན་ཡང་མཐོང་འདོད་མེད་པ་དང་བལྟ་འདོད་མེད་པ་ནི་ཁོ་ཚོའི་རང་གཤིས་སུ་གྲུབ་ཙང་ཆོ་ལོ་འདི་སྤྲད་ན་ཡང་ལེན་འདོད་ཡོད་རྒྱུ་མ་རེད་འདོད།
    དེ་ནས་དྲི་བ་ཞིག་འདྲི་འདོད་པ་ནི། མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་གདུང་ཞེན། མི་རིགས་ཀྱི་འདུ་ཤེས། མི་རིགས་ཀྱི་སྙིང་སྟོབས་ལ་སོགས་པ་དེ་ཚོ་ཞེན་ཁོག་དང་ཕྱོགས་ལྷུང་ཅན་འགྱུར་གྱི་ཡོད་དམ་མེད་ལྗགས་ལན་ཞིག་གནང་རྒྱུའི་རེ་བ་ཆེ།
    མཐའ་མཇུག་གི་ལེའུའི་ནང་།
    མཁས་པ་རང་གི་རྗེས་སུ་མི་འབྲངས་ཡང་།
    རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།
    འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།
    སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་བགྱིས།།
    འདི་ས་པཎ་གྱི་གསུང་མ་རེད་དགེ་ཆོས་ཀྱི་གསུང་ཡིན་སྙམ།

    Reply
  13. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ད་ཕལ་ཆེར་མགོ་ནག་བོད་མི་ཡོངས་འཇིག་རྟེན་གྱི་བྱ་བ་ལ་ཡོལ་ནས་ནགས་སུ་སོང་ན་ཞེན་ཁོག་བྱ་རྒྱུའི་ཡུལ་མེད་པས་དེ་ལྟར་བྱས་མ་ལེགས་སམ། གཞན་ཞེན་ཁོག་མེན་འཇིག་རྟེན་གྱི་བྱ་བར་སྙིང་པོ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese