༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁའི་ཁྱབ་ཁོངས་གནད་ཡོད་མི་སྣ་རྣམས་ཀྱིས་གཙོས་སེར་སྐྱ་མི་མང་ཡོངས་ཀྱི་ཞབས་དྲུང་དུ།
ཆེད་གསོལ། ཉེ་ལམ་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ ༢༠༡༢ ཟླ་ ༡༡ ཚེས་ ༡༨ ཉིན་འཁོད་གསལ་བསྒྲགས་དེའི་ནང་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡ ཚེས་ ༢༨ ཉིན་བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དབུ་བརྙེས་ནས། མི་ལོ་ལྔ་བཅུ་ཐམ་པ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་སའི་ཁུལ་དུ་འཚོགས་རྒྱུའི་གྲ་སྒྲིག་དང་གསལ་བརྡ་ཡོངས་ཁྱབ་ཏུ་བཏང་ཡང་། རྒྱ་ནག་དྲག་པོའི་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་མུ་མཐུད་གནས་བཞིན་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཉིན་རེ་ནས་ཉིན་རེར་ཤུགས་ཆེར་འགྲོ་བཞིན་པའི་དབང་གིས། རང་རེའི་བོད་གཞུང་དམངས་གཉིས་ཀྱིས་དབུས་འཛམ་གླིང་ས་ཕྱོགས་ཡུལ་གྲུ་གང་སར་བཞུགས་པའི་རང་རིགས་སྤུན་ཟླ་རྣམས་དང་། བོད་མིར་རྒྱབ་སྐྱོར་དང་རོགས་རམ་ཟམ་མི་ཆད་པར་གནང་བའི་རྒྱལ་སྤྱིའི་མི་དམངས་རྣམས་ནས་བོད་ནང་གི་དཀའ་སྡུག་དང་ཛ་དྲག་གི་གནས་བབ་ཕྱིར་བསྒྲགས་ཀྱིས། བོད་མིའི་བདེན་མཐའ་མྱུར་བར་གསལ་ཐབས་སུ། རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཆེ་ཆུང་རབ་དང་རིམ་པ་ཞིག་བང་སྒྲིག་ནས་སྤེལ་དང་སྤེལ་མུས་སུ་ཡོད་པ་དང་། ལྷག་པར་དུ་དཔལ་ལྡན་བཀའ་ཤག་གི་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་གཙི་དང་བསྟུན་ཏེ། རྒྱལ་སྤྱིའི་ཐོག་བོད་དོན་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་བསྐྱངས་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་ཡོང་ཆེད། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ནས་ཟླ་དེའི་ཚེས་ ༢༩ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་འཁྲིད་དེ་རྒྱ་གར་གྱི་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་བ་སོགས་ལ་སྟབས་བསྟུན་གྱིས། གོང་འཁོད་མཛད་སྒོའི་དུས་ཚེས་རེ་ཞིག་ཕྱིར་འགྱངས་བྱེད་རྒྱུ་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འཆར་ཅན་གྱི་དམིགས་བསལ་ཚོགས་ཆེན་ཡང་ཕྱི་ལོ ༢༠༡༣ ཟླ ༣ ཚེས་ ༡༤ བར་ཕྱིར་འགྱངས་བྱེད་རྒྱུ་དང་། དེ་ནས་ཕྱི་ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་ལ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དམིགས་བསལ་ཚོགས་ཆེན་འཚོགས་རྒྱུ་དང་། འཚོགས་འདུའི་ནང་དོན་གཙོ་བོ་ནི། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ལས་འགུལ་སྤེལ་ཕྱོགས་སྐོར་ལ་གོ་བསྡུར་ཀྱིས་ཐག་གཅོད་གཏན་འབེབས་བྱ་རྒྱུ་དང་། དམིགས་བསལ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་ཞུ་ཕྱོགས་ཐད་ལ་གོ་བསྡུར་དང་། གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུ་སོགས་ཡིན་པས། སྔོན་འཁོད་གསལ་བསྒྲགས་ནང་གསལ་མདོ་སྨད་ཆོལ་ཁའི་གནད་ཡོད་མི་སྣ་རྣམས་དུས་ལྟར་ཚོགས་འདུར་ཆིབས་བསྒྱུར་བསྐྱངས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སུ།
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༧ ཉིན།