ཁ་སང་གཟའ་སྤེན་པའི་ཉིན་ཨ་རིའི་ཨིན་ཌིའི་ཡཱ་ཎ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྐུ་ཞབས་ཨེལ་ལི་ཁྲི་སི་ཕེར་ལེན་ལགས་ཀྱིས་ས་རཱ་མཐོ་སློབ་ཀྱི་དགེ་སློབ་རྣམས་ལ་ ༼ལོ་རྒྱུས་ཐོག་བོད་ཀྱི་གནས་བབ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། བོད་མི་ཚོས་ལོ་རྒྱུས་ཐོག་རང་བཙན་གྱི་རྩ་དོན་ནམ་ཡང་བློས་གཏོང་མི་རུང་བའི་སྐོར་སོགས་བརྗོད་བྱུང་།
ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་བཞུགས་སྒར་ཉེ་འཁྲིས་ས་རཱ་མཐོ་སློབ་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ས་རཱ་མཐོ་སློབ་ཐུན་མོང་གི་གོ་སྒྲིག་འོག ཨ་རིའི་ཨིན་ཌིའི་ཡཱ་ཎ་གཙུག་ལག་སློབ་གྲྭའི་(Indiana University) སློབ་དཔོན་སྐུ་ཞབས་ཨེལ་ལི་ཁྲི་སི་ཕེར་ལེན་ (Prof. Elliot Sperling ) ལགས་གདན་ཞུའི་ཐོག དེར་ཡོད་དགེ་སློབ་རྣམས་ལ་༼ལོ་རྒྱུས་ཐོག་བོད་ཀྱི་གནས་བབ༽ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་མ་ཟད། སློབ་གྲྭའི་སློབ་མ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་སོང་ལ། དུས་ཡུན་སྐར་མ་ ༤༥ ལྷག་གི་གཏམ་བཤད་སྐབས་སྐུ་ཞབས་ཨེར་ལི་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ལ་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་ཏེ། བོད་དེ་ཡོན་རྒྱལ་རབས་ཀྱི་སྐབས་ནས་རྒྱ་ཁོངས་ཡིན་ཚུལ་དང་། རྒྱ་ནག་དང་ཁ་བྲལ་དུ་མི་རུང་བའི་ས་ཆ་ཞིག་ཡིན་སྐོར་བཤད་ཀྱིན་པ་མ་ཟད། ལོ་གསུམ་བཞིའི་ཡར་སྔོན་ནས་བཟུང་ལོ་རྒྱུས་མ་བྱུང་གོང་ནས་རྒྱ་ནག་གི་ས་ཆ་ཞིག་ཡིན་པའི་སྐད་ཆ་གསར་བ་ཞིག་ཡོང་གི་ཡོད་ཀྱང་། བོད་དེ་སུང་དང་ཡོན། ཆིན། མེན་བཅས་རྒྱལ་རབས་རིམ་པའི་སྐབབས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་རལ་བ་ཅན། ཁྲི་སྲོང་ལྡེ་བཙན་བཅས་ལྷ་བཙན་པོའི་སྐབས་སུའང་རྒྱ་ནག་གི་ཕྱི་ལོགས་ཡིན་ཡང་། ཕྱིས་སུ་བོད་དང་སོག་པོ། ཨོའུ་ཀེར་བཅས་ལ་བཙན་རྒྱལ་རིང་ལུགས་ཀྱིས་བཙན་གནོན་ཐེབས་ཡོད་ཚུལ། དུས་རབས་ ༢༠ དང་ ༢༡ ནང་བཙན་རྒྱལ་རིང་ལུགས་པ་དང་མི་སེར་སྤེལ་ཡུལ་དེ་འཛམ་གླིང་ནང་ངོ་ཚ་བའི་གནས་སུ་གྱར་ཡོད་ཀྱང་། རྒྱ་ནག་གིས་ཁོང་ཚོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མི་གྲངས་མང་པོའི་རྒྱལ་ཁབ་ཡིན་ཚུལ་བཤད་དེ་ལོ་རྒྱུས་ཀྱི་ཐོག་ནས་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་ནའང་། བོད་དང་རྒྱ་ནག་གི་ཡིག་ཆ་ཁག་ཏུ། བོད་དང་སོག་པོར་བཙན་རྒྱལ་རིང་ལུགས་པའི་དབང་ཤུགས་ལ་བརྟེན་ནས་རང་བཙན་ཡིན་པའི་རྒྱལ་ཁབ་གཏོར་བཤིག་བཏང་བ་ཡིན་ཚུལ་སོགས་བརྗོད་བྱུང་།
བོད་མི་ཚོས་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་དང་རང་ཉིད་ཀྱི་རྩ་དོན་བརླག་མི་རུང་བའི་ཐད་ཁོང་གིས། “ རྒྱ་ནག་གིས་བོད་དང་སོག་པོ་གཉིས་གནའ་སྔ་མོ་ནས་རྒྱ་ནག་གི་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད། ལོ་རྒྱུས་ཐོག་ནས་མགོ་སྐོར་གཏོང་བཞིན་པ་དེ་ཉེན་ཚབས་ཅན་ཡིན་སྟབས། ལོ་རྒྱུས་ལ་སློབ་སྦྱོང་མ་བྱས་པར་ལོ་རྒྱུས་བརྗེད་པ་ཡིན་ན། ལོ་རྒྱུས་རྫུན་མ་མང་པོ་བསླེབས་ཀྱང་མི་ཤེས་པ་ཆགས་ངེས་སྟབས། བོད་རང་གི་ཆོས་འབྱུང་དང་ལོ་རྒྱུས། རྒྱ་ནག་གི་ལོ་རྒྱུས་ཡིག་ཆ་ཁག་ལས་རང་བཙན་ཡིན་དང་མིན་དེ་ང་ཚོས་གསལ་བོ་བཀོད་ཡོད་པ་རེད་ལ། བོད་རང་བཙན་ཡིན་པ་ཕྱི་རྒྱལ་བ་མང་པོས་ཤེས་ཀྱི་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་ཆེན་པོ་མན་ཇུའི་རྒྱལ་ཁབ་ཅིག་ལས་མི་མང་སྤྱི་མཐུན་རྒྱལ་ཁབ་ཅིག་མིན་པ་རྒྱ་ནག་གིས་ཡག་པོ་བཤད་ཀྱི་མེད། ཕྱི་རྒྱལ་མི་རིགས་ཚོས་ཀྱང་ཡག་པོ་ཞིབ་འཇུག་བྱེད་ཀྱིན་མེད་སྟབས། ཁྱེད་རང་ཚོས་ངེས་པར་དུ་གསལ་བོ་བཟོ་དགོས་ཀྱི་ཡོད་པ་རེད། ངས་ཁུངས་ལྡན་གྱི་ར་སྤྲོད་ཁྱེད་རང་ཚོར་སྤྲོད་ཐུབ་ཀྱི་རེད། གནས་ཚུལ་དེས་ཞེ་སྣང་དང་ག་རེ་གནང་གི་རེད། ང་དེའི་སྐོར་ཞིབ་འཇུག་བྱེད་མཁན་རེད། ཁྱེད་རང་ཚོས་གསལ་བོ་མཁྱེན་དགོས་པ་རེད། ཁྱེད་རང་ཚོས་ང་རྒྱ་ནག་གི་མི་སེར་ལག་འཁྱེར་ཡོད་ན་འགྲིག་གི་རེད། རང་སྲིད་རང་སྐྱོང་རག་ན་འགྲིག་གི་རེད་ཅེས་ལབ་ན། དེ་ལོ་རྒྱུས་དང་རྒྱབ་འགལ་ཆགས་ཡོད་པ་རེད། རྒྱའི་ཁོངས་ཡིན་དང་མིན། བོད་རང་བཙན་ཁས་ལེན་དང་མི་ལེན་དེ་ཁྱེད་རང་ཚོའི་ལག་པར་ཡོད་པ་རེད། ངས་ལོ་མང་རིང་བོད་ཀྱི་ལོ་རྒྱུས་ཐོག་ཞིབ་འཇུག་བྱས་པ་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་གསལ་བོ་རེད། ཡིན་ནའང་། ཁྱེད་རང་ཚོས་མི་རབས་འདིས་བོད་རང་བཙན་མིན་པ་ཁས་བླངས་པ་ཡིན་ན། ལོ་རྒྱུས་ཀྱི་ངོས་ནས་མི་རིགས་དང་མེས་པོར་རྒྱལ་འགལ་ཆགས་པ་རེད། ” ཅེས་བརྗོད་བྱུང་།
དྲི་བ་དྲིས་ལན་གྱི་སྐབས་སུ་ཁོང་གིས་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ། ཁོང་གི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་སེལ་རྒྱུ་ཧ་ཅང་ཁག་པོ་མཐོང་གི་ཡོད་པ་དང་། དབུ་མའི་ལམ་གྱི་ཐ་སྙད་དེ་ཆོས་ཀྱི་ཐ་སྙད་ཅིག་ཡིན་སྟབས། མི་ལ་འགྲེལ་བཤད་རྒྱག་སྐབས་གསལ་བོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་དང་། མི་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་དེ་བོད་ནང་ལོག་ཐུབ་པ་དང་བོད་རང་བཙན་ལེན་ཐུབ་པའི་རེ་བ་རྒྱག་གི་ཡོད་ཀྱང་། བོད་རྒྱ་ཁོངས་ཡིན་པ་ཁས་བླངས་པ་ཡིན་ན། རྒྱལ་སྤྱིའི་ངོས་ནས་རྒྱབ་སྐྱོར་ཡོང་མི་སྲིད་པ་ཞིག་ཡིན་སྐོར་དང་། བོད་མི་ཚོ་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བའི་ལོ་རྒྱུས་ཀྱི་བདེན་པ་དང་རིག་གཞུང་སོཊ་ཡོད་སྟབས། བོད་མི་ཚོས་རང་བཙན་འཐབ་རྩོད་བྱ་རྒྱུ་དེ་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་སྐོར་སོགས་བརྗོད་བྱུང་།
ཕྱི་ལོ་ ༡༩༡༡ ལོར་ཁམས་ཆབ་མདོར་དབྱིན་ཇི་དང་ཨ་རི། རྒྱ་བོད་བཅས་ཀྱིས་སྐུ་ཚབ་མཉམ་འཛོམས་ཐོག་དོན་ཚན་ ༡༡ ཅན་གྱི་ཆིངས་ཡིག་ཅིག་བཞག་ཏེ། འབྲི་ཆུའི་ཤར་རྒྱུད་ཆ་ཚང་རྒྱ་ནག་གི་མངའ་ཁོངས་སུ་བཞག་པ་དེ་མ་འོངས་པར་བོད་རང་བཙན་ཐོབ་པ་ཡིན་ན་ཕྱིར་རག་མིན་ཐད་ཁོང་གིས། “ སྐབས་དེར་རྒྱ་ནག་གིས་ཁམས་ཀྱི་ཕྱོགས་སུ་དམག་བརྒྱབ་པ་རེད། ཡིན་ནའང་། སྐབས་དེའི་ཡི་གེ་དེ་དམག་མཚམས་འཇོག་པའི་ཡི་གེ་ཙམ་ལས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་གྱི་ཆིངས་ཡིག་ཅིག་མ་རེད། ༡༩༡༤ ལོར་བོད་རྒྱ་དབྱིན་གསུམ་གྱིས་ཆིངས་ཡིག་ཅིག་བཞག་པ་དེ་ཡང་རྒྱ་ནག་གིས་མཚན་རྟགས་བཀོད་མེད་སྟབས་ཁས་ལེན་གྱི་ཡོད་པ་མ་རེད། སྐབས་དེར་ནང་བོད་དང་ཕྱི་བོད་ཅེས་དབྱེ་བ་ཕྱེ་ཡོད་ཀྱང་། རྒྱ་ནག་གིས་ས་མཚམས་ཀྱི་ཕྱོགས་ནས་མཚན་རྟགས་མ་བཀོད་སྟབས། ཐོབ་ཐང་ཅི་ཡང་རག་ཐུབ་ཀྱི་ཡོད་པ་མ་རེད། གལ་ཏེ། དེ་འདྲ་ཡིན་ན་ཕྱི་བོད་ལྷ་ས་དང་བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་རེད། དེ་ད་ལྟའི་ཕྱི་སོག་ལྟ་བུ་ཆགས་པ་རེད། ཆིངས་ཡིག་དེའི་སྐོར་ལ་རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་སྐོར་ཡང་ཡོད་པ་རེད། རྒྱ་གར་གྱི་ས་མཚམས་ཀྱི་ས་གནས་དེ་ཁས་བླངས་པ་ཡིན་ན། ཆིངས་ཡིག་ཆ་ཚང་ཁས་ལེན་ཐུབ་ཀྱང་དེ་ཁས་བླངས་མེད་སྟབས། ཆིངས་ཡིག་དེ་དག་ཁག་པོ་ཆགས་ཡོད་པ་རེད། གཙོ་བོ་བོད་རང་བཙན་ཡིན་པ་དང་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་རང་བཙན་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་བོད་མི་ཚོས་རྩོད་དགོས་པ་རེད། དེ་ལྟར་རག་པ་ཡིན་ན་བོད་པ་ཚོ་རང་བཙན་གཙང་མ་ཞིག་རག་པ་རེད། ” ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
རང་བཙན་དགྲ་ལ་རྩོད་དགོས་པ་ལས་ནང་ཁུལ་དུ་རྩོད་ནས་ཅི་བྱེད། ཁ་བཤད་དོན་ལ་གནས་དགོས་པ་ལས་ཁ་མཁས་བཤད་ནས་ཅི་བྱེད། བདེན་གཏམ་བདེན་པར་འཛིན་དགོས་པ་ལས་རང་ཕྱོགས་འཐེན་ནས་ཅི་བྱེད། གནས་ལུགས་དཔྱད་པ་དགོས་པ་ལས་གཡང་འཆང་བྱེད་ནས་ཅི་བྱེད། བཞགས་པའི་བྱས་རྗེས་སྟོན་དགོས་པ་ལས་སྟོང་གཏམ་བཤད་ནས་ཅི་བྱེད། མཐུན་འབྲེལ་དམ་གཙང་དགོས་པ་ལས་ནང་ཁུལ་དཀྲུགས་ནས་ཅི་བྱེད། རང་སྐྱོན་ངོ་ངོས་འཛིན་དགོས་པ་ལས་ལོག་པ་སྨྲ་ནས་ཅི་བྱེད།ལོ་རྒྱུས་དྲང་བདེན་དགོས་པ་ལས་འཁྱོགས་བཤད་བྱེད་ནས་ཅི་བྱེད། རྒྱ་བོད་མཉམ་གནས་དགོས་པ་ལས་ཁ་བྲལ་རྩོད་ནས་ཅི་བྱེད།གཉིས་སྨན་ཐབས་ལམ་དགོས་པ་ལས་རང་འདོད་བཤད་ནས་ཅི་བྱེད
ལྗགས་ནག་པ་ཟེར་བ་འདིས་བཤད་སྟངས་ལ་བལྟས་ན་ཁོ་རང་ལོ་རྒྱུས་མཁས་པ་དང་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་བཤད་ཐུབ་པའི་ལྕེ་དང་བཤད་ཕོད་པའི་སྙིང་ཡང་ཡོད་མདོག་བཤད་འདུག་ག
བསྟན་འཛིན་བརྩོན་འགྲུབ་དང་འཇམ་དབྱངས་ནོར་བུ་གཉིས་ལས་ལྷག་པའི་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་བཤད་ཐུབ་མཁན་ཞིག་ཡིན་ན་བཤད་དགོས་པ་རེད། ཡིན་ནའང་སྔ་ནས་ད་ལྟའི་བར་དུ་ཅང་མཐོང་གྱི་མེད་པྭ།
རང་བཙན་གྱི་ལོ་རྒྱུས་འཚོལ་ཐུབ་ཀྱི་ཡོད་ན་ཁྱོད་རང་ལའང་འགན་ཡོད་པ་རེད། ཁྱོད་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རེད། རང་བཙན་ཁས་ལེན་འདོད་མེད་ན་ཁ་གསང་པོ་ཐོག་ནས་ལབ་བཞག་ན་དགའ་གི་རེད།
ད་བཤད་དགོས་ཐུག་སོང་། སྐྱབས་སུ་མཆི། ངལ་རྩོལ་བ་ཞིག་ཡིན། ཡིན་ནའང་། དོན་དག་གཉིས་དེ་གསལ་བོར་ཤེས་ཀྱི་ཡོད། ༡ ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཐད་ཀྱི་ཚོགས་གཙོའི་ལྗགས་འཕྲིན་དང་། ཁུ་ལུན་ཊོན་སྲིད་གཞུང་གི་ཕྱི་སྲིད་བློ་འདོན་པ་སྦྀར་ལིང་མཆོག་གི་གཏམ་བཤད་ལས་བོད་མི་བློ་རྣོ་ཚོར་ལམ་ཁ་ཞིག་སྟོན་གྱི་ཡོད་པ་རེད་ལ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི་བོད་དོན་གྱི་རུ་འདྲེན་པ་ཡིན་པས། གནས་དེ་ནས་ལམ་འཇུག་གནང་བ་ཧ་ཅང་གི་གལ་ཆེན་རེད། ཡིན་ནའི། བོད་པ་ཚོས་ཚོར་བ་དོར་ནས་འབད་པ་བྱེད་མིན་གྱི་ཡིག་རྩལ་ཞིག་ཀྱང་རེད། རྒྱུ་མཚན་ནི་ཁོང་ནི་སློབ་དཔོན་ཞིག་ཡིན་པར་མ་ཟད། དཔོན་རིགས་ཟུར་བ་ཞིག་ཀྱང་རེད། ད་ཤོད་ཡ།
འདི་ན་ཀླད་པ་ལྗང་ནག་སོགས་རེ་ཟུང་གིས་ཅིག་ཟེར་ཁུལ་བྱེད་ཀྱིན་འདུག ཕྱིའི་མིས་འདི་ལྟར་བཤད་སྐབས་ཀྱང་ནང་ཁུལ་ལ་ཚོར་བ་སྤར་མོ་གང་ཞེས་དམའ་འབེབས་ཇི་ཐུབ་ཀྱིས་ནང་ཁུལ་ལ་སྡང་བར་བྱེད། ཚོར་བ་སྤར་མོ་གང་ལས་མེད་ཀྱང་ཚོར་བ་ཞིག་གིས་བཤད་ཀྱིན་ཡོད་པ་ལ། ཁྱེད་ཅག་ལ་ཚོར་བ་ཙམ་ཡང་མེད་ན་ཚོར་བའི་སྐོར་ལ་གཅིག་བཤད་པའི་ཐོབ་ཐང་ཨེ་ཡོད་ན། བོད་མི་ས་ཡ་དྲུག་གི་ནང་དུ་ཚོར་བ་ཡོད་མེད་གཉིས་ཀྱི་གྲངས་འབོར་བསྡུར་ན་སུ་མང་རྒྱུ་རེད། ཕྱི་མ་དོན་གཉེར་བ་དང་འདིར་སྣང་དོན་གཉེར་བ་གཉིས་བསྡུར་ན་སུ་མང་རྒྱུ་རེད། འདི་ལ་ཐུགས་བསམ་ཞིག་བཞེས་དགོས། ལར་ནས་སེམས་ཁམས་འདི་འདྲ་འགྲུབ་རྒྱུ་རྐྱེན་ལྟེ་བ་གང་དུ་འདུག དྲ་གྲོགས་ཡོངས་ཀྱིས་ཐུགས་བསམ་རེ་བཞེས་རོགས།
བོད་ཀྱི་བྱུང་རབས་ཀྱི་གནས་བབ་ཐུགས་ལ་ཆུད་ཅིང་དུས་བསྟུན་བསྒྱུར་བཅོས་ཀྱི་བློ་ཁོག་སྟོབས་ཀྱིས་ཕྱེས་པ་དག་གིས་དངོས་ཡོད་གནས་ཚུལ་ནང་འགུལ་བསྐྱོད་རྒྱག་རྒྱུ་ཡོད་པའི་ཆབ་སྲིད་ཀྱི་ལམ་བུ་ཞིག་རིག་པས་འདེམས་ནས་བགྲོད་བཞིན་པ་དང། དཔེ་ཀློག་ལ་མི་བརྩོན་ཞིང་རྒྱ་བོད་གནས་ཚུལ་ཐད་སློབ་སྦྱོང་མི་བྱེད་མཁན་ཁག་ཅིག་གིས་ཚོར་བ་སྤར་མོ་གང་གང་སར་གཡུག་རྐྱང་གིས་རང་བཙན་བཤད་ཁུལ་ཡང། རང་བཙན་ལོ་རྒྱུས་ཀྱི་བྱུང་བ་བསྡུ་རུབ་བྱེད་རྒྱུའི་བློ་ཁོག་མི་འདུག བརྩོན་འགྲུས་མི་འདུག རྣམ་དཔྱོད་མི་འདུག་ཅེས་ཡོངས་གྲགས་ཐོག་གླེང་བ་ནི་བདེན་པར་འདྲ་སྟེ། རང་བཙན་མ་རྩད་པ་ནི་སྤྱིར་རྒྱ་ནག་མ་ཤེས་ཚུལ་ཡང་ཡང་ཟེར་བའི་དགུ་བཅུ་གསུམ་ཚོགས་པའི་ཀླུ་མཁར་བྱམས་ནས་མཐའ་མར་ཨིན་ཇི་མགོ་སེར་ཞིག་ལ་༼ བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་༽འགྲེལ་བཤད་རྒྱག་ཏུ་བཅུགས་པ་འདི་ཡ་ང་ཞིག་ཡིད་མུག་པ་ཞིག་མ་རེད་དམ། བསྟན་འཛིན་བརྩོན་འགྲུས་ཀྱིས་ཞྭ་སྒབ་པའི་ཕྱི་བསྐྱོད་ལག་ཁྱེར་ཀུན་ལ་བསྟན་བསྟན་ནས་ད་ནི་འུ་ཐུག་ཐང་ཆད་ནས་ཤི་སོང་བ་འདྲ་ནའང། ཉམས་ཞིབ་པ་དང་རྩོམ་པ་པོ་ཟེར་བ་དེ་ཚོའི་ཁར། ཅིག་ཡིག་བསྒྱུར་པའང་ཡིན་མདོག་མདོག་བྱེད་རྒྱུར་དགའ་བའི་རང་བཙན་པ་ཞིག་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྨྲ་རྒྱུའི་ཁ་སྟབས་འདི་ལས་མེད་ཚེ། མི་འདིའི་རིགས་ཀྱིས་རང་བཙན་རྩད་ནས་ལོན་རྒྱུ་ཕར་ཞོག རྩོད་མ་ཤེས་ན་བརླག་བཞག་ནའང་ང་ལྟ་བུ་ལ་ཕང་སེམས་ཕྲ་མོ་ཙམ་ཡང་མེད་སྟེ། གཞི་རྩའི་འཐབ་རྩོད་པའི་གནས་ཚད་འདི་འདྲ་བ་ཞིག་གིས་བོད་མི་རིགས་ལ་ཁྱིམ་གཞིས་དྲོད་ཁོལ་ལྡན་པ་ཞིག་བསྐྲུན་མི་ཐུབ་པ་ས་རིས་ཐང་གསལ་རང་རེད།
སྔོན་འཇམ་དབྱངས་ནོར་བུས་སྡུག་སྐད་རྒྱབ་པ་དེའང་ད་བལྟས་དུས་བདེན་བདེན་འདྲ་ཞིག་འདུག་སྟེ། ཁོང་ལ་རང་བཙན་པར་ཁེས་ཆེ་བ་དག་གི་ནང་གྲོགས་པོ་རང་བཙན་འཚོལ་རྒྱུའི་བྱུང་རབས་ཀྱི་མིག་ཅན་གང་ཡང་མེད་པའི་སྨྲེ་སྔགས་དེ་རེད། ཡིན་ནའང། མཐའ་མ་དེར་ཁོས་འཚོལ་བསྡུ་བྱས་པ་དག་གཞོན་ནུས་པར་འགྲེམས་ཞུ་འཆར་ལ་ཁོ་ཚེ་མཇུག་སེམས་ངལ་ཐེངས་གཅིག་སངས་ཚུལ་བཤད་ཡོད་པ་རེད། དེ་བདེན་པ་མ་རེད་དམ།
མགོ་སེར་འདིས་རང་བཙན་བློས་གཏོང་མ་གཏོང་བཤད་ཁུལ་འདི་ག་རེ་རེད། བློས་གཏོང་རྒྱུ་ཡིན་ན། དང་པོ་རང་བཙན་ཅིག་ཡོད་དགོས་པ་རེད་མོད། གནའ་ནས་ཤོར་ཚར་བ་ཞིག་ལ་ད་གཞི་ནས་བློས་གཏོང་རྒྱུ་ཞིག་གང་ན་ཡོད། རང་བཙན་རྩོད་པ་དང་ལེན་པ་ལ་ལོ་རྒྱུས་ཀྱི་རྒྱབ་རྟེན་གཅིག་པུས་འགྲིག་གམ། ཡང་ན་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད་དམ། སང་ཉིན་མིང་དོན་མཚུངས་པའི་རང་སྐྱོང་བླངས་པ་ཡིན་ན་རང་བཙན་དོར་ཡོད་དམ། གཏན་ནས་ཡོད་པ་མ་རེད། ཤི་ཟིན་པའི་རང་བཙན་དང་གཞན་གྱིས་དབང་བསྒྱུར་བྱས་ཟིན་པའི་རང་བཙན་ཞིག དབང་བསྒྱུར་མྱོང་མཁན་གྱི་མི་མང་དེར་དོར་མ་དོར་གྱི་ཐ་སྙད་འདི་འཇུག་ས་འགྲོའམ། མིང་དོན་མཚུངས་པའི་རང་སྐྱོང་བླངས་པ་ཡིན་ནའང། བླངས་པ་དེས་རང་བཙན་མ་ཤོར་བའི་གོང་གི་གནས་བབ་རྣམས་བསུབ་ཐུབ་བམ། མགོ་སེར་འདིའི་འགལ་ཟླ་ཐད་ཀར་མཐོང་ཡ་ཡོད་པ་འདི་རིགས་ཀྱང་བཞག་ནས། ཅིག་བཤད་ཁུལ་བྱེད་པ་འདི་མཐོང་ཆུང་མ་རེད་དམ། མ་གཞི་ནས་བོད་ཀྱི་རིག་པ་དང་ཆབ་སྲིད་ལ་ཁ་གཡར་སྟེ་སོ་སོའི་ཁེ་ཕན་འཚོ་བ་ཨང་དང་པོར་འཇོག་མཁན་དེ་འདྲ་མིན་པར་ཤོག
ཆེན་པོ་ཞིག་ལ་ཁ་གདོངས་མི་རུང་ཞེས་་་་་་་་་་་་་་་་་་་་་་་་་་་་་ནོར་བཅོས་གནང་རོགས་དགོངས་སེལ་ཞུ།།
དྲང་བདེན་ལ་རིན་ཐང་མེད་དང་གཅིག །དཔའ་འབྱོར་ཡི་འགྲེན་རྩོད་ཆེ་དང་གཉིས། །དམག་དོན་གྱི་སྟོབས་ལ་དོགས་དང་གསུམ། །གཡོ་སྒྱུ་ཡི་གཞན་མགོ་སྐོར་དང་བཞི། །བྱམས་བརྩེའི་དབུལ་ཤིང་ཕོངས་དང་ལྔ། །ནང་ཁུལ་གྱི་མཐུན་སྒྲིལ་ཞེན་དང་དྲུག །གཟུར་གནས་ཀྱི་བློ་མིག་ཉམས་དང་བདུན། །ཆེན་པོ་སྤྲད་ལེབ་དགའ་དང་བརྒྱད། །འདྲ་མཉམ་ལ་འདྲེན་སེམས་ཆེ་དང་དགུ །ཉམ་ཆུང་ལ་ཆེ་མཐོང་མེད་དང་བཅུ། །རང་ཉིད་ལ་ནུས་སྟོབས་མེད་དང་བཅུ་གཅིག ། འདིག་དག་ས་སྒང་འདིར་མེད་པ་འགྱུར་བས་ཉིན་དེ་ནས་བོད་རང་བཙན་ཡིན་པའི་ལོ་རྒྱུས་དང་སྒྲུབ་བྱེད་དག་ལ་རེ་བ་ངེས་ཅན་ཞི་བཅོལ་ཆོག །དེ་མིན་འཇའ་མཚོན་ལ་ལག་པའི་རེག་འདོད་དང་གཅིག་མཚུངས་ཡིན་པའི་ཆེན་པོ་ཞིག་ལ་གདོངས་མི་རུང་། །
འདས་ད་མ་འོངས་ཀྱི་བོད་མི་རིགས་སུས་ཀྱང་བོད་རང་བཙན་མིན་པར་ཁས་བླངས་མི་སྲིད། ཉི་ཟླ་ཐང་ལ་ལྷུང་། གནམ་སྔོན་པོ་ས་ལ་ཟག་ཀྱང་བོད་མིས་བོད་རང་བཙན་མིན་པར་ཁས་བླངས་མི་སྲིད། འོན་ཀྱང་བོད་རང་བཙན་རྩོད་མི་སྲིད་ན་ཐང་། དེ་ལས་ཀྱང་ཉེན་ཁ་ཞིག་ནི་རྒྱ་མི་རྩོམ་པ་པོས་བོད་རང་བཙན་ཡིན་ཀྱང་རང་བཙན་མིན་པར་བོད་རྒྱ་ཁོངས་ཡིན་པར་བསྒྲུབ་བཞིན་པ་དང་། བོད་ཀྱི་རྩོམ་པ་པོས་བོད་རང་བཙན་གཙང་མ་ཡིན་ཡང་མཚམས་ཞིག་ནས་མ་རེད་མདོག་མདོག་བཤད་བཞིན་པ་ནི་ཐབས་སྐྱོ་བོ་ཞེ་དྲགས་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་རེད་དེ་ལ་འགྱུར་བ་གཏོང་ཡ་ཡོད་པ་མ་རེད། ཁྱིམ་ཚང་ཞིག་གི་བུ་ཕྲུག་ཕ་མས་བདག་སྐྱོང་མ་བྱས་པར་ལོ་མང་ལྷག་ན་ཡང་ཁྱིམ་ཚང་དེའི་མི་མིན་མི་སྲིད་པ་ལྟར་རེད།
་་་ རྒྱའི་ཁོངས་ཡིན་དང་མིན། བོད་རང་བཙན་ཁས་ལེན་དང་མི་ལེན་དེ་ཁྱེད་རང་ཚོའི་ལག་པར་ཡོད་པ་རེད། ངས་ལོ་མང་རིང་བོད་ཀྱི་ལོ་རྒྱུས་ཐོག་ཞིབ་འཇུག་བྱས་པ་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་གསལ་བོ་རེད། ཡིན་ནའང་། ཁྱེད་རང་ཚོས་མི་རབས་འདིས་བོད་རང་བཙན་མིན་པ་ཁས་བླངས་པ་ཡིན་ན། ལོ་རྒྱུས་ངོས་ཀྱི་མི་རིགས་དང་མེས་པོར་རྒྱལ་འགལ་ཆགས་པ་རེད། ་་་དང་།
་་་་་ ཆིངས་ཡིག་དེ་དག་ཁག་པོ་ཆགས་ཡོད་པ་རེད། གཙོ་བོ་བོད་རང་བཙན་ཡིན་པ་དང་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་རང་བཙན་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་བོད་མི་ཚོས་རྩོད་དགོས་པ་རེད། དེ་ལྟར་རག་པ་ཡིན་ན་བོད་པ་ཚོ་རང་བཙན་གཙང་མ་ཞིག་རག་པ་རེད། ” ཅེས་བརྗོད་བྱུང་། ་་་ཟེར།