རྒྱ་གཞུང་གིས་མཚོ་ཤར་ཡ་རྫི་རྫོང་བིས་མདོ་དགོན་པའི་གྲྭ་པ་གཉིས་འཛིན་བཟུང་བྱས་ཏེ། ད་ཆར་ཡ་རྫི་རྫོང་ཉེན་རྟོག་ཁང་དུ་བཙོན་འཇུག་བཀག་ཉར་བྱས་འདུག
ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༩ ཉིན་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྐང་ཚ་ཞང་དུ་རྒྱལ་གཅེས་དཔའ་བོ་དཔའ་བོ་དབང་ཆེན་ནོར་བུ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཟིན་པ་ལྟར། ཕྱི་ཚེས་ ༢༡ ཉིན་ཡ་རྫི་རྫོང་བིས་མདོ་ཞང་དུ་ཡོད་པའི་བིས་མདོ་དགོན་ཆེན་གཙོས་ས་གནས་དེ་གའི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས། རྒྱལ་གཅེས་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་ནང་མིར་མྱ་ངན་འཚམས་འདྲིའི་ཆེད་བསྐྱོད་སྐབས། ཡ་རྫི་རྫོང་གི་མགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ། བིས་མདོ་དགོན་ཆེན་གྱི་བླ་མ་བཅས་ཡོང་སྟེ་རྐང་ཚ་ཞང་གི་ཉེ་འདབས་གསེར་སྒའི་ཉག་གར་བཀག་འགོག་དང་། སྐབས་དེར་འཚམས་འདྲིར་ཕྱིན་པའི་སྐྱ་སེར་བོད་མི་ཁག་ཅིག་འཛིན་བཟུང་གིས་རྗེས་སུ་ཀློད་གྲོལ་བཏང་འདུག་མོད། ཉེ་ལམ་རྒྱ་གཞུང་གིས་བིས་མདོ་དགོན་པའི་གྲྭ་བརྩོན་འགྲུས་དང་དགེ་འདུན་ཚུལ་ཁྲིམས་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཨ་ཁུ་སངས་རྒྱས་ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་གཉིས་འཛིན་བཟུང་བྱས་དོན་གཙོ་བོ། རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་སྐུ་གྲོངས་རྗེས་བིས་མདོ་དགོན་ཆེན་དུ་མཆོད་འབུལ་སྨོན་ལམ་དང་། རྐང་ཚར་མྱ་ངན་འཚམས་འདྲི་བསྐྱོད་སྐབས་བཅས་ཀྱི་སྣེ་འཁྲིད་པ་བཅས་ཡིན་པའི་ཉེས་འཛུགས་འོག་བཀག་ཉར་བྱས་པ་ཞིག་ཡིན་པ་མ་ཟད། གྲྭ་བརྩོན་འགྲུས་ལགས་ལ་རྐང་ཚར་འགྲོ་མ་བཅུག་པའི་ཉིན་དེར་ས་གནས་རང་དུ་གྲྭ་བ་ཚོས་བསྔོ་སྨོན་གསུང་སྐབས་ཀྱི་དབུ་མཛད་གནང་བའི་ཉེས་འཛུགས་ཀྱང་བྱས་ཡོད་འདུག ཉེ་ཆར་ཁོང་གཉིས་ཀྱི་ནང་མི་ཉེ་འབྲེལ་ཚོ་སྔ་ཕྱི་ཐེངས་ ༥ རྫོང་གི་ལས་ཁུངས་དང་ཉེན་རྟོག་ལས་ཁུངས་བཅས་སུ་ཕྱིན་སྟེ། ཁོང་གཉིས་ལ་ཉེས་མེད་ཉེས་འཛུགས་བྱས་པ་ལས་ནག་ཉེས་ཅི་ཡང་མེད་པའི་གསལ་བཤད་བྱས་ཡོད་ཀྱང་། ད་ཆར་ཡ་རྫི་རྫོང་ཉེན་རྟོག་ལས་ཁུངས་སུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་ཙམ་ལས། གཟུགས་པོའི་གནས་སྟངས་ཇི་ཆགས་སོགས་ཅི་ཡང་མ་ཤེས་པར་ལྷག་འདུག
གྲྭ་བརྩོན་འགྲུས་ལགས་ནི་ཡ་རྫི་རྫོང་བིས་མདོ་ཞང་ཆུ་རྐྱལ་གོང་མ་སྡེ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༧ ཡས་མས་ཡིན་འདུག་ལ། གྲྭ་དགེ་འདུན་ཚུལ་ཁྲིམས་ལགས་ནི། བིས་མདོ་ཞང་གཤོངས་ཡུལ་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༣༠ ཡས་མས་ཡིན་འདུག