མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་ཕྱོགས་སུ་བོད་སྐད་ཡིག་རྒྱུན་འཛིན་བྱེད་ཕྱོཊ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

མཁས་གྲུབ།

༄༅། །མི་རིགས་སོ་སོར་འབྱེད་བྱེད་ཀྱི་རྟགས་མཚན་ལ་ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་ཀྱི་གྲུབ་ཆ་སྣ་ཚོགས་མཆིས་ཤིང་དེ་ལས་གལ་ཆེ་ཤོས་སྐད་དང་ཡི་གེ་ཡིན་པ་འཛམ་གླིང་ཤར་ནུབ་གྱི་མཁས་པ་མང་པོའི་ཐུན་མོང་གི་ལྟ་གྲུབ་ཏུ་སྣང་བས། རྒྱ་དམར་སྲིད་གཞུང་གིས་ཀྱང་སྐད་ཡིག་ནི་བོད་རྩ་མེད་དུ་བཟོ་ཐུབ་པར་གནད་འགག་ཡིན་པ་རྟོགས་ཏེ། དེ་འབྲེལ་གྱི་སྲིད་ཇུས་མང་བོ་གཏན་ལ་ཕབས་པ་ཤིང་། བོད་ནང་གི་སློབ་གྲྭ་ཁག་དང་དགོན་པ་ཁག་གི་ནང་ལས་རིགས་སྣ་མང་གི་སྒྲོམ་གཞི་ལག་ལེན་དུ་ལྟར་བཞིན་པ་རེད།  

ལྷག་པར་དུ་ཉེ་བའི་ལོ་འགའི་ནང་ལས་རིགས་ཀྱི་སྒྲོམ་གཞི་དེ་དག་གི་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ། རིག་གཞུང་དང་བཅས་པ་ཉེན་ཁའི་གནས་སུ་སྐྱེལ་བཞིན་པའི་གནས་སྟངས་འདི་ནི། བོད་མི་ཚང་མས་དོ་སྣང་སྤྲོད་འོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པས།  རང་གི་མཐོང་ཐོས་མྱོང་གསུམ་གཞིར་བཞག་སྟེ་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་བོད་པའི་སྤྱི་ཚོགས་དང་། ནུབ་ཕྱོགས་རྒྱལ་ཁབ་གཞན་ན་ཡོད་པའི་བོད་ཀྱིི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བར་འདོད་དོ།།

སྤྱིར་ནུབ་ཕྱོགས་སུ་ཡོད་པའི་བོད་པ་རྣམས་ལབ་གླེང་ལ་དགའ་ཞིང་། གཞན་གྱི་སྐྱོན་འཚོལ་བ་དང་། གཞན་གྱི་ཞན་ཆ་གླེང་རྒྱུར་གོམས་ཆགས་སུ་སོང་ཡོད་པའི་རང་གཤིས་རེ་ཡོད་པས། རང་ཉིད་ཀྱི་ཀུན་སྤྱོད་ལ་བྱི་དོར་དགོས་པ་ཕལ་ཆེར་མི་དྲན།  ནམ་རྒྱུན་བོད་མི་རེ་ཟུང་ལྷན་ཏུ་འཛོམས་ཏེ་བོད་མིའི་འཚོ་གནས་དང་འབྲེལ་བའི་གླེང་མོལ་ལ་ཞུགས་སྐབས། བཙན་བྱོལ་བོད་གཞུང་དང་། བོད་རིགས་སྤྱི་མཐུན་ཚོགས་པའམ།  ཚོགས་པ་ག་གེ་མོས་མ་འགྲིག་པ་ཁོ་ན་བཤད་པ་ལས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་པའི་བྱ་སྤྱོད་དེ་དཔེ་མཚོན་ལ་བཞག་སྟེ་གཟུར་བོར་གནས་པའི་སྐད་ཆ་བཤད་མཁན་ཉུང་། ང་ཚོ་མུ་མཐུད་གཤིས་ཀ་འདི་དང་ལྷན་དུ་མདུན་སྐྱོད་དང་། མི་རིགས་འཚོ་གནས་ལ་འགན་ལེན་མེད་པར་ཅི་མི་སྙམ་པར་བསྡད་ན། ནུབ་ཕྱོགས་སུ་གནས་པའི་བོད་མི་རྣམས་ནི་གནས་ཡུལ་རྒྱལ་ཁབ་སོ་སོའི་མི་རིགས་ཀྱི་ངོ་བོར་མགྱོགས་པོར་འགྱུར་འགྲོ་བ་ལ་ཐེ་ཚོམ་མི་དགོས་པ་རེད།

གངས་ལྗོངས་ཆོས་ལྡན་གླིང་ལྟ་བུའི་བོད་ཀྱི་རིག་གཞུང་རྒྱུད་འཛིན་གྱི་ཆེད་དུ་བཙུགས་པའི་ནུབ་ཕྱོགས་སྤྱི་ཚོགས་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་དམིགས་འདུན་དེ།  བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ན།  ས་གནས་ཁག་གི་བོད་མིའི་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་འབྲི་ཀློག་བཤད་གསུམ་ལ་རྨོངས་པའི་གཞོན་སྐྱེས་ཀྱི་གྲངས་འབོར་ཉི་མ་རེ་རེ་བཞིན་འཕར་གྱིན་པའི་གནས་སྟངས་འཇིགས་སུ་རུང་བ་འདི་ལ་དོ་སྣང་གཟབ་ནན་གནང་དགོས་པ་དང་། ས་གནས་སོ་སོའི་བོད་རིགས་ན་གཞོན་རྣམས་སྐད་ཡིག་འབྲི་ཀློག་བཤད་གསུམ་གྱི་རྨོངས་པ་ལས་སྐྱོབ་ཐབས་བཙལ་ཏེ། མི་རབས་རྒན་པའི་ཞབས་རྗེས་སུ་ཤར་མར་བསྐྱོད་པ་ལ་ཆོད་སེམས་འགྱུར་བ་མེད་པའི་གཤོག་ཟུང་གཉིས་ལྡན་གྱི་མི་རབས་གསར་བ་ཞིག་བསྐྱང་དགོས་པ་ནི་གལ་ཆེན་པོར་མཐོང་ངོ་།།

སྐད་ཡིག་རྒྱུད་འཛིན་དང་འབྲེལ་བའི་བྱ་འགུལ་མང་བོ་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་སྤེལ་གྱིན་པ་དང་།  གྲུབ་འབྲས་ཀྱང་གང་འཚམ་རེ་ཐོབ་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་མོད་ཀྱང་།  ནུབ་ཕྱོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་དུ་དེ་དང་དེ་འདྲ་བའི་བྱ་འགུལ་སྤེལ་མཁན་མེད་པའམ་ཉུང་བ་མ་ཟད། རིག་གཞུང་སྲུང་སྐྱོབ་ཆེད་བཙུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་སྐད་ཡིག་གི་ལས་དོན་གལ་ཆེན་དུའང་རྩིས་མེད་ལ། ཁོར་ཡུག་གི་དབང་དུ་སོང་སྟེ་བོད་ཀྱི་སྐད་ཡིག་བདག་མེད་ད་ཕྲུག་བཞིན་གནས་དགོས་པའི་རྒྱུ་རྐྱེན་ནི་ང་ཚོ་རང་ཉིད་ཁོ་ནར་ཐུག་ཡོད་པ་ལས། རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པའི་གནས་ཡུལ་རྒྱལ་ཁབ་གྱི་སྲིད་གཞུང་རིམ་པར་ཁག་འགེལ་ས་མེད་སྙམ།  

བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་ཀྱི་ཆེད་བཙུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱིས་འདི་ནི་བོད་ཀྱི་སྐད་ཡིག་ལ་བཟུང་པའི་ལྟ་བ་དང་། དེ་རྒྱུན་འཛིན་བྱེད་ཐབས་ལ་དམིགས་ཏེ་བདམས་པའི་ལམ་ཀ་ཡིན། ལམ་ཀ་འདི་ནི་ཞབས་རྡོལ་བའི་གྲུ་གཟིངས་ཤིག་རྒྱ་མཚོར་བྱིང་པའི་ངང་ཚུལ་ལས་མ་འདས་པས། ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་ཀྱི་སྐད་ཡིག་གི་གནས་ཚད་ལ་བརྟག་དཔྱད་ཞིབ་འཇུག་དང་། དེ་འབྲེལ་ལས་དོན་ལག་ལེན་དུ་སྤེལ་ཕྱོགས་ཐོག་ནས་འགྱུར་བ་གཏོང་སྟངས་དང་། དེ་དང་འབྲེལ་བའི་བསམ་འཆར་འགའ་སྟེ། དང་པོ། ནུབ་ཕྱོགས་ན་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རིག་གཞུང་འབྲེལ་མཐུད་པའི་ལས་འཛིན་འོག་ཏུ་བོད་དབྱིན་གཉིས་ལ་བྱང་ཆ་ཡོད་པའི་དམིགས་བསལ་ཤེས་རིག་ཚོགས་ཆུང་ཞིག་ངེས་པར་འཛུགས་དགོས་པ་དང་།  རིག་གཞུང་བྲེལ་མཐུད་མི་སྣ་དེ་ནི་བོད་ཡིག་གི་ཤེས་ཚད་མཐོན་པོ་ཡོད་མཁན་ཞིག་ཡིན་ཐོག སྐད་ཡིག་སློབ་གསོའི་བྱ་བཞག་དང་འབྲེལ་བའི་ལས་དོན་ཕྱོགས་ལའང་སེམས་ཤུགས་དང་ཉམས་མྱོང་ཡོད་མཁན་ཞིག་ངེས་པར་ཡིན་དགོས། སྐད་ཡིག་རིག་གནས་རྒྱུན་འཛིན་གྱི་ལས་དོན་ཐམས་ཅད་ཚོགས་ཚུང་འདི་བརྒྱུད་དེ། སྤྱི་ཚོགས་ནང་དང་། ཁྱིམ་ཚང་ནང་ལ་འཕྲད་ཀྱིན་པའི་ཡིད་སྐྱོའི་གནས་བབ་འདི་སྐྱོབ་ཐབས་ལ་འབད་དགོས་པར་སེམས་སོ།།

གཉིས་པ། ཤེས་རིག་ཚོགས་ཆུང་མི་སྣས་འཇིག་རྟེན་སྤྱི་ལུགས་ལྟར། དཔྱད་ཞིབ་གྱི་རིམ་པ་ཡོངས་སུ་བརྒྱུད་མཐར།  སློབ་ཁྲིད་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཡོད་བའི་མི་སྣ་གཟའ་སྤེན་པའི་སྐད་ཡིག་འཛིན་གྲྭའི་དགེ་རྒན་ལ་འདེམས་དགོས་པ་དང་། འཛིན་ཞུགས་སློབ་མའི་གྲངས་འབོར་འཕར་ཐབས་སྐོར་སློབ་ཕྲུག་གི་ཕ་མ་དང་མཉམ་དུ་གྲོས་མོལ་ནང་སྟེ།  གཟའ་འཁོར་གཅིག་ནང་གི་གཟའ་སྤེན་པ་དེ་བོད་རིགས་སྤྱི་མཐུན་ཚོགས་པ་དག་གི་བོད་ཡིག་གི་ཉིན་མོར་འགྱུར་ཐུབ་པ་ལ་འབད་དགོས་ཤིང་།  ཕ་མ་དང་བུ་ཕྲུག་གི་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བའི་འགན་གཙང་ལེན་བྱེད་དགོས། འཛིན་གྲྭ་འཚོགས་ཡུལ་དང་འཛིན་ཞུགས་སློབ་མའི་གྲངས་འབོར་ལ་འབྲེལ་བ་དམ་ཟབ་ཡོད་པས། འཛིན་གྲྭ་འཚོགས་ཡུལ་དེ་མི་མང་གནས་ཡུལ་ས་ཁུལ་དང་འགྲིམ་འགྲུལ་བདེ་ས་ཤིག་ངེས་པར་ཡིན་དགོས།

གསུམ་པ།  ནུབ་ཕྱོགས་སུ་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་བྱེད་པ་འགའ་ཞིག་གི་སེམས་སུ།  རིག་གཞུང་རྒྱུན་འཛིན་ནི་ཟློས་གར་ཁྲབ་སྟོན་ཁོ་ན་ཡིན་པར་སྙམ་པ་དང་། ཟློས་གར་དེ་ཡང་བོད་གཞས་ཀྱི་གདེང་དབྱིན་ཡིག་ཐོག་བྲིས་ཏེ་འཁྲིད་བཞིན་ཡོད་པ། ཟློས་གར་འཁྲབ་མཁན་གྱི་གཞོན་སྐྱེས་དག་གིས་ཟློས་གར་སློབ་པ་ལ་བོད་ཡིག་ངེས་པར་ཤེས་དགོས་པ་དེ་འདྲ་མིན་པར་འདོད། ཐབས་སྐྱོ་བའི་བྱེད་སྟངས་ངན་པ་འདི་མཚམས་བཞག་སྟེ་བོད་སྐད་དང་བོད་ཡིག་རྨང་གཞིར་བགྱིས་ཐོག་བོད་ཀྱི་ཟློས་གར་སློབ་འཁྲིད་བྱེད་དགོས་པ་གལ་ཆེའོ།།

བཞི་བ། ཊོ་རན་ཊོར་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་ལ་མཚོན་ན།  ཆོས་དང་རིག་གཞུང་གི་བྱེད་སྒོ་དང་འབྲེལ་བའི་ཕྱི་ནང་གི་ཡིག་ཆ་ཡོངས་རྫོགས་དབྱིན་ཡིག་ཁོ་ན་བེད་སྤྱོད་བྱེད་པའི་ལམ་དང་ལུགས་སྲོལ་དར་ཁྱབ་ལ་སོང་ཚར་ཡོད། ལམ་དང་ལུགས་སྲོལ་འདི་ནི་འཆི་ལམ་ཁོ་ན་ཡིན་པ་ངོས་ཟིན་པར་བྱས་ཏེ།  ད་ལྟ་ནས་བཟུང་ཚོགས་པའི་ཕྱི་ནང་གི་བྱེད་སྒོ་དང་འབྲེལ་བའི་ཡིག་ཆ་ཚང་མ་བོད་དབྱིན་ཤན་སྦྱར་ཐོག་འབྲི་བའི་ལམ་ལུགས་གསར་བ་གཏོད་དགོས། གལ་ཏེ། དེ་ལས་ཟློག་སྟེ་སྔར་ཡོད་ལམ་ལུགས་ལ་བསྒྱུར་བཅོས་མ་བཏང་བར་བསྡད་པ་ཡིན་ན། ནུབ་ཕྱོགས་སུ་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་ཟེར་བ་ཁ་གཡང་ཙམ་དུ་ཟད་དོ།།

ལྔ་བ། ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་ཀྱི་ཆེད་ལས་པའི་གྲངས་འབོར་ལོ་རེ་བཞིན་ཡར་འཕར་བཞིན་པ་དང་།  སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་རིགས་གཉེར་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཆེད་ལས་པ་དེ་དག་གིས་ངེས་པར་དུ་ཡུལ་དེའི་རྒྱལ་ཁབ་གྱི་གོ་སྐབས་དམ་འཛིན་གྱིས། བོད་མིའི་ས་ཁུལ་དག་ཏུ། སྐད་ཡིག་བེད་སྤྱོད་སའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་གསར་བ་འཛུགས་ཐབས་ལ་འབད་དགོས་པ་དང་། ལྷག་པར་དུ་བོད་མིའི་ས་ཁུལ་ཁག་གི་སྤྱི་ཚོགས་ཞབས་ཞུ་ཁང་དག་གི་ནང་དུ་ཕྱག་ལས་གནང་བཞིན་པའི་བོད་མི་དེ་དག་གིས་རང་ཉིད་ཀྱིས་ཕྱག་ལས་གནང་སའི་ཚོགས་པ་དེའི་ཞབས་ཞུའི་ལས་རིགས་དང་འབྲེལ་བའི་གསལ་བསྒྲགས་ཡིག་ཆ་དང་། ངོ་སྤྲོད། བྱེད་སྒོ་དང་འབྲེལ་བའི་ཡིག་ཆ་རྣམས་བོད་ཡིག་ནང་དུ་འགྲེམ་སྤེལ་བྱེད་ཐུབ་པར་བརྩོན་དགོས། གལ་ཏེ་འདི་འདྲའི་ཕྱག་ལས་ལ་ཤུགས་སྣོན་རྒྱག་ཐུབ་པ་ཡིན་ན། ས་གནས་བོད་མིའི་འཚོ་གནས་དང་སྐད་ཡིག་བར་ལ་འབྲེལ་བ་བརྟན་པོ་ཞིག་ཆགས་ཐུབ་པ་དང་། སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ཇེ་ཆེ་དང་ཇེ་རྒྱས་སུ་འགྲོ་ཐུབ་པར་སྙམ་མོ།།

དྲུག་པ། ནུབ་ཕྱོགས་སུ་ཡོད་པའི་བོད་མི་མང་ཤོས་བོད་ཡིག་འབྲི་ཀློག་ལ་རྨོངས་པ་ཤ་རྟག་ཡིན་མིན་མི་ཤེས་ཏེ། བོད་ཡིག་འབྲི་ཀློག་ལ་མི་དགའ་པ་དང་གཅིག བོད་མི་ནང་ཁུལ་ལའང་དབྱིན་སྐད་ཁོ་ན་བཤད་དེ་གླེང་མོལ་གནང་བ་དང་གཉིས།  ཕ་མ་ལ་ལས་བསམ་བཞིན་དུ་བུ་ཕྲུག་ལ་དབྱིན་སྐད་ཁོ་ན་བཤད་པ་དང་གསུམ། ཕ་མ་ལ་ལས་རང་གི་དབྱིན་སྐད་ཡར་རྒྱས་སུ་གཏོང་ཕྱིར་བུ་ཕྲུག་བེད་སྤྱོད་བྱེད་པ་དང་བཞི། ཕ་མ་ལ་ལས་བུ་ཕྲུག་གི་མ་འོངས་བ་དབྱིན་སྐད་ལ་རག་ལས་ཡོད་བསམ་ཞིང་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ལྔ། བོད་མི་རིགས་ཀྱི་འཆི་གསོན་ལ་བསམ་བློ་གཏོང་བའི་གཤིས་ཀ་མེད་པ་དང་དྲུག རྒྱལ་བའི་བཀའ་ཁ་ལ་འཁྱེར་བ་ལས་ཉམས་སུ་མི་ལེན་པ་དང་བདུན། དཔལ་འབྱོར་ལ་འཛིན་པའི་རིན་ཐང་ཆེ་དྲགས་པ་དང་བརྒྱད་བཅས་ནི།  ཁྱིམ་ཚང་དང་སྤྱི་ཚོགས་ནང་གི་བོད་ཀྱི་སྐད་ཡིག་ཉམས་ཆགས་སུ་འགྲོ་བའི་རྒྱུ་རྐྱེན་དག་ཡིན། རྒྱུ་རྐྱེན་འདི་དག་གི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པའི་གོད་ཆགས་འཇིགས་སུ་རུང་བ་ཞིག་ཡིན་པ་ལ་བསམ་གཞིགས་ལེགས་པར་གཏོང་བའི་དུས་བསླེབས་པ་ན།  བོད་མི་རེ་རེའི་ངོས་ནས་རང་གི་བྱ་སྤྱོད་ལ་བཟང་ངན་གྱི་དབྱེ་ཞིབ་བྱས་ཏེ་མི་རིགས་ཀྱི་ཚེ་སྲོག་སྐྱོབ་པའི་ལས་ཀར་ཞུགས་རྒྱུ་གལ་ཤིན་དུ་ཆེ་བར་མཐོང་ངོ་།།

བདུན་པ། བོད་ཡིག་འབྲི་ཀློག་ལ་རྨོང་བའི་དེང་དུས་ཀྱི་ཆེད་ལས་མི་སྣ་དང་ལྷག་པར་དུ་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། དགོས་མཁོའི་རང་བཞིན་སོགས་གླེང་བ་ཡིན་ན། ཕལ་ཆེ་བ་ཞིག་གི་ངོ་མདོག་འགྱུར་འགྲོ་བ་དང་། དོག་མི་བདེ་བར་གྱུར་བ། གླེང་མོལ་ལས་གཡོལ་ཐབས་བྱེད་པ་སོགས་ཡིན། ཆེས་ཉུང་ཤས་ཤིག་གིས་གནོང་རང་ཐོག་ཏུ་བླངས་ཏེ་དེ་མ་ཐག་ཁོང་ཁྲོ་ལངས་པ་དང་། བོད་ཡིག་བོད་སྐད་མ་ཤེས་ནའང་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་དཔེ་མཚོན་དུ་བོད་དོན་འཐབ་རྩོད་ལ་སྣེ་ཁྲིད་མཁན་གྱི་མི་སྣ་རེ་ཟུང་དྲངས་ཏེ། འབྲེལ་མེད་དོན་གཞན་ཞིག་གི་ཐོག་ལ་རྩོད་པ་སློང་ནས་ཡོང་གི་ཡོད། བོད་མི་འདི་དག་ལ་མཚོན་ན་ཁོར་ཡུག་གི་གནས་སྟངས་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་རྒྱུ་རྐྱེན་མང་བོས་བོད་ཡིག་དང་བོད་སྐད་ལ་སྦྱོང་བའི་གོ་སྐབས་དང་མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་འཕྲད་ཡོད་པ་ནི་དངོས་ཡོད་རེད། ཡིན་ནའང་།  རང་ཉིད་ཀྱི་མི་རབས་ཚ་རྒྱུད་རྣམས་བོད་མི་རིགས་ཀྱི་ངོ་བོ་རང་ལ་གནས་ཐུབ་པ་དང་།  བོད་དོན་འཐབ་རྩོད་ཀྱི་རྒྱུན་མི་རབས་ནས་མི་རབས་ལ་གནས་ཐུབ་དགོས་པར་སེམས་གཏིང་ནས་འདོད་ན། ལོ་རྒན་དྲུག་ཅུ་བདུན་ཅུ་ལོན་པའི་བོད་མི་ཞིག་ཡིན་ནའང་། བོད་ཡིག་འབྲི་ཀློག་དང་བཀོལ་སྤྱོད་ཀྱི་ལས་ལ་བརྩོན་དགོས་པར་གལ་ཆེ་བར་མཐོང་ངོ་།།

བརྒྱད་པ། བོད་ཡིག་འབྲི་ཀླིག་གི་གནས་ཚད་ཅུང་ཟད་ཡག་པོ་ཡོད་མཁན་རྣམས་ཀྱིས་ཀྱང་བོད་ཡིག་འབྲི་ཀློག་གི་ལས་ལ་བརྩོན་བཞིན་པའི་བོད་མི་རྒན་གཞོན་རྣམས་ལ་མཐོང་ཆུང་དང་། སྡུག་མོད། དམའ་འབེབས་དང་ཟུར་ཟ་སོགས་ནི།  བོད་ཡིག་འབྲི་ཀློག་ལ་གསར་དུ་འཇུག་བཞིན་པའི་ལས་དང་བོ་རྣམས་ཀྱི་སེམས་ཤུགས་ལྕོགས་བྱེད་ཉག་གཅིག་ཏུ་མཐོང་བས། རང་རང་གིི་ལུས་ངག་གི་བྱ་སྤྱོད་ལ་གཟབ་ནན་བྱས་ཏེ། ལྷག་བསམ་རྣམ་དག་གིས་བརྡ་སྤྲོད་དང་། ཡི་གེའི་དག་ཆ། སྡེབ་སྤྱོར་བདེ་མིན་སོགས་ལ། རོགས་སྐྱོར་དང་འཛུབ་སྟོན་གནང་བ་ཡིན་ན་བོད་ཀྱི་སྐད་ཡིག་འབྲི་ཀློག་བཤད་གསུམ་བྱེད་མཁན་གྱི་གྲངས་ཀ་འཕེལ་རྒྱས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད་སྙམ་མོ།།

མཐའ་དོན་མི་སུ་ཡིན་ནའང་རང་བློ་ལ་དཔག་པའི་ཡོན་ཏན་རེ་ཡོད་པ་དང་། རང་ལ་ཡོད་པའི་ཡོན་ཏན་དེ་རྩ་ཆེན་དུ་བརྩི་བ་ནི་འགྲོ་བ་མིའི་རང་གཤིས་ཤིག་ཀྱང་རེད། བོད་ཡིག་གི་རྨང་གཞིའི་ཐོག་ནས་སློབ་གསོའི་ཐེམ་སྐས་ལ་འཛེགས་མ་མྱོང་བའི་མི་ཤིག་ལ་མཚོན་ན།  བོད་སྐད་དང་བོད་ཡིག་ལ་མཐོང་ཆེན་མི་བྱེད་པ་ནི་མི་དེའི་རང་གཤིས་ཞིག་ཏུ་མཐོང་བ་དང་། སྤྱི་ཚོགས་སློབ་གསོའི་ལས་དོན་གྱི་རྐང་ལམ་བགྲོད་མ་མྱོང་བའི་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོ་བོ་ཡོད་མཁན་རྣམས་ལ་མཚོན་ནའང་།  རང་གི་སྐད་ཡིག་གི་གནས་ཚད་ཁོ་ནས་སྟེང་ནས་གཞན་ལ་གོང་ཚད་གཅོད་ཀྱིན་པའི་རང་གཤིས་ཤིག་ཡོད་དུས།  སྐད་ཡིག་སློབ་གསོའི་ལས་དོན་དང་འབྲེལ་བའི་ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་གྱི་མེད། དེས་ན། ཚོགས་སྒེར་སུ་ཡིན་ནའང་། རང་སྟེང་ན་རང་མི་རིགས་ཀྱི་ཁྱད་ཆོས་ག་ཚོད་ཚང་ཡོད་མེད་ལ་དབྱེ་ཞིབ་དང་བསམ་གཞིག་ཡང་དག་པ་བྱས་ཏེ། ནུབ་ཕྱོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་སྐད་ཡིག་ཉམས་ཆགས་ཀྱི་ཉེན་ཁ་ལས་སྐྱོབ་ཐབས་ལ། ཕྱར་བ་གྲུ་འདེགས་ཀྱི་བྱ་བར་ཞུགས་དགོས་པའི་གཉན་འཕྲང་གི་དུས་ལ་བསླེབས་ཡོད་པ་ནི་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་བྱ་འགུལ་སོགས་ཀྱིས་བརྡ་སྤྲོད་བཞིན་ཡོད་པ་འདི་ལགས་སོ།། 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བསམ་འཆར་བཟང་བྱུང་། རྒྱབ་སྐྱོར་ཡོད་ལ། ལག་ལེན་དུ་འཁེལ་ཐུབ་པའི་རེ་བ་ཡང་ཡོད་ལགས།

    Reply
  2. མདོ་ལའི་འཁྱམས་པོ། says:
    ལོ་ 14 སྔོན།

    འུ་ཅག་གི་སྲོག་རྩ།

    ཡོང་ཁུངས། ཐུ་མིའི་དྲྭ་ཚིགས།

    སྲིད་པ་རྒན་པོ།

    ད་ལྟ་བོད་པ་མང་པོ་ཞིག་ལ་སྐད་དང་ཡི་གེ་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པར་ངེས་ཤེས་བརྟན་པོ་ཆགས་ཡོད་པ་འདི་ནི་མི་རིགས་འདི་ལ་མཚོན་ན་གསོན་ལམ་མམ་ཐར་ལམ་ཉག་གཅིག་རྙེད་པ་ཡིན་པས་ང་ཚོས་ལམ་སྣེ་འདི་ནམ་ཡང་འདོར་མི་ཉན། གལ་ཏེ་སྐད་ཡིག་ཉམས་ཚེ། ང་ཚོའི་ཤ་ཁྲག་གི་ཕུང་པོ་འདི་ཅི་ཙམ་གནས་ན་ཡང་དེ་ནི་མིའི་རིགས་ཀྱི་གད་སྙིགས་ཁོ་ན་ལས། མི་རིགས་གང་གི་གྲལ་དུ་མི་ཚུད་དེ། ང་རང་བོད་པ་ཡིན་ཟེར་ན་བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གི་འཇུ་ཐག་ཆད་ཚར་བས། ད་ནི་ཁྱོད་རང་དབུགས་མ་ཆད་པའི་མི་གསོན་པོ་ཡིན་ཡང་། རིགས་ཀྱི་སྲོག་རྩ་ཆད་པའི་ཤི་རོ་ཡིན་པས། བོད་རིགས་ཡིན་ཟེར་ན་སྲོག་མེད་ཤི་རོ་དང་། མདོ་ཤོར་ཞབས་འདྲེན་ཡིན་པ་ལས་ས་སྟེང་འདི་ནས་མི་རིགས་ཀྱི་གྲལ་དུ་མི་ཚུད། གལ་ཏེ་རྒྱ་ཡིག་དང་རྒྱ་སྐད་ཤེས་པས་རྒྱ་རིགས་ཀྱི་གྲས་སུ་འགྲོ་ཆོག་སྙམ་ན། མི་རིགས་ཀྱི་བྱ་འགུལ་སྤེལ་བའི་ཉིན་མོར་ཁྱོད་རང་རྒྱ་རིགས་ཀྱི་གྲས་སུ་གཏན་ནས་མི་ཚུད་པར་རྒྱང་དུ་འདོར་བར་འགྱུར། དེ་བཞིན་དུ་ཁྱོད་རང་ཕྱི་ནང་གི་མི་རིགས་གང་ཞིག་གི་གྲས་སུ་འགྲོ་སྙམ་ཡང་། མི་གྲལ་དུ་གཏན་ནས་མི་ཚུད་པར་རྒྱང་དུ་འདོར་བར་འགྱུར། དེ་ནི་གཞན་ཞིག་ལན་པ་མ་ཡིན་པར་ཁྱོད་རང་ཉིད་ཀྱིས་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་རིན་པོ་ཆེ་དོར་ནས་རང་སྲོག་རང་གིས་བཅད་པས། ད་ནི་མི་གྲལ་དུ་མི་ཚུད་དོ། །འཛམ་གླིང་མི་རིགས་ཀྱིས་རང་ཉིད་ཀྱི་སྐད་ཡིག་རིག་གནས་ཀྱི་བྱ་འགུལ་སྤེལ་བའི་ཉིན་མོར་སླེབས་ཚེ་ཁྱོད་ནི་སྐད་ཡིག་རིགས་གནས་མེད་པའི་མི་རིགས་ཤི་རོ་དང་། མིའི་རིགས་ཀྱི་གལ་སྙིགས་ཁོ་ན་ཡིན་པས། རིགས་ཀྱི་སྲོག་རྩ་ཆད་པ་འདི་ལས་ཐུ་བའི་གོད་ཆག་ཅིག་འོང་རྒྱུ་གཏན་ནས་མེད་དོ། །

    འོ་ན་རིགས་ཀྱི་སྲོག་རྩ་དེ་ཅི་ལྟར་འཆད་པར་འགྱུར་ཟེར་ན། རང་གི་སྐད་ཡིག་ལ་བརྩེ་དུང་མེད་པར་རྒྱང་དུ་འདོར་རྐྱང་བྱས་ནས། སྐད་ཡིག་གཞན་པའི་མིང་ཚིག་འཆར་འཆོར་རེ་ཤེས་པ་ཚུན་ཆད་རང་ཉིད་ཀྱི་ཕ་སྐད་གཙང་མའི་ནང་དུ་བསྲེས་ཏེ། ཕ་སྐད་གཙང་མར་རྨས་རྐྱོན་བཟོ་ཅི་ཐུབ་བྱེད་པ་མ་ཟད། གནས་སྐབས་ཤིག་རིང་བོད་སྐད་མི་ཤེས་ལ་སྐད་ཡིག་གཞན་པ་ཤེས་མཁན་ཚོར་སྔོན་ཐོན་དང་གཟི་བརྗིད་ཅན་དུ་བརྩིས་པ་སོགས་ཀྱི་མཐུས། ད་ལྟ་རོང་འབྲོག་པ། རྒྱ་རིགས་ལ་ཟ་སྐད་འཐུང་སྐད་ཙམ་གྱི་གོ་བརྡ་ཡང་མི་འཕྲོད་པ་དག་གིས་ཀྱང་། ཕ་སྐད་གཙང་མ་བརྒྱ་ཆའི་དྲུག་ཅུ་བདུན་ཅུ་ལྷག་དོར་ནས། གཞན་སྐད་སྒྲ་ལོག་འཇིགས་སུ་རུང་བ་མང་པོ་བསྲེས་ཏེ། རྒྱ་བོད་རྣམ་དག་སུ་ཞིག་གིས་ཀྱང་མི་གོ་བའི་སྦྲག་སྐད་སྨྲ་བཞིན་པ་འདི་རིགས་ཀྱི་སྲོག་རྩ་འཆད་པའི་འཆི་ལྟས་དངོས་ཡིན་པས་། མི་རིང་པར་བོད་ཀྱི་མི་རིགས་རིག་གནས་དང་བཅས་པ་གཅིག་ཀྱང་མ་ལུས་ཤིང་ལུས་པ་མེད་པར་དུར་སྦས་བྱེད་པར་འགྱུར་བ་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་དགོས་པ་ཞིག་གོ །

    ད་ལྟ་མི་ཞིག་ཡིན་ན་མི་གྲལ་དུ་ཚུད་དགོས་པའི་གོ་རྟོགས་རྨང་ནས་སད་བཞིན་པའི་བོད་མི་རིགས་འདི་ལ་མཚོན་ན། ཆོས་སྲིད་རིག་གནས་མི་རིགས་དང་བཅས་པའི་ལས་དབང་ལ་བསྒྱུར་བཅོས་བྱེད་དགོས་པ་ཤིན་ཏུ་མང་མོད། དེ་དག་ཀུན་ལས་ཀྱང་གལ་ཆེ་ཤོས། ཡོད་ན་གཅིག་ཆོག་མེད་ན་ཐབས་མེད་པ་ནི་སྐད་ཡིག་འདིའོ། ། འདི་ཡོད་ན་ཆོས་སྲིད་རིག་གནས་མི་རིགས་དང་བཅས་པ་གསོན་པོ་ཡིན་ལ། འདི་མེད་ན་ཆོས་སྲིད་རིག་གནས་མི་རིགས་དང་བཅས་པ་ཤི་ཚར་བ་ཡིན་ནོ། །དེས་སྟབས་ཀྱིས་བོད་རིགས་ཤིག་ཡིན་ཕྱིན། དུས་དེ་རིང་ནས་བརྩམས་ཏེ། མཐོ་བླ་མ། གོང་དཔོན་པོ། བར་ལས་བྱེད། འོག་འབངས་མི་སོགས་ཡོད་དོ་ཅོག་ནས་བོད་སྐད་གཙང་མ་བཤད་པའི་མགོ་རྩོམ་དགོས། ད་ལྟ་ཉིད་ནས་མགོ་རྩོམ་དགོས། འཐུས་ཤོར་མེད་པར་མགོ་རྩོམ་དགོས། ཚོགས་པ་མེད་པར་མགོ་རྩོམ་དགོས། རྩ་འཛུགས་མེད་པར་མགོ་རྩོམ་དགོས། འདིས་ང་ཚོའི་ཤོར་བ་ཐམས་ཅད་ཕྱིར་ལེན་ཐུབ་ལ། འདིས་ང་ཚོའི་བོར་བ་ཐམ་ཅད་ཕྱིར་རྙེད་ཐུབ། འདིས་ང་ཚོར་ཆད་པ་ཐམས་ཅད་ཁ་སྐོང་ཡང་བྱེད་ཐུབ།

    སྤུན་ཟླ་ཚོ། ང་བརྒྱད་དང་། རིག་གསར་སོགས་ཀྱི་སྐབས། ཚེ་སྲོག་གི་འཇིགས་ཉེན་གྱིས་བསྐུལ་ནས་མི་ཅོལ་ཆུང་འགས་ལྷ་སྐུ་དང་དགོན་སྡེ་འགའ་གཏོར་བའི་ནག་ཉེས་ལས་སྡབ་བརྒྱ་སྟོང་གིས་ཀྱང་ད་ལྟའི་དུས་སུ་སྦྲག་སྐད་ཚིག་གཅིག་བཤད་པའི་ནག་ཉེས་ཆེ་སྟེ། འདི་ལ་མངོན་མཁྱེན་མི་དགོས་པར་དོན་དངོས་ཀྱིས་ར་སྤྲོད་བྱེད་ཐུབ་པ་ཡིན། དཔེར་ན་དགོན་སྡེ་དང་ལྷ་སྐུ་འགའ་གཏོར་བས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རྩ་མེད་གཏོང་མི་ཐུབ་ལ། བོད་མི་རིགས་རིག་གནས་དང་བཅས་པ་རྨེག་མེད་དུ་ཡང་གཏོང་མི་ཐུབ། འོན་ཀྱང་ད་ལྟའི་གཉན་འཕྲེང་གི་སྐབས་འདིར་སྦྲག་སྐད་ཚིག་གཅིག་སྨྲས་པས་ཀྱང་བོད་བརྒྱུད་ནང་བསྟན་གྱི་ལུང་དང་རྟོགས་པའི་བསྟན་པའི་སྲོག་རྩ་ལ་སྟ་རེ་ཐེངས་གཅིག་བརྒྱབ་པ་ཡིན་ལ། དེ་བཞིན་དུ་མི་རིགས་རིག་གནས་དང་བཅས་པའི་ཚེ་སྲོག་ལའང་གནད་ལ་འཁེལ་བའི་རལ་གྲི་ཐེངས་ཤིག་བཏབ་པ་ཡིན་པས་དེ་ཡི་སྡིག་ཉེས་ནི་ཅི་ལས་ཀྱང་མི་ཆེའམ། དེས་སྟབས་ཀྱིས་བོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་བླ་སྤྲུལ་སུ་ཞིག་གིས་སྦྲག་སྐད་ཚིག་གཅིག་སྨྲ་མཁན་དེ་དོན་དངོས་སུ་རྒྱལ་བའི་བོད་བརྒྱུད་ལུང་རྟོགས་ཀྱི་བསྟན་པ་དམར་གསོད་གཏོང་མཁན་གྱི་ལག་དམར་ཡིན་ལ། དཔེ་དེ་བཞིན་དུ་བོད་པ་སུ་ཞིག་གིས་སྦྲག་སྐད་སྨྲས་ན་དེ་ནི་མི་རིགས་རིག་གནས་དང་བཅས་པ་སྡེབ་གསོད་བྱེད་མཁན་གྱི་གཤེད་མ་དངོས་ཡིན་ནོ། ། ཡང་བླ་སྤྲུལ་སུ་ཞིག་གིས་ཕ་སྐད་གཙང་མ་སྨྲས་པ་ཡིན་ན། དེས་ནི་ཚེ་སྲོག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེར་བདུད་རྩི་སྨན་མཆོག་ཐེངས་གཅིག་སྩལ་བ་ཡིན་ལ། བོད་མི་སུ་ཞིག་གིས་ཕ་སྐད་གཙང་མ་ལན་གཅིག་གསུང་པ་ཡིན་ན་དེ་ནི་མི་རིགས་འདིའི་སྲོག་སྐྱོབ་ཀྱི་དཔའ་བོ་ངོ་མ་དེ་ཡིན་ནོ། །དོན་དངོས་ཀྱི་སྟེང་ནས་ང་ཚོས་སྦྲག་སྐད་འདི་ལྟར་རྒྱུན་བསྐྱངས་པ་ཡིན་ན་ལོ་འགའི་རྗེས་སུ་མི་རིགས་ཆོས་ལུགས་རིག་གནས་དང་བཅས་པ་རྩ་མེད་ཤུལ་མེད་དུ་འགྱུར་ངེས་པར་ཐེ་ཚོམ་སྤུ་ཙམ་ཡང་མེད། དེ་ལ་ལེ་བདའ་བྱེད་ས་མེད། རྩ་ཁྲིམས་དང་བཅའ་ཁྲིམས་ཚང་མའི་ནང་དུ་མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་དབང་ཆ་ཆ་ཚང་སྤྲད་ཡོད་བཞིན་དུ་འདི་ལྟར་རང་ཤི་བརྒྱབ་པ་ཡིན་ན་དེ་ལ་ལེ་བདའ་བྱེད་ས་སུ་ཞིག་ཡོད་དེ་མེད་དོ། །དེ་བས་ང་ཚོས་ངེས་པར་དུ་ཕ་སྐད་གཙང་མ་བཤད་དེ་མི་རིགས་ཆོས་ལུགས་རིག་གནས་དང་བཅས་པ་མྱུར་དུ་སྐྱོབ་དགོས། ད་ལྟ་ང་ཚོས་རང་ཉིད་སྐྱོབ་པར་དཀའ་ངལ། འཇིགས་ཉེན། འགྲོ་སོང་སྤུ་ཙམ་ཡང་མེད་པར་ཕ་སྐད་གཙང་ཞིག་སྨྲས་པ་ཙམ་གྱིས་རང་ཉིད་བསྐྱབས་པ་ཡིན་ལ། མི་རིགས་ཀྱང་བསྐྱབས་པ་ཡིན། ཆོས་དང་རིག་གནས་ཀྱི་ཚེ་སྲོག་ཀྱང་མཐུད་པ་ཡིན་པས་འདི་ལས་རླབས་ཆེ་བའི་བྱ་བ་ཅི་ཞིག་བསྒྲུབ་རྒྱུ་ཡོད།

    Reply
  3. མདོ་ལའི་འཁྱམས་པོ། says:
    ལོ་ 14 སྔོན།

    བོད་ནང་གི་རྩོམ་པ་པོ་སྲིད་པ་རྒན་པོ་མཆོག་གིས་”གལ་ཏེ་སྐད་ཡིག་ཉམས་ཚེ། ང་ཚོའི་ཤ་ཁྲག་གི་ཕུང་པོ་འདི་ཅི་ཙམ་གནས་ན་ཡང་དེ་ནི་མིའི་རིགས་ཀྱི་གད་སྙིགས་ཁོ་ན་ལས། མི་རིགས་གང་གི་གྲལ་དུ་མི་ཚུད་དེ། ང་རང་བོད་པ་ཡིན་ཟེར་ན་བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གི་འཇུ་ཐག་ཆད་ཚར་བས། ད་ནི་ཁྱོད་རང་དབུགས་མ་ཆད་པའི་མི་གསོན་པོ་ཡིན་ཡང་། རིགས་ཀྱི་སྲོག་རྩ་ཆད་པའི་ཤི་རོ་ཡིན་པས། བོད་རིགས་ཡིན་ཟེར་ན་སྲོག་མེད་ཤི་རོ་དང་། མདོ་ཤོར་ཞབས་འདྲེན་ཡིན་པ་ལས་ས་སྟེང་འདི་ནས་མི་རིགས་ཀྱི་གྲལ་དུ་མི་ཚུད།” ཅེས་གསུངས་འདུག

    Reply
  4. མདོ་ལའི་འཁྱམས་པོ། says:
    ལོ་ 14 སྔོན།

    རྒྱབ་སྐྱོར་ཡོད་སྐུ་ཞབས་མཁས་གྲུབ་ལགས། བོད་རང་གི་སྐད་དང་ཡི་གི་མྱུར་སྐྱོབ་བྱེད་རྒྱུ་ནི་བོད་མི་རིགས་རང་གི་ངོ་བོ་དང་བཅས་ཏེ་ཡུན་ནས་ཡུན་དུ་འཚོ་གནས་བྱེད་ཐུབ་མིན་གྱི་གནད་དོན་རེད།

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ཁྱེའ་ནས་ནུབ་ཕྱོགས་སུ་རིན་ཐང་ཆེ་བའི་དུས་ཚོད་བེད་སྤྱོད་སྤྱད་ནས་བསམ་ཚུལ་སྤེལ་བར་ལེགས་མོས་ཡང་། ད་ཆ་བཙན་བྱོལ་ནང་སྐད་ཡིག་ནི་སྔོ་ཟད་སྐྱ་ཟད་ལ་ཐུག་པ་ཆགས་ཟིན་པས་སྐྱབས་དཀའ་བས་གནད་ཡིན་ལ། ལོ་རབ་དགུ་བཅུ་ཙམ་བཙན་བྱོལ་གྱི་བོད་མི་མགོ་ནག་ཆེ་ཆུང་ཡོད་ཚད་ནུབ་ཕྱོགས་སུ་བསྐྱོད་འགོ་ཚུགས་ནས་ད་ཆ་ནུབ་ཕྱོགས་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་སྐད་ཆ་བཤད་བཞིན་པ་དེ་ཚོ་ཡང་དགོད་སྤྲོ་བའི་གཏམ་ཙམ་ལས་དོན་གཞན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese