ཟླ་འདིའི་ཕྱི་ཚེས་ ༡༣ ཉིན། རྒྱ་གར་དང་ཨ་རི། དབྱིན་ལན། འཇར་པན། ཐེ་ཝེན་སོགས་སུ་ཆུ་གླང་ལོའི་རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་བྱས་པ་ལྟར། བོད་རང་དབང་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་རྒྱལ་ས་ཕ་རི་སིར་ཡང་དུས་དྲན་དེ་སྲུང་གཙི་བྱས་ཡོད་པ་དང་། ཉིན་དེར་ཧྥ་རན་སིའི་གསར་ལམ་ཁག་ཅིག་གིས་ཀྱང་བསྒྲགས་གཏམ་དང་འབྲེལ་བའི་ཆེད་བརྗོད་ལེ་ཚན་བཀོད་ཡོད་འདུག
ཉིན་གཅིག་རིང་གི་དུས་དྲན་སྲུང་གཙིའི་ལས་འགུལ་དེ་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་(Maison de l’Asie)ཚོམས་ཁང་ནང་མགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་བོད་ཀྱི་རྩོམ་པོ་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ལྷ་མོ་སྐྱབས་ལགས་དང་། འཇར་མན་དུ་གནས་སྡོད་གསར་འགོད་པ་ཚེ་དབང་ནོར་བུ་ལགས། དེ་བཞིན་ཧྥ་རན་སིའི་བོད་རིག་པ་བ་ལྕམ་(Katia Buffetrille)གསུམ་གྱིས་ཆུ་གླང་ལོའི་བསྒྲགས་གཏམ་དང་དེའི་ནང་གསེས་དོན་ཚན་ཁག ལྷག་པར་ཆུ་གླང་ལོའི་བསྒྲགས་གཏམ་དང་ཞི་བའི་དོན་ཚན་ལྔ་གཉིས་ཀྱི་བར་ཁྱད་དང་། དེ་གཉིས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་སོགས་ལ་བགྲོ་གླེང་བྱས་ཡོད། ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཉམ་འཛོམས་ཀྱིས་བསྒྲགས་གཏམ་སྒྲོག་སྦྱང་དང་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ངོ་རྒོལ་ལས་འགུལ་དེར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་(AndreGattolin) ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་(Jean-Patrick Gille)ལགས་གཉིས་མཉམ་ཞུགས་ཀྱིས་བོད་དོན་རྒྱབ་སྐྱོར་ཀྱི་གཏམ་བཤད་གནང་བ་མ་ཟད། དགོང་དྲོ་ཆུ་ཚོད་ ༨ སྟེང་རྒྱལ་ས་ཕ་རི་སིའི་རྫོང་ཁག་གཉིས་པའི་ཚོམས་ཁང་ནང་རྫོང་ཁག་སྤྱི་ཁྱབ་པ་ (Jacque Boutault) ལགས་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་གཉིས། དེ་བཞིན་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལྷན་འཛོམས་ཀྱིས་དུས་དྲན་སྲུང་གཙི་མུ་མཐུད་བྱས་ཡོད་འདུག
ཆུ་གླང་ལོའི་བསྒྲགས་གཏམ་འདིར་བོད་ཕྱི་ལོགས་ནས་བོད་རང་བཙན་གསལ་བསྒྲགས་དང་། རང་བཙན་བསྐྱར་བསྒྲགས། ཡང་ན་རྩ་ཚིག་ཙམ་སོགས་གང་ཡིན་ལ་གླེང་སློང་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ལ་ལོ་རྒྱུས་ཀྱི་ཁུངས་ལུང་གང་ཡང་མེད་པའི་གསལ་བསྒྲགས་སྤེལ་བཞིན་ཡོད། འདིའི་ཐད་གསར་འགོད་པས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ལྷ་མོ་སྐྱབས་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་ “དེའི་ལོ་རྒྱུས་ཀྱི་ཁུངས་ནི། སྲིད་དོན་རྒྱལ་རབས་ནང་བསྒྲགས་གཏམ་དེ་ ༡༩༢༧ ལོར་སེང་རྫོང་སྤྲོད་ཁུངས་ཡིག་རིགས་ནས་བཤུས་པ་ཡིན་ཚུལ་གསུངས་པ་དེ་ཙལ་ལས། ད་ལྟ་ད་དུང་མ་ཡིག་ངོ་མ་ཞིག་ལག་སོན་བྱུང་མེད་ཚོད། དེ་ནི་ཆེས་ཡིད་ཕངས་དགོས་པ་ཞིག་རེད། ཡིན་ཡང་ ༡༩༡༢ ལོར་རུ་སུའི་གོང་མ་ལ་གནང་བའི་གསུང་འཕྲིན་ནང་དུ་བོད་རང་བཙན་ཁྱབ་བསྒྲགས་མྱུར་དུ་གནང་འདུན་ཡོད་ཚུལ་གསལ་བོར་བཀོད་ཡོད་པ་དེས་བསྒྲགས་གཏམ་འདི་འདྲ་ཞིག་བསྐྱངས་ཡོད་པར་ཡིད་ཆེས་ཆོག་པ་ཞིག་རེད་འདོད” ཅེས་བརྗོད་སོང་།
ཉིན་མོར་དེར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དུས་དྲན་སྲུང་གཙི་བྱས་ཡོད་པ་ལྟར། ཧྥ་རན་སིའི་བརྙན་འཕྲིན་དང་གསར་ཤོག་ཁག་གིས་ཀྱང་དེ་མཚུངས་ཀྱི་གནས་ཚུལ་སྤེལ་ཡོད། <Metro>གསར་ཤོར་གིས་༼ བོད། རྒྱུན་རིང་བའི་རང་དབང་འཐབ་རྩོད། ༽ཅེས་མགོ་བརྗོད་འོག་ཤོག་ངོས་གཉིས་ཅན་གྱི་ཆེད་བསྒྲིགས་ལེ་ཚན་ཞིག་སྤེལ་པའི་ནང་། ༧རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་ཆུ་གླང་ལོའི་བསྒྲགས་གཏམ་དང་། བོད་མིའི་རང་སྲེག་ལས་འགུལ། ད་ལྟའི་བོད་མིའི་གནས་སྟངས། དེ་བཞིན་ད་ལྟའི་ཆར་བཙན་བྱོལ་བོད་མིའི་གནས་སྡོད་ལག་འཁྱེར་སྟེང་གནས་ཡུལ་རྒྱལ་ཁབ་ཁག་ལ་ངེས་གཏན་གྱི་རྒྱལ་ཁོངས་ངོས་འཛིན་མེད་ཚུལ་སོགས་བཀོད་པ་ཡོད་མ་ཟད། ལོ་འདི་ནི་བོད་ཀྱི་རང་དབང་འཐབ་རྩོད་དེ་ལོ་ ༡༠༠ འཁོར་བའི་དུས་ཡུན་རིང་བའི་འཚོལ་སྙེག་ཅིག་དང་། བོད་མིའི་རང་སྲེག་ལས་འགུལ་གྱི་གྲངས་འབོར་ ༡༠༠ ལས་བརྒལ་སྟབས་ཆེས་ཛ་དྲག་གི་འཐབ་རྩོད་ཅིག་ཏུ་སླེབས་ཡོད་པའི་འཛིན་བྱས་ཡོད་འདུག
གསར་འགོད་པས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཞིག་ལ་ཆུ་གླང་ལོའི་བསྒྲགས་གཏམ་གྱི་ད་ལྟའི་ཤུགས་རྐྱེན་སྐོར་དྲིས་སྐབས་ཁོང་གིས “བོད་མི་ཚོར་ད་ལྟ་ད་དུང་ཤུགས་རྐྱེན་ག་རེ་ལྷག་ཡོད་མེད་ངས་མ་བཤད་ཀྱང་ཤེས་གསལ་རེད། རྒྱལ་སྤྱིའི་ཐོག་དཔེ་གཉིས་བླངས་ནས་བཤད་ཆོག ད་ལྟ་ཧྥ་རན་སིས་མཚོན་པའི་རྒྱལ་ཁབ་དང་སྲིད་གཞུང་ཕལ་མོ་ཆེས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་ཧྥ་རན་སིའི་གནས་སྡོད་བོད་མི་ཚང་མ་མིན་ནའང་གང་འཚམ་ཞིག་གི་ངོ་རྟགས་ལག་འཁྱེར་སྟེང་རྒྱལ་ཁོངས་བོད་བཀོད་པ་རེད། འདིས་ད་ལྟ་ད་དུང་ཡང་ཧྥ་རན་སིའི་གཞུང་འབྲེལ་གློག་ཀླད་ནང་བོད་དེ་གཞན་ལྟར་རྒྱལ་ཁབ་ཅིག་གམ། ཡང་ན་རྒྱལ་ཁབ་གཞན་པ་ལྟར་རྒྱལ་ཁབ་ཅིག་གི་ངོ་རྟགས་ཨང་གྲངས་ཡོད་པ་མཚོན་གྱིན་ཡོད་པ་རེད། གནས་སྟངས་འདི་ཧྥ་རན་སི་གཅིག་བུའི་ནང་མ་རེད། ཡུ་རོབ་དང་བྱང་ཨ་རིའི་རྒྱལ་ཁབ་འགའི་ནང་ནའང་གནས་སྟངས་འདི་འདུག འདི་གཅིག་རེད།
གཞན་དེ་ངའི་ལས་ཀ་དང་འབྲེལ་ནས་བཤད། དེང་སང་བོད་དང་འབྲེལ་བའི་གནས་ཚུལ་སྤེལ་ཡོང་སྐབས་མངོན་གསལ་དོད་པོའི་ཐོག་གནས་སྟངས་གཉིས་ཤར་ཡོང་གི་རེད། གནས་ཚུལ་བྱུང་སའི་ས་གནས་ལྟ་བུ་ཡིན་ནའང་། བརྒྱུད་ལམ་ཁ་ཤས་ཀྱིས་ད་ལྟའི་སའི་གོ་ལའི་བཅད་ཐིགས་ལྟར་རྒྱ་ནག་གི་བོད་རང་སྐྱོང་ལྗོངས་སམ། རྒྱ་ནག་གི་ཞིང་ཆེན་གང་ཞིག་གི་བོད་མི་འདུས་སྡོད་ཀྱི་ས་ཁུལ་གང་ཞིག་ཅེས་བཀོད་ཡོང་གི་རེད། གལ་སྲིད་བོད་སྐོར་རྒྱུས་མྱོང་ཡོད་མཁན་གྱི་གསར་འགོད་པ་ཞིག་གམ། བརྒྱུད་ལམ་གང་ཞིག་ནང་བོད་དོན་བློ་འདྲི་སྡེ་ཚན་ཡོད་མཁན་ཞིག་ཡིན་ཚེ། ཁོ་ཚོས་དེ་ལྟར་བཀོད་ཀྱི་མ་རེད། ཁོ་ཚོས་ལོ་རྒྱུས་རང་བཞིན་གྱི་བཅད་ཐིགས་ལ་བརྩི་བཀུར་བྱས་ནས་བོད་ཀྱི་ས་ཁུལ་ཞིག་ཅེས་བཀོད་ཡོང་གི་རེད། འདི་གཉིས་གང་ཡིན་ཡང་ ༡༩༡༣ ལོར་བོད་ཀྱིས་རང་བཙན་བསྒྲགས་གཏམ་སྤེལ་བ་ལྟར། སྐབས་དེའི་གནད་ཡོད་མི་སྣས་རྒྱལ་སྤྱིའི་ནང་འབྲེལ་ལམ་ཡག་པོ་བཟུང་ཐུབ་ཡོད་པའི་དན་རྟགས་སམ། ད་ལྟ་ད་དུང་ལྷག་ཡོད་པའི་སྐབས་དེའི་ཤུགས་རྐྱེན་རེད་འདོད”ཅེས་བརྗོད་བྱུང་།
ཐེངས་འདིའི་དུས་དྲན་སྲུང་གཙི་གོ་སྒྲིག་བྱེད་མཁན་ཧྥ་རན་སིའི་བོད་རང་དབང་སློབ་ཕྲུག་ཚོགས་པ་ནི་ཕྱི་ལོ་ ༢༠༠༢ ལོར་གསར་དུ་བཙུགས་ཤིང་། ཚོགས་པ་འདིས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁག་སྤེལ་བཞིན་པའི་ཐོག བོད་ནང་ཛ་དྲག་གི་གནས་སྟངས་བྱུང་སྐབས་ཧྥ་རན་སིའི་གཞུང་ལ་འབོད་སྐུལ་དང་། ལོ་ལྟར་བོད་ཀྱི་གློག་བརྙན་དུས་སྟོན་སོགས་གོ་སྒྲིག་བྱེད་ཀྱིན་ཡོད་འདུག
ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།
ཡ་མཚན་པ་ལ། ཉིན་ཤས་གོང་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ག་ས་གང་དུ་གོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་བའི་གསུང་འཕྲིན་བཀའ་ཡིག་ཡིན་ཞེས་མང་ཚོགས་ནང་རྒྱ་ཁྱབ་ཏུ་འགྲེམས་སྤེལ་བྱེད་ཀྱི་འདུག དེ་རིང་འདི་རུ་རྒན་ལྷ་མོ་སྐྱབས་ལགས་ཀྱིས་ཡིག་ཆ་དེ་འདྲ་ཞིག་ཡོད་པའི་ལོ་རྒྱུས་ཙམ་ཡོད་པ་ལས་ད་བར་གསུངས་འཕྲིན་བཀའ་ཤོག་དེ་དངོས་སུ་རེག་ཡོད་པ་མ་རེད་གསུངས་ཀྱི་འདུག ད་དངོས་ནས་མགོ་ཉོག་པ་ཆག་སོང་