ཚེ་རིང་ཟླ་བ།
རང་ཅག་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུ་ལྷག་གི་ནང་ལྟོས་ས་ལྟོས་འཇོག་གིས་བཤད་ན་ལས་བྱེད་ཀྱི་སྤུས་ཚད་ཆེས་ངན་མཐར་ལྷུང་པ་བྱུང་མེད་ལ། ཤེས་འཇོན་ལ་མ་བལྟས་པར་རེ་འགས་རང་གི་ལྟོ་གོས་གཏམ་གསུམ་རྒྱབ་ལ་བསྐྱུར་ནས་ཚེ་གང་པོར་མི་རིགས་ཀྱི་རྩ་དོན་ཐད་ནུས་པ་བཏོན་ཏེ། ད་ཆ་གདོང་ལ་གཉེར་མ་བབས་ཅིང་མགོ་སྐྱེས་ཁ་བའི་མདོག་ཏུ་གྱུར་བའང་ཡོད་མོད། དྲང་མོར་བཤད་ན་ལས་དོན་བྱེ་བྲག་པའི་ཐོག་ཆེད་སྦྱོང་ཐོན་པའི་ལས་བྱེད་པ་ཧ་ཅང་ཉུང་བ་འདིས་བོད་མིའི་སྒྲིག་འཛུགས་ལ་ནག་རྩི་འབྱུག་གིན་འདུག
ཉིན་ཤས་སྔོན་ཁོ་བོར་ཉེ་དུས་གཞུང་ཞབས་སུ་ཡིག་ཚད་བཏང་བའི་སློབ་གྲོགས་རྙིང་པ་ཞིག་དང་ཐུག་འཕྲད་བྱུང་། ཁོང་ལོ་གཅིག་གི་གོང་ས་རཱར་ལས་བྱེད་འོས་སྦྱོང་དུ་ཞུགས་ཤིང་ཡིག་རྒྱུགས་འཕྲོད་པའི་གྲས་རེད། ངས་ཁོང་པ་ལས་ཁུངས་གང་ཞིག་ཏུ་ལས་བགོས་བྱ་འཆར་ཡོད་མེད་དྲིས་པར། ཁོང་གིས་གང་དུ་དགོས་མཁོ་ཡོད་པ་དེར་གཏང་རྒྱུ་རེད་ཟེར། མ་ཟད་འདི་ལོ་ནས་ཡིག་ཚད་ཀྱི་རྣམ་གྲངས་ལའང་འགྱུར་བ་བཏང་སྟེ་རྩིས་རིགས་སོགས་ངེས་པར་སྦྱང་དགོས་པ་མ་ཟད། ཚང་མ་བརྒྱ་ཆ་ལྔ་བཅུ་རེ་ལོན་དགོས་པ་རེད་ཟེར། འདི་ལོའི་ཡིག་ཚད་བོད་དབྱིན་གཉིས་དང་། ཆབ་སྲིད་ཀྱི་ཐད་ཡིན་མོད། ཟབ་སྦྱོང་ནང་མ་ཞུགས་པ་མང་པོ་ཞིག་ཚུད་མི་འདུག དེ་ནི་ཁོང་ཅག་གིས་བོད་ཡིག་དང་ཆབ་སྲིད་སྦྱངས་མེད་པས་དབྱིན་ཡིག་དང་། སྡེ་ཚན་གཞན་ཐོག་ཕུལ་དུ་བྱུང་བའི་ཡོན་ཚད་ཡོད་ཀྱང་ཕན་ཐོགས་བྱུང་མི་འདུག་ཟེར། ཁོ་བོས་ཅིའི་ཕྱིར་ཡིག་ཚད་དེ་ལྟར་བཏང་བ་རེད་དམ་ཞེས་དྲིས་དུས། ཁོ་པས་དེ་ནི་བོད་མིའི་སྒྲིག་འཛུགས་ནང་མི་གཅིག་གིས་དྲུང་ཡིག་དང་། རྩིས་པ། དངུལ་གཉེར། རྩོམ་སྒྲིག་པ་སོགས་ཚང་མ་བྱེད་ཐུབ་དགོས་ལ། ད་ཡོད་ཀྱི་ལས་ཁུངས་ཁག་ནང་མི་གཅིག་གིས་ལས་འཁུར་འགའ་ཤས་བླངས་པའང་མང་དུ་ཡོད་ཚོད་རེད་ཟེར། དེ་ལྟར་ཡིན་ན་ཕལ་ཆེར་རང་རེའི་ལས་བྱེད་པ་རྣམས་ནི་ཐམས་ཅད་མཁྱེན་པ་རྐྱང་རྐྱང་ཡིན་རྒྱུ་རེད་ཨང་།
ལོ་ཤས་སྔོན་ཁོ་བོས་ཀྱང་ཚོགས་དྲུང་ལས་ཁུངས་ཀྱི་རྩོམ་སྒྲིག་པར་ཡིག་རྒྱུགས་བཏང་བ་ཡིན། དེ་སྔོན་བོད་ཡིག་ལས་དབྱིན་ཡིག་གཏོང་སྲོལ་མེད་པ་འདྲ། འོན་ཏེ་ཁོ་བོ་ཅག་ཡིག་ཚད་གཏོང་སར་འབྱོར་བ་དང་དབྱིན་ཡིག་ཀྱང་ཡོད་པ་མ་ཟད། ངེས་པར་བརྒྱ་ཆ་ལྔ་བཅུ་ལོན་དགོས་ཟེར། ཁོ་བོའི་བསམ་པར་བོད་ཡིག་གི་རྩོམ་སྒྲིག་པར་དབྱིན་ཡིག་ངེས་པར་དུ་དགོས་དོན་ཅི་ཡིན་ནམ་བསམ་ལ། ཕལ་ཆེར་དབྱིན་ཡིག་ཅུང་ཟད་ཤེས་ན་འགྲིག་པ་ལས། གཙོ་བོ་བོད་ཡིག་ལ་ཆ་འཛིན་བྱ་ངེས་ཡིན་པར་ཡིད་ཆེས་བྱས་པ་ཡིན། ཕྱིས་བོད་ཡིག་གི་རྒྱུགས་འབྲས་ཁོ་བོ་ཨང་དང་པོ་ཡིན་ཞིང་། དབྱིན་ཡིག་ཀྱང་བརྒྱ་ཆ་སོ་བདུན་བླངས་འདུག་མོད། ཡིག་རྒྱུགས་མ་འཕྲོད་པའི་ཁོངས་སུ་བཞག་འདུག སྐབས་དེ་དུས་ཀྱི་གནས་ཚུལ་ཤེས་མཁན་ཚོའི་ནང་གླེང་ཕྱོགས་མང་དུ་བྱུང་སོང་མོད། གསར་དུ་བཟོས་པའི་སྒྲིག་གཞིའི་དགོངས་དོན་ལ་ཁ་གཡར་ས་ཙམ་བྱས་སོང་།
དེ་ནི་ཞོར་འཕྲོས་ཙམ་སྟེ་ཁོ་བོའི་རྨོངས་འཆར་ལྟར་ན། རང་རེའི་ལས་ཁུངས་ཁག་ནང་ལས་བྱེད་བསྡུ་སྐབས་ལས་བྱེད་ཀྱི་དགོས་མཁོར་གཞིགས་ཏེ་བསྡུ་དགོས་པར་སྙམ། དཔེར་ན། རྒྱ་གར་གྱི་མཐོ་སློབ་ག་གེ་མོ་ནས་ཐོན་པའི་ལས་བྱེད་པ་ཞིག་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཀློག་དེབ་རྩོམ་སྒྲིག་པར་བཏང་ན་བཞད་གད་ཀྱི་གནས་སུ་འགྱུར་ལ། ས་རཱའམ་ཝར་ཎ་ནས་ཐོན་པའི་སློབ་ཐོན་པ་ཞིག་དབྱིན་དྲུང་དུ་བསྐོས་ན་དེའང་བཞད་གད་ཀྱི་གནས་མ་ཡིན་ནམ།
འགའ་ཞིག་གིས་ས་རཱ་མཐོ་སློབ་ཏུ་འོས་སྦྱོང་བྱེད་པ་ནི་དེའི་དཀའ་ངལ་སེལ་ཆེད་ཡིན་ཞེས་ལན་འདེབས་བྱེད་སྲིད་མོད། བོད་ཡིག་གི་རྨང་གཞི་ཞན་པའི་སློབ་གཉེར་བ་ཞིག་གིས་ཟླ་བ་ལྔ་དྲུག་ནང་བོད་ཡིག་ཡག་པོ་ཆགས་མིན་ངས་མ་དྲིས་ཀྱང་ལན་རག་སྲིད་ལ། དབྱིན་ཡིག་གི་རྨང་གཞི་ཞན་པའི་སློབ་གཉེར་བ་ཞིག་ལའང་དེ་ལྟར་རིགས་འགྲེ་ནུས་པ་མ་ཡིན་ནམ། ལར་ནས་བོད་ཡིག་གི་རྩོམ་སྒྲིག་པ་ཞིག་ཡིན་ན་བོད་སྐད་ཡིག་ལ་བྱང་ཆུབ་པ་ཞིག་ཡིན་འོས་པ་ལས། ཁོའི་ལས་ཀའི་དགོས་མཁོར་དབྱིན་ཡིག་ཅིའི་ཕྱིར་བསྣན་ནམ། གཞན་ཡང་དབྱིན་དྲུང་ཞིག་ལ་མཚོན་ནའང་དེ་ལྟར་ཏེ། ཁོ་པ་དབྱིན་ཡིག་ཆེད་སྦྱོང་བྱས་པའི་མི་སྣ་ཞིག་ཡིན་འོས་པ་ལས་ཁོའི་ཆ་རྐྱེན་དུ་བོད་ཡིག་དྲུད་དེ་འོང་བས་ཅི་བྱ། དེ་བཞིན་རྩིས་པ་སོགས་ལའང་མཚུངས་པས། བོད་མིའི་སྒྲིག་འཛུགས་ལ་དོན་དམ་པའི་ནུས་པ་འདོན་ནུས་ངེས་ཀྱི་ལས་བྱེད་པ་དགོས་ན། དོན་འདིར་ལས་བྱེད་འདེམས་བསྐོ་ལྷན་ཁང་ངམ་འབྲེལ་ཡོད་སྡེ་ཁག་གིས་ཐུགས་བསམ་ངེས་པར་བཞེས་དགོས་པའི་གནད་དུ་མཐོང་ངོ་།།
གནས་ཚུལ་དེ་རིགས་དེ་སྔོན་མི་ཉུང་བ་ཞིག་བྱུང་ཡོད། མཐོ་རིམ་ལ་ལག་པ་མི་སྙོབ་པ་ཚོར་དཀའ་ངལ་ཡོད། འོན་ཀྱང་དེང་ཡར་རྒྱས་ཕྱིན་པ་དང་ཡོང་བའི་རེ་བ་ཡོད།