མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཡུན་ལོ་ལྔ་ནས་བརྒྱད་ལ་སྤར།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་དགོངས་ལྟར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཡུན་ལོ་ལྔ་ནས་བརྒྱད་དུ་སྤར་ཏེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་བཟུང་དངོས་སུ་རྩ་འཛིན་ལག་བསྟར་བྱ་རྒྱུ་ཡིན་འདུག

ཉེ་ཆར་ཕྱི་ཟླ་གསུམ་པའི་སྔོན་རྩིས་གཏན་འབེབས་གྲོས་ཚོགས་ནང་། དཔལ་འབྱོར་བཀའ་བློན་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་ལོ་འཁོར་སྔོན་རྩིས་གྲོས་ཚོགས་ནང་སྙན་སྒྲོན་དང་འབྲེལ་སློབ་གྲྭའི་སློབ་ཡུན་ལོ་ ༥ ནས་ ༨ ལ་སྤར་ཡོད་སྐོར་གསལ་བསྒྲགས་གནང་རྗེས། སྤྱི་འཐུས་ཁག་ཅིག་གི་དོགས་འདྲི་དང་དགོངས་འཆར་བཏོན་པར། བཀའ་བློན་མཆོག་གིས་རྒྱབ་ལྗོངས་བཅས་པ་གསལ་བཤད་གནང་ཡོད།  ཕྱི་ཚེས་ ༢༥ ཉིན་གསར་འགོད་པས་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་སུ་སློབ་གྲྭའི་སློབ་ཡུན་འགྱུར་བ་བཏང་བའི་རྒྱུ་མཚན་དང་། མ་འོངས་པར་བསླབ་གཞི་དང་དགེ་རྒན་བཅས་ཀྱི་ཐོག་འཆར་གཞི་གང་འདྲ་ཡོད་མེད་བཅར་འདྲི་ཞུས་ཡོད།     

ཀརྨ་ཆུང་བདག་ལགས་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༡ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གིས་ཤེས་རབ་དགའ་ཚལ་སློབ་གླིང་རྩིས་ལེན་གནང་རྗེས་ཤེས་ཡོན་དང་ལག་ཤེས་བཅས་སྡེ་ཚན་གཉིས་ཀྱི་སློབ་ཁྲིད་གནང་ཕྱོགས་དང་སློབ་སྦྱོང་གི་མཐུན་རྐྱེན་བཅས་ཕྱོགས་ཡོངས་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་གནང་ཡོད་པ་དང་། མ་འོངས་པར་སློབ་མ་ཚོར་ཤེས་ཡོན་དང་ལག་ཤེས་ཀྱི་སློབ་སྦྱོང་ཆ་ཚང་སྤྲད་དེ་སྤྱི་ཚོགས་ནང་རང་ཁ་རང་གསོ་ཡོང་ཐུབ་དང་། ལྷག་པར་དུ་ཨ་རིའི་གཞུང་དང་བོད་མིའི་སྒྲིག་འཛུཊ་ཀྱིས་གཏན་འབེབས་གནང་བ་བཞིན་སྔར་གྱི་སློབ་ཡུན་ལོ་ ༥ ནས་ ༨ ལ་སྤར་བ་ཞིག་ཡིན་པ་དང་། སློབ་ཡུན་བསྐྱར་སྒྲིག་སྒྲིག་གཞི་དེ་ད་ལོའི་ཟླ་ ༥ ཚེས་ ༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་འདུག

སྔོན་མ་བོད་ནས་གསར་དུ་འབྱོར་མཁན་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འཛུལ་རྗེས། ཐོག་མར་ཟུར་གསོག་འཛིན་གྲྭར་ཟླ་བ་ ༦ དང་རྨང་གཞི་འཛིན་གྲྭར་ཟླ་བ་ ༦ བསྡད་རྗེས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལྟར་ཤེས་ཡོན་དང་ལག་ཤེས་ལ་བགོ་བྱ་རྒྱག་གི་ཡོད་ཀྱང་། ཐེངས་འདིར་སློབ་ཡུན་སྤར་རྗེས་རྨང་གཞིའི་འཛིན་གྲྭ་ལོ་ ༢ ནས་ ༣ བར་བཞག་ཡོད་འདུག་ལ། དུས་ཡུན་དེའི་ནང་སྔར་གྱི་བསླབ་གཞི་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག ཧིན་རྡུ་དང་གློག་ཀླད་སློབ་ཚན་བཞག་ཡོད་འདུག སློབ་ཡུན་རྫོགས་རྗེས་སློབ་མའི་ཤེས་ཡོན་གནས་ཚད་དང་དགའ་ཕྱོགས་ལྟར་སྡེ་ཚན་བགོ་བྱ་རྒྱག་འཆར་ཡོད་འདུག  

ཤེས་ཡོན་སྡེ་ཚན་ནང་བོད་ཡིག་དང་དབྱིན་ཡིག་བཅས་སྡེ་ཚན་གཉིས་སུ་བགོས་ཏེ། དབྱིན་ཇི་ཡག་པོ་ཡོད་མཁན་ཚོར་ (Open School) འཛིན་རིམ་བཅུ་བའི་སློབ་ཚན་ ༥ དང་འཛིན་རིམ་བཅུ་གཉིས་བར་སློབ་ཚན་ ༥ བཅས་རིམ་པར་སློབ་སྦྱོང་སྤྲོད་རྒྱུ་དང་། འཛིན་རིམ་བཅུ་གཉིས་སློབ་ཐོན་གྱི་ལག་འཁྱེར་དེ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་དང་གཅིག་མཚུངས་སྤྲོད་རྒྱུ་ཡིན་འདུག དེའི་རྗེས་མཐོ་རིམ་ཡིག་རྒྱུགས་ལ་ཞུགས་ཏེ་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པ་བཅས་ཀྱི་སློབ་སྦྱོང་གི་ལམ་ཁ་བཟོས་ཡོད་འདུག  བོད་ཡིག་ཡག་པོ་ཡོད་མཁན་གྱི་སློབ་མ་ཚོར་སློབ་གྲྭ་རང་དུ་བོད་ཡིག་གཙོས་དབྱིན་ཡིག་དང་གློག་ཀླད་བཅས་ཀྱི་སློབ་སྦྱོང་སྤྲད་དེ་རིག་གནས་རབ་འབྱམས་པའི་སློབ་སྦྱོང་གོ་སྐབས་སྤྲད་དེ། ཡིག་འབྲེལ་གྱི་ལམ་ནས་ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པའི་ལག་འཁྱེར་ལེན་ཐུབ་པར་བྱ་རྒྱུ་དང་། ལག་འཁྱེར་དེ་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་གནས་རིམ་བར་གྱི་ཡིག་རྒྱུགས་ཁྲོད་འཛུལ་ཞུགས་བྱ་ཆོག་པའི་ལམ་ཁ་བཟོས་ཡོད་འདུག

ལག་ཤེས་སྡེ་ཚན་དུ་སྔར་ཡོད་ཀྱི་ལྷ་བྲིས་དང་འཚེམ་བཟོ་གཉིས་ཀྱི་ཐོག ཟས་རིགས་ལག་ཤེས་གཞན་ཁག་ཅིག་ཟུར་སྣོན་བྱ་འཆར་ཡོད་པ་དང་། ལྷ་བྲིས་སློབ་ཡུན་ལོ་ ༣ ནས་ ༥ ལ་སྤར་རྒྱུ། འཚེམ་བཟོའི་སློབ་ཡུན་ལོ་ ༢ ནས་ ༣ གསུམ་ལ་སྤར་རྒྱུ་བཅས་ཡིན་འདུག ལག་ཤེས་སློབ་སྦྱོང་བྱེད་མཁན་ཚོར་སློབ་ཡུན་རིང་བོད་ཡིག་དང་དབྱིན་ཡིག གློག་ཀླད་བཅས་ཀྱི་སློབ་སྦྱོང་ཡང་སྤྲོད་འཆར་ཡོད་འདུག  

གསར་འགོད་པས་ཁོང་ལ་འགྱུར་བ་འདི་བརྒྱུད་མ་འོངས་པར་སློབ་འཇུག་བྱེད་ཕྱོགས་སྐོར་དྲིས་པར་ཁོང་གིས། “ སྔོན་མ་ཤེས་རབ་དགའ་ཚལ་སློབ་གླིང་གི་ལོ་ལྔ་ཐོན་པའི་ལག་འཁྱེར་དེས་གངས་ཅན་སྐྱིད་གཤོངས་ནང་ཡིག་སྐྱེལ་གྱི་ལས་ཀ་ཙམ་ཡང་རག་གི་ཡོད་པ་མ་རེད། མ་འོངས་པར་ང་ཚོའི་སློབ་མ་ཚོ་སློབ་མཐར་ཕྱིན་རྗེས་མི་མང་དཀྱུས་མ་བཞིན་འདུག་མི་དགོས་པར་སྤྱི་ཚོགས་ཀྱི་སྣེ་འཁྲིད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ངས་སློབ་གྲྭ་རྩིས་ལེན་པའི་ཉིན་མོ་དེར་བཀའ་བློན་དང་དགེ་སློབ་ཡོངས་ལ་ང་རང་བོད་ནས་བསླེབས་པའི་སློབ་མ་ཚོར་གཡོག་པོར་རྒྱུཊ་རྒྱུའི་གོ་སྐབས་བྱུང་བ་དེ་ངའི་བསོད་ནམས་རེད་ཅེས་བཤད་མྱོང་ཡོད་ལ། ཉིན་གཅིག་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཟུར་ཞིག་བཀའ་ཁྲི་ཆགས་པའི་རེ་བ་བྱེད་ཀྱི་ཡོད། བོད་ནས་ཡོང་མཁན་ཚོ་དང་ཕྱི་ནས་སྐྱེ་མཁན་ཚང་མ་གཅིག་པ་རེད” ཅེས་བརྗོད་བྱུང་ལ། སློབ་མ་གསར་འཇུག་གི་ཐད་ནས་ད་ལྟའི་བར་དབུས་སྣེ་ལེན་ཁང་གིས་རྩིས་སྤྲོད་བྱས་པའི་མིང་ཐོ་ལྟར་སློབ་འཇུག་བྱེད་ཀྱིན་པ་ལས། སློབ་གྲྭའི་ངོས་ནས་གོ་སྐབས་གཉིས་པ་ཞུ་མཁན་ཚོར་ལམ་ཁ་སྤྲོད་ཐབས་མེད་སྐོར་བརྗོད་བྱུང་།   

ཡང་གསར་འགོད་པས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཟུར་དང་བོད་མི་མང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་སུ་གོང་གསལ་གནས་ཚུལ་སྐོར་གྲོས་ཚོགས་ནང་གླེང་སློང་ག་རེ་བྱུང་ཡོད་མེད་དྲིས་པར་ཁོང་གིས། “ བཀའ་ཤག་གིས་གྲོས་ཚོགས་ནང་སྔོན་རྩིས་སྙན་སྒྲོན་སྐབས་གནས་ཚུལ་དེ་བསླེབས་པ་རེད། སྐབས་དེར་སྤྱི་འཐུས་མང་པོ་ཞིག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོ་ལོ་ཆེན་པོ་ཡིན་སྟབས། སློབ་ཚན་མང་པོ་ཞིག་བཞག་ན་ཕན་གནོད་གང་འདྲ་འབྱུང་མིན་ཐོག་དོགས་འདྲི་གནང་བ་རེད། དེ་ལ་དཔལ་འབྱོར་བཀའ་བློན་གྱིས་ལོ་གསུམ་རིང་རྨང་གཞིའི་སློབ་སྦྱོང་སྤྲོད་རྒྱུ་དང་། དེའི་རྗེས་ལོ་ལྔའི་རིང་དངོས་གཞིའི་སློབ་སྦྱོང་གི་གོ་སྐབས་ཡོད་སྐོར་གསལ་བཤད་གནང་པ་རེད། འདིས་བོད་ནས་གསར་དུ་འབྱོར་བ་ཚོས་གོ་སྐབས་དམ་འཛིན་བྱ་ཐུབ་པ་ཡིན་ན། ཤེས་ཡོན་གཅིག་པུའི་ཐོག་ནས་འཛིན་རིམ་བཅུ་གཉིས་དང་མཐོ་སློབ་འགྲིམ་རྒྱུའི་གོ་ཆ་ཚང་ཡོད་པ་རེད” ཅེས་གསུངས་བྱུང་།

ཕྱི་ལོ་ ༡༩༩༣ ལོ་ནས་ ༢༠༡༣ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༥ བར་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ནས་ཁྱོན་སློབ་མ་གྲངས་ ༧༠༠༠ མ་ཟིན་ཙམ་འབྱོར་ཡོད་པའི་ཁྲོད་ནས། སློབ་ཡུན་ཆ་ཚང་རྫོགས་ཏེ་སློབ་མཐར་ཕྱིན་པའི་སློབ་མ་ ༩༠༠ ལྷག་བྱུང་ཡོད། ད་ལྟའིོ་ཆར་སློབ་གྲྭར་བུ་ ༡༧༩ དང་བུ་མོ་ ༡༠༢ བཅས་ཁྱོན་སློབ་མ་ ༢༧༢ དང་། དགེ་རྒན་དང་ལས་བྱེད་ ༥༠ ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༧ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 11

  1. རོ་ལངས། says:
    ལོ་ 12 སྔོན།

    རྗེས་སུ་ཡི་རང་ཡོད།

    Reply
  2. བསམ་དཀར། says:
    ལོ་ 12 སྔོན།

    གསོག་སྒར་སློབ་གྲྭའི་འགན་འཛིན་གྱིས་སློབ་གྲྭ་ངོ་སྤྲོད་བྱས་པའི་གནས་ཚུལ་ཞིག་འདིར་བཀོད་ཡོད།
    ༡༩༩༣ ལོ་ནས་ད་ལྟ་སློབ་གྲྭ་འདིར་སློབ་མ་ ༦༥༦༧ བསླེབས་ཡོད་པ་ལས། སློབ་མཐར་མ་ཕྱིན་པར་རྩ་དགོངས་སུ་ཕྱིན་པ་ ༥༣༤༨ དང་། ཤེས་ཡོན་སྡེ་ཚན་དང་སློབ་ལོ་ཡོངས་སུ་ཚང་སྟེ་མཐར་ཕྱིན་མཁན་ ༧༡༧ དང་། འཚེམ་བཟོ་སློབ་མ་ ༧༥ ། ལྷ་བྲིས་སློབ་མ་ ༢༡ བཅས་ཁྱོན་སྡོམ་སློབ་མ་ ༨༡༣ སློབ་མཐར་ཕྱིན་ཡོད་འདུག
    ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་བོད་ནས་ཕེབས་མཁན་ཉུང་དུ་ཕྱིན་ཏེ། སློབ་གྲྭ་འདིར་སློབ་འཇུག་སློབ་མ་རྦད་དེ་ཇེ་ཉུང་དུ་ཕྱིན་འདུག
    ༢༠༠༨ ལོར་སློབ་མ་ ༡༥༣ དང་།
    ༢༠༠༩ ལོར་ ༡༧༨།
    ༢༠༡༠ ལོར་ ༡༣༥།
    ༢༠༡༡ ལོར་སློབ་མ་ ༡༢༠ །
    ༢༠༡༢ ལོའི་ཕྱི་ཟླ་ ༡ ནས་ ༧ པའི་བར་སློབ་མ་ ༡༡༠ བཅས་རེད།

    གནས་ཚུལ་དེ་འདི་ན་འདུག https://tibettimes.net/wordpress/news.php?id=4782
    https://tibettimes.net/wordpress/news.php?cat=49&&id=6467

    Reply
  3. ལྷག་པ་ཚེ་རིང་། says:
    ལོ་ 12 སྔོན།

    ངས་སྔོན་ཆད་ཅིག་ལ་ཤེས་རབ་དགའ་ཚལ་སློབ་གྲྭ་བཙུགས་པ་ནས་ད་བར་སློབ་མ་སློབ་ཞུགས་བྱེད་མཁན་གྲངས་ 6000 ་ལྷག་ཅིག་བྱུང་བ་ལས། སློབ་ཡུན་ཡོངས་སུ་རྫོགས་ཏེ་ཐོན་མཁན་གྲངས་ 600 ་ཡང་མི་ཟིན་པ་ཙམ་ལས་མེད་པ་ཞིག་དྲན་སོས་ཀྱི་འདུག གྲངས་ཀ་འདི་དག་ཏག་ཏག་ཅིག་ཡིན་མིན་ངས་ཤོད་ཐུབ་ཀྱི་མི་འདུག་ཀྱང་། ཕལ་ཆེར་གནས་སྟངས་འདི་འདྲ་ཞིག་ཡིན་བསམ་སོང་། སྔོན་ཆད་ལོ་སློབ་དུས་ལོ་ལྔ་ཡིན་སྐབས་མཐར་འཁྱོལ་མེད་ཆེས་ཉུང་ཉུང་ལས་མེད་པའི་སློབ་གྲྭ་ཞིག་ད་ལྟ་སློབ་དུས་ལོ་བརྒྱད་ལ་སྤར་ན་མཐར་ཕྱིན་མཁན་ག་ཚོད་ཅིག་ཡོང་གི་རེད། འདི་ལ་དགོངས་པ་ཡག་པོ་བཞེས་དགོས་རེད།

    Reply
  4. གྲྭ་ལོག says:
    ལོ་ 12 སྔོན།

    བོད་ཡིག་མི་ཤེས་ལ། བོད་སྐད་ཆག་རོ་ཁྱི་འདྲ་ཞིག་གསུངས་མཁན་གྱི་སྲིད་སྐྱོང་ཤོག་བུའི་སེང་གེ་ནས་འགྱུར་བ་འདི་འདྲ་བཏང་བ་དེ་ཡག་པོ་རེད། ཡིན་ནའང། ཁུངས་འཁྱོལ་བ་གནང་རོགས། ཁྱབ་བསྒྲགས་མ་སྔ་རོགས། དགེ་རྒན་ཚད་ལྡན་བསྐོ་རོགས་ཞེས་ཞུ་རྒྱུ་ཡིན། །

    Reply
  5. ལུ་ཐང་བྱམས་པ། says:
    ལོ་ 12 སྔོན།

    གསོག་སྒར་སློབ་གྲྭ་འདི་ཚོར་བ་རྐྱེན་པོ་ཅན་གྱི་སློབ་གྲྭ་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། སློབ་གྲྭ་འདི་ལ་བོད་གཞུང་གིས་བདག་གཅེས་བྱེད་ཚད་རྦད་དེ་ཕྱི་དྲགས་པ་རེད། ངས་འོག་ཏུ་བོད་ཀྱི་དུས་བབ་ཚང་གིས་སྔ་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཤེས་རབ་དགའ་ཚལ་སློབ་གྲྭ་འདི་ལ་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདིག་བསྐྱར་དུ་འགོད་ཆོག་པ་བགྱིས།
    (( གསར་འགོད་པ་ཆེད་དུ་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ ཕྱིན་སྟེ་རྒྱུས་ལོན་བྱས་པར། ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟའི་ཆར་བུ་ ༢༠༠ དང་བུ་མོ་ ༡༣༧ བཅས་ཁྱོན་སློབ་མ་ ༣༣༧ དང་། དགེ་ལས་ ༥༤ ཙམ་ཡོད་འདུག སློབ་གྲྭ་འདིར་ཕྱི་ལོ་ ༢༠༠༠ ནས་ ༢༠༠༦ ལོའི་བར་ལོ་རེར་བོད་ནས་ཆ་སྙོམས་སློབ་མ་ ༥༠༠ ཡས་མས་དང་། ༢༠༠༧ ལོར་སློབ་མ་ ༨༠༠ བཅས་བསླེབས་ཡོད་འདུག་ཀྱང་། ༢༠༠༨ ལོ་ནས་བཟུང་ཉུང་དུ་ཕྱིན་ཏེ། ༢༠༡༡ ལོར་སློབ་མ་ ༡༢༠ དང་། ༢༠༡༢ ལོའི་ ཕྱི་ཟླ་ ༡ ནས་ ༧ པའི་བར་སློབ་མ་ ༡༡༠ ཙམ་ལས་འབྱོར་མི་འདུག ༢༠༡༡ ལོར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་ ༡༦༡ དང་། ༢༠༡༢ ལོའི་ཕྱི་ཟླ་ ༡ ནས་ ༧ པའི་བར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་ ༩༣ ཙམ་བྱུང་འདུག ད་ལྟའི་ཆར་སློབ་མའི་ཡོངས་ཁུངས་གཙོ་བོ་བོད་ནས་འབྱོར་བ་ཡིན་ཞིང་། གདན་ས་ཁག་ཏུ་གཟུགས་པོའི་འཕྲོད་བསྟེན་གྱི་དཀའ་ངལ་དང་། སློབ་གྲྭ་གཞན་ནས་རྩ་དགོངས་ཞུས་ཏེ་བསྐྱར་དུ་གོ་སྐབས་གཉིས་པ་ལེན་མཁན་བཅས་ སློབ་ཕྲུག་ ༤ བདེ་སྲུང་ལས་ཁུངས་ཀྱི་ངོ་སྦྱོར་འོག་འཛུལ་ཞུགས་བྱས་ཡོད་འདུག))

    Reply
  6. ཤིང་ལོ། says:
    ལོ་ 12 སྔོན།

    ཧ་ཅང་ཡག་པོ། ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་ཡང་དངོས་གནས་སློབ་གྲྭ་ཞིག་ཏུ་ཕེབས་པར་རྟེན་འབྲེལ་ཞུ། ད་དུང་ཁྱབ་ཁོངས་དོག་ཙམ་ཆེན་པོ་བྱས་ནས།
    བོད་ནས་ཐོན་མ་ཐག་ཙམ་མ་ཡིན་པར། ཧི་མ་ལ་ཡ་དང་། སོག་རིགས། འབྲུག ད་དུང་རྒྱ་གར་དང་། བལ་ཡུལ་སོགས་ནས་ས་ཆུ་མ་འཕྲོད་པའམ། དེར་ཞུགས་འདོད་ཡོད་པའི་གྲྭ་བཙུན་ཀྱང་ཚུད་ཐུབ་ན་དགེ་མཚན་ཡོད་པར་འདོད་དོ།།

    Reply
  7. ཚེ་རིང་རྡོ་རྗེ says:
    ལོ་ 12 སྔོན།

    སློབ་ཡུན་ཇེ་རིང་དང་སྦྱང་གཞིའི་ནང་དོན་ཇེ་མང་དུ་བཏང་བ་ཧ་ཅང་ལེགས། ད་དུང་མུ་མཐུད་ནས་ལས་ཞུགས་ཀྱི་ཚོང་རར་བྲིན་པའི་ཤེས་ཡོན་དང་ལག་ཤེས་རིགས་ཁ་གསབ་དང་། སློབ་ཁྲིད་ཀྱི་སྤུས་ཚད་ལེགས་པའི་ཕྱོགས་སུ་ཤུགས་རྒྱག་དགོས། ཁ་ཡོད་ལག་ཡོད་དང་དགོས་ངེས་ཀྱི་བརྒྱབ་སྐྱོར་མེད་ཚེ། སློབ་མའི་ལྟག་ཆུ་ཆད་ལ་ཉེ་བའི་སློབ་གྲྭ་འདིའི་མདུན་ལམ་ཅི་ཡིན་བཤད་དཀའ།

    Reply
  8. གླག་ཕྲུག says:
    ལོ་ 12 སྔོན།

    སྔོན་གྱི་ལོ་གསུམ་དང་ལོ་ལྔའི་དུས་ཡུན་ནང་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོས་སློབ་སྦྱོང་བྱ་ཐུབ་ཀྱི་མེད་པ་གོ་རྒྱུ་འདུག དེ་སྔོན་གྱི་སློབ་མ་ཚོ་ཡིན་ན་སློབ་སྦྱོང་གི་དུས་ཚོད་ཀྱིས་མ་ལྡེང་ནས་ཕྱིན་པ་རེད། ཡིན་པ་ཡིན་ནའང་ཁོང་ཚོས་འཛམ་གླིང་གི་རྒྱལ་ཁབ་གང་སར་རང་ཁ་རང་གསོ་དང་། རང་འགྲིག་གཞན་ཕན་བྱས་དང་བྱེད་མུས་སུ་ཡོད། ཁོང་ཚོའི་ཤེས་ཡོན་ལ་དཔོག་པའི་རླབས་ཆེན་གྱི་བྱ་བཞག་རེ་སྒྲུབ་མུས་སུ་ཡོད། ད་ལྟ་དུས་ཡན་ལོ་བརྒྱད་བཟོས་ཀྱང་ལྟ་ས་ཞིག་ཨེ་ཡོད་ན། དེ་སྔོན་ཤེས་རིག་ལས་ཁུངས་ནས་གནང་བའི་དབྱིན་ཡིག་འཛིན་རིམ་བརྒྱད་པ་དང་། བོད་ཡིག་འཛིན་རིམ་བཅུ་གཉིས་ཐོན་པར་ཚད་འཛིན་བྱེད་པའི་ལག་ཁྱེར་དེས་བཙན་བྱོལ་ནང་གི་ཡིག་གད་ཀྱི་ལས་ཀ་ཡང་རེག་ཐུབ་ཀྱི་མེད་ན་མ་འོངས་པའི་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོ་ལྟ་རྒྱུ་ཞིག་གང་ནས་ཡོང་། རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གནང་བའི་ལག་ཁྱེར་ལ་རང་གཞུང་གིས་ངོས་ལེན་མ་བྱས་ན་གཞན་སུ་ཞིག་གིས་ངོས་ལེན་བྱེད་ཀྱི་རེད། ཞལ་ནས་སྙན་པོ་རེ་གསུང་བ་རྒྱུ་མཚན་རེ་ལོས་ཡོད། བཀའ་ཁྲི་ཡང་སློབ་གླིང་འདི་ནས་མ་འོངས་པར་འབྱུང་སྲིད་པར་གསུང་བ་ནི་ངས་བལྟས་ན་ཟུར་བལྟས་ལེབ་མཐོང་རང་རེད།

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    སྣེ་ལེན་ཁང་སྟོང་བ་ཆགས་ལ་ཉེ་བ་དང། བོད་དུ་གཉེན་འཕྲད་འགྲོ་མིའང་ཉིན་རེ་ནས་ཉིན་རེར་ཇེ་མང་འགྲོ་བཞིན་པའི་སྐབས་འདིར། བོད་མི་རིགས་ཀྱི་མདུན་ལམ་ཆེད་བཙན་བྱོལ་དུ་བྲོས་ཡོང་མཁན་ཚོར་དེའི་ཚོད་ཀྱིས་འགན་འཁུར་ཞིག་མ་གནང་དུས། ལྟ་རྒྱུའི་ལྟད་མོ་རྗེས་ལ་ཡོང་ས་རེད་བསམས་ནས་སེམས་འཚབ་ཡོད་སྐབས་འདིར། འདི་འདྲ་ཙམ་པོ་བ་ཞིག་བྱས་པའང་ཞེ་དྲག་ཡག་པོ་རེད། དེ་བཞིན་ལོ་མཚམས་གང་ནས་ཡིན་ན། རྡ་སར་སླེབས་བསྡད་པའི་གསར་འབྱོར་ཚོར་ས་གནས་གང་རུང་ཞིག་ཏུ་གཞིས་ཆགས་ཀྱི་མཐུན་རྐྱེན་ཡང་གནང་ཨེ་ཐུབ་ལྟོས་ན་ཡག་གི་རེད་འདོད།།

    དེ་ནི་བོད་ཀྱི་དབུས་གཙང་ཙམ་མིན་པར། ཁམས་དང་མདོ་སྨད་ཕྱོགས་ནས་ཀྱང་བཙན་བྱོལ་ནང་གི་༧རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་པ་དང། བཙན་བྱོལ་སྒྲིག་འཛུགས་ཀྱི་བྱུང་བ་དང་གནས་སྟངས་རྣམས་གང་འཚམས་ཤེས་ཡོད་དུས་འདིར། དེ་བས་ཀྱང་རྒྱ་ནག་གིས་བཙོག་པ་ཚ་བ་ཟུང་འབར་གྱི་ཆ་རྐྱེན་ཞན་པའི་ལུང་པར་བརྩི་བའི་རྒྱ་གར་འཕགས་ཡུལ་གྱི་གནས་བབ་ཀྱང་མཐོང་ཐོས་ཉུང་ཙམ་བྱུང་བའི་སྐབས་འདིར། རྒྱ་ནག་གིས་དེང་སང་ཁྱབ་བསྒྲགས་རྙིང་པ་འདི་བསྐྱར་དུ་དོ་ནན་ཆེན་པོས་བསྒྲགས་ཀྱི་འདུག་ཟེར།

    ༼ རྒུད་སྐྱོབ་ཀྱི་དངུལ་དངོས་བགོ་བཤའ་རྒྱག་པ་སོགས་གནད་དོན་ཞིབ་ཕྲ་ཐུག་དུས་ཨ་མདོ་བ་དང་ཁམས་པ་དང། དགེ་ལུགས་པ་མིན་པའི་གྲུབ་མཐའ་གཞན་གྱི་ཆོས་དད་པ་རྣམས་ལ་དྲང་པོ་མིན་པ་དང། འདྲ་མཉམ་མིན་པའི་སྤྱོད་ཚུལ་འཛིན་གྱི་ཡོད་པ་དཔེར་ན། རྟག་པར་དབུས་གཙང་པར་རྒུད་སྐྱོབ་ཀྱི་དངུལ་དངོས་མང་པོ་ཐོབ་པ་(དེ་ལས་དབང་ཤེད་ཡོད་པའི་གོང་རིམ་མི་སྣར་ཐོབ་པ་དེ་བས་མང།)དང། ཁམས་པ་དང་ཨ་མདོ་བ་ལ་ཉུང་ཉུང་ལས་ཐོབ་ཀྱི་མེད་པ་སོགས་མང་པོ་ཡོད། དེས་ན་དབུས་གཙང་བ་དང་ཁམས་པ་དང་ཨ་མདོ་བའི་བར་དང། དགེ་ལུགས་པ་དང་གྲུབ་མཐའ་གཞན་དག་བར་གྱི་སྔར་ཡོད་ཀྱི་འགལ་ཟླ་སྔར་བས་ཆེ་རུ་འགྲོ་གི་ཡོད་པར་མ་ཟད། དེ་ལས་བཀའ་བཀའ་ཤག་ལ་ངོ་རྒོལ་བྱེད་པའི་རླབས་རྒྱུན་ཡང་ཡང་འཕྱུར་གྱི་ཡོད། ༽

    དེ་བཞིན་ཡང་རྒྱ་མི་ཞིག་གིས་འདི་ལྟར་བཤད་འདུག

    ༼ མི་ལོ་དྲུག་ཅུ་འགོར་གྲབས་ཡོད་པའི་ཏཱ་ལའི་རུ་ཚོགས་ཀྱི་དཔལ་འབྱོར་དང་རིག་གནས། མི་མང་གི་འཚོ་བ་བཅས་ནི་རྒྱལ་ནང་གི་བོད་མིའི་འཚོ་བ་དང་བསྡུར་ཐབས་མེད་ལ། ཕུགས་འཕེར་རང་བཞིན་དང་རང་ཁ་རང་གསོའི་དཔལ་འབྱོར་ལམ་བུའི་ནང་རྒྱལ་ནང་གི་བོད་མི་ཚོར་སྔ་མོ་ནས་གོམས་ཤུགས་ཆེ་རུ་སོང་ཡོད་པ་དང། བོད་ཀྱི་རིག་གནས་དང་སྐད་ཡིག་གི་གནས་ཚད་ནི་དེ་བས་ཀྱང་རང་རྐྱ་ཐུབ་པར་སླེབས་ཡོད་པས། རྒྱལ་ནང་གི་བོད་མིའི་འཚོ་བས་དོན་དངོས་བོད་མི་རིགས་ཀྱི་ངོ་བོ་རྒྱུད་འཛིན་ཐུབ་ཀྱི་ཡོད་པ་ལས། ཕྱི་ཕྱོགས་ཀྱི་དབྱིན་བོད་མཉམ་བསྲེས་དང། གཞན་ལ་སློང་མོ་རྒྱག་པའི་འཚོ་བ་བསྐྱལ་སྟངས་དེ་དག་གིས་བོད་མི་རིགས་ནམ་ཡང་ཡར་རྒྱས་གཏོང་གི་མ་རེད ། ༽

    Reply
  10. ketaka says:
    ལོ་ 12 སྔོན།

    ད་སྔ་ཕན་ཆད་དང་བསྡུར་ན་སློབ་མ་ཁ་ཤས་ལས་ལྷག་མི་འདུག་ལབ་ཀྱང་འགྲིག་པའི་ཚོད་དུ་སླེབས་འདུག སློབ་གྲ་འདི་མ་སྟོངས་པའི་ཆེད་དུ་ཐབས་ལམ་ཡག་པོ་ཐེན་འདུག མ་འོངས་པར་རྒན་གསོ་ཁང་ཞིག་གི་ངོ་བོར་ཆགས་པ་ལས་ཧི་མ་ལ་ཡི་མི་རིགས་ཚོར་གོ་སྐབས་སྤྲོད་དགོས་ཀྱང་སྤྲོད་དགོས་པ་ལས་སློབ་གྲ་དེ་རང་གར་ཐོར་གཞིག་ཏུ་མི་འགྲོ་བར་བྱེད་རྒྱུར་གལ།

    Reply
  11. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མའམ་གསར་འབྱོར་ཚོར་གོ་སྐབས་སྤྲོད་པ་ནི་དངོས་གནས་ཡག་པོ་རེད་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese