མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་སྒྲུབ་བྱེད་ལ་བོད་རིགས་ཕལ་བ་ཞིག་གི་དོཊ་སློང་།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་ཕུན་ཚོགས་ཀྱིས་བརྩམས། བསྟན་འཛིན་ཉིན་བྱེད་ཀྱིས་བསྒྱུར།

དབུ་མའི་ལམ་ཁུངས་འཁྱོལ་གྱི་ཡོད་པའི་སྒྲུབ་བྱེད་གཙོ་བོ་གཅིག་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་ཅེས་པ་དེ་རེད། ངའི་བསམ་ཚུལ་ལ་སྒྲུབ་བྱེད་དེ་ཁུངས་ལྡན་ཞིག་མ་རེད། ཡིན་ནའང་སྒྲུབ་བྱེད་འདིས་ཤུགས་ཀྱིས་བོད་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་མེད་པ་སྟོན་གྱི་ཡོད་པ་བདེན་པ་མ་རེད། སྤྱིར་གཞུང་དང་གྲོས་ཚོགས་ཁག་མང་པོ་ཞིག་གིས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་དགོས་ཞེས་གྲོས་ཆོད་བཞག་ཡོད་སྲིད་ཀྱང་། རྒྱབ་སྐྱོར་དེས་རྐྱེན་པས་ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་ག་པར་སླེབས་ཡོད་མེད་ལའང་ལྟ་དགོས།

ང་ཚོས་འཚོལ་བཞིན་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་གི་དཔལ་འབྱོར་ཁེ་ཕན་བློས་བཏང་སྟེ་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གཏན་ནས་བྱེད་ཀྱི་མ་རེད། དེའི་ཁུངས་སྐྱེལ་ར་སྤྲོད་ནི་ཉེ་བའི་ཆར་གྱི་ལོ་རྒྱུས་ལས་གསལ་པོ་མཐོང་ཐུབ། ནུབ་ཕྱོགས་རྒྱལ་ཁབ་དེ་རིགས་ཀྱིས་ང་ཚོར་དོན་དམ་གྱི་ཤ་ཚ་ཡོད་པའམ། ཡང་ན་རྒྱ་ནག་མཉམ་ལག་སྦྲེལ་མིན་པ་སུས་ཤེས་ཐུབ། མ་གཞི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་གུང་ཁྲན་གྱི་སྲུང་སྐྱོབ་འོག་རྒྱ་ནག་ནང་ཚོང་གི་མ་རྩ་འབོར་ཆེན་བཙུགས་ཡོད། དེ་བཞིན་རྒྱ་གཞུང་ནས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཚོང་གི་མ་རྩ་འཛུགས་རྒྱུ་མགོ་བརྩམས་ཡོད། དེས་ན་ནུབ་ཕྱོགས་རྒྱལ་ཁབ་ཚོས་རང་གི་ཁེ་ཕན་ལ་དོ་ཕོག་བཏང་སྟེ་བོད་ཀྱི་གནད་དོན་ཐོག་ཐེ་ཇུས་ཇི་ལྟར་བྱེད་སྲིད་དམ། ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་རིགས་རྣམས་སྙོམ་ཆུང་ཞིང་ལས་སླ་པོར་མགོ་སྐོར་གཏོང་ཐུབ་པ་དེར་སྟབས་ལེགས་པོ་ཞིག་ཚོར་གྱི་མེད་པ་སུས་བཤད་ཐུབ།

ཕྱོགས་གཞན་ཞིག་ནས་བཤད་ན། རང་བཙན་ལའང་དབུ་མའི་ལམ་དང་མཉམ་པར་ཕྱི་རྒྱལ་གྱི་མི་སྒེར་དང་ཚོགས་པ་མང་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིད་ཆེས་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་། གལ་སྲིད་ང་ཚོས་འཐབ་རྩོད་བྱེད་ན་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ཡོད་པ་རེད། རྒྱ་གར་ནང་ལའང་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱས་པའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་རྒྱ་གར་གྱི་མགོ་ཁྲིད་འགའ་རེས་བོད་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད། ཇི་སྲིད་ང་ཚོའི་འཐབ་རྩོད་འཚེ་བ་མེད་པའི་ལམ་ལ་བརྟེན་པ་དེ་སྲིད་དྲང་བདེན་ལ་ཡིད་ཆེས་ཡོད་པའི་གང་ཟག་གིས་ང་ཚོར་རྒྱབ་སྐྱོར་བྱེད་ངེས།

ལྷག་པར་དུ་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི། བོད་གཞུང་གིས་བོད་ལ་རང་བཙན་མི་དགོས་ཞེས་རྗོད་ཀྱི་ཡོད་ན། ཕྱི་རྒྱལ་སྲིད་གཞུང་ཁག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་ནའང་ཐད་ཀར་རྒྱབ་སྐྱོར་ཡོད་ཅེས་ཇི་ལྟར་བརྗོད་ཐུབ། སུ་ཞིག་ཡིན་ནའང་རང་ཉིད་གླེན་པར་མཐོང་འདོད་རྩ་བ་ནས་མེད། ང་ཚོས་ལངས་ཕྱོགས་འགྱུར་བ་མ་གཏང་བར་ཕྱི་རྒྱལ་སྲིད་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མེད་རྟོགས་མི་ཐུབ། ཁོང་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་རྒྱུ་མཚན་ཡང་དག་པ་དེ་འདྲ་མེད་པ་རེད། གལ་སྲིད་རྒྱབ་སྐྱོར་མི་བྱེད་པའི་དབང་དུ་བཏང་ནའང་གནད་འགག་ཞེ་དྲག་མེད། ང་ཚོས་རང་ཉིད་ལ་དབང་བའི་ཐོབ་ཐབ་ལ་རྩོད་མི་དགོས་སམ།

ཡང་རྒྱ་རིགས་ནང་པ་མང་པོ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། དྲིལ་བསྒྲགས་ཀྱི་རྔ་ཆེན་འདི་རྡུང་སྟངས་ལ་བལྟས་ན། ངྷ་སའི་སྲང་ལམ་ཁྲོད་ཧ་ལམ་རྒྱ་རིགས་ནང་པའི་གནས་སྐོར་བས་ཁེངས་བསྡད་པར་ཡིད་ཆེས་བྱེད་དུ་འཇུག་གི་ཡོད། དེ་ལྟར་ཡིན་ན། གནས་སྐོར་བ་དེ་ཚོ་ག་པར་ཡོད་དམ། གལ་སྲིད་རྒྱབ་སྐྱོར་བའི་ཁྲོད་རྒྱ་རིགས་ནང་པ་ཡོད་པའི་དབང་དུ་བཏང་ནའང་ཁོ་ཚོ་ནང་ཆོས་ལ་དགའ་ཞེན་བྱེད་མཁན་ཙམ་ཞིག་ལས་བོད་རྒྱའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་སེལ་རྒྱུར་ཡིད་ཆེས་དངོས་གནས་ཡོད་མཁན་ཞིག་ཡིན་མིན་ང་ཚོས་འདྲི་བ་འདོན་དགོས།

མ་གཞི་འཛམ་གླིང་འདིའི་ནང་སྨྱོ་ལས་སམ་རང་དོན་ཁོ་ན་བསྒྲུབ་ཆེད་རྒྱལ་སྤྱིའི་ནང་གི་སྙན་གྲགས་ཅན་གྱི་མི་སྣའི་མཉམ་སྐུ་པར་ཞིག་བསྒྲོན་ཏེ་རང་ཉིད་ཀྱི་ཆེ་མཐོང་སྤོར་མཁན་མང་དག་ཅིག་ཡོད། ཁྱེད་ཚོས་ཉི་ཧོང་གི་ཤོ་ཀོ་ཧ་ར་ཟེར་བའི་མི་དེ་དྲན་གསོ་གི་འདུག་གམ། ང་ཚོར་ཆེས་མཐའ་འཇུག་གི་དགོས་མཁོ་ནི་རྒྱ་རིགས་སེམས་པ་བདེ་པོ་མེད་མཁན་ཞིག་ངྷ་ས་ནས་ཕྱིར་འཁོར་གྱིས་རྒྱ་རིགས་ཀྱི་ཕྲུ་གུའི་སྐེ་འབྲེག་པ་དེ་ཡིན། གལ་སྲིད་དེ་འདྲ་ཡོང་ཚེ་རྒྱ་རིགས་ཀྱིས་ང་ཚོར་འཁོན་སེམས་དང་ཁོང་ཁྲོ་ཚད་མེད་ཡོང་རྒྱུ་ཡིན་པ་གོར་མ་ཆགས།

གསལ་པོ་བཟོ་དགོས་པའི་གནད་དོན་ཞིག་ནི། ༼རང་བཙན་འཐབ་རྩོད་པ་ཚོས་ད་བར་གནད་དོན་འདི་གསལ་ཁ་ཡག་པོ་ཞིག་བཟོས་མེད་པར་ངས་སྐྱོན་བརྗོད་ཞུ་གི་ཡོད།༽རང་བཙན་འཐབ་རྩོད་པས་རྒྱ་ནག་མཉམ་ནམ་ཡང་ཞི་མོལ་བྱེད་ཀྱི་མིན་ཞེས་གསལ་བསྒྲགས་བྱས་མེད་པ་དེ་རེད། ང་ཚོའི་གནས་བབ་ལ་ཐབས་ལམ་ཞིག་བྱུང་ཚེ་ཆབ་སྲིད་ཀྱི་གྲོས་མོལ་རེ་ཞིག་ངེས་པར་དུ་ཡོང་རྒྱུ་རེད། ང་ཚོ་འཇིག་རྟེན་འདིའི་སྟེང་རྒྱ་རིགས་ཚོ་དང་མཉམ་སྡོད་བྱེད་དགོས་ཀྱི་ཡོད། འཇིག་རྟེན་གྱི་ཆོས་ཉིད་འདི་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོ་རང་བཙན་འཐབ་རྩོད་པ་དང་དབུ་མའི་ལམ་ལ་འཇུག་མཁན་བར་གྱི་ཁྱད་པར་གཙོ་བོ་ནི་ང་ཚོས་ཞི་མོལ་མ་བྱུང་གོང་རང་བཙན་བློས་མི་གཏོང་བ་དེ་རེད། རང་བཙན་ནི་རྩ་ཆེའི་བླ་སྲོག་ཅིག་ཡིན་སྟབས་བློས་གཏོང་མི་ཐུབ།

གལ་སྲིད་ཞི་མོལ་བྱེད་ན་འདྲ་མཉམ་ལ་གཞི་བཞག་ནས་བྱེད་དགོས། རྒྱལ་ཁབ་གཉིས་བར་བྱེད་དགོས། དེ་འདྲ་སོང་ཙང་ང་ཚོའི་ཞི་མོལ་དེ་རྒྱ་ནག་ཏུ་ཡོང་ཐབས་མེད། དེ་ནི་ཟུར་དཔང་གི་རྒྱལ་ཁབ་གསུམ་པའམ་རྒྱལ་སྤྱིའི་སྡིངས་ཆ་ཞིག་གི་སྟེང་དུ་ཡོང་དགོས། ལྷག་པར་དུ་བོད་ཀྱི་ད་ལྟའི་ཡ་ང་བའི་ལས་དབང་སྐྲུན་མཁན་གྱི་རྒྱ་གུང་ཁྲན་ནམ་ཕ་སི་༼Fascist༽སྲིད་གཞུང་མཉམ་ཞི་མོལ་གཏན་ནས་ཡོང་མི་ཐུབ།

ཕལ་ཆེར་དབུ་མའི་ལམ་འདི་ཁ་ཡོད་ལག་ཡོད་དམ་ཕྱོགས་གཉིས་ཀར་ཕན་གྱི་ཡོད་ཅེས་པའི་སྒྲུབ་བྱེད་དེར་བསམ་བློ་གཏོང་རྒྱུ་མེད་པ་ཞིག་མིན། གལ་སྲིད་སྒྲུབ་བྱེད་དེ་བདེན་པ་ཡིན་པའི་དབང་དུ་བཏང་ནའང་ང་ཚོས་འདྲི་བ་ཞིག་འདོན་དགོས་པ་ནི་འདི་ལྟར་ཏེ། གལ་སྲིད་རྩལ་འདྲ་མཉམ་ཡོད་པའི་བོད་དང་རྒྱ་ནག་གཉིས་མིག་མངས་༼Chess༽རྩེད་སྐབས་བོད་པས་རྩེད་འགྲན་མགོ་མ་བཙུགས་གོང་བཙུན་མོ་མགོ་བཏགས་ཞུས་ན། རྩེད་འགྲན་གྱི་རྒྱལ་ཁ་ཇི་ལྟར་ལེན་ཐུབ་བམ། མ་གཞི་དབུ་མའི་ལམ་ཕྱོགས་གཉིས་ཀར་ཕན་པ་ཞིག་རེད་ཅེས་པ་དེ་རྩོད་གཞི་ཅན་ཞིག་རེད། ཚོང་པ་མཁས་པོ་ཞིག་ཡིན་ནའང་དང་ཐོག་ཚོང་ཟོག་གི་གོང་ཚད་མཐོ་པོར་འཇོག་དགོས་ཀྱི་ཡོད་ལ། དེ་ལྟར་བྱེད་ཚེ་ཚོང་ཟོག་ཉོ་མཁན་གྱིས་གྲོས་མོལ་བྱས་ཏེ་གོང་མར་གཅོག་ནའང་ཁེ་ཕན་ཡག་པོ་ཞིག་འཐོབ་ཀྱི་ཡོད།

འགའ་རེས་ད་ལྟའི་དབུ་མའི་ལམ་གྱི་གནས་བབ་འདིས་གྱོང་གུད་གང་ཡང་བྱུང་མེད་པར་སྒྲོག་གི་ཡོད། དེ་ནི་བདེན་པ་མ་རེད། རྒྱ་གཞུང་མཉམ་སྐད་ཆ་དེ་འདྲ་མང་པོ་བཤད་ཚར་ཟིན་ནའང་བོད་ཀྱི་གནས་བབ་ཐོག་གྲོས་མོལ་དངོས་གནས་ཞིག་ད་བར་མགོ་འཛུགས་ཐུབ་མེད། ད་བར་ཕྱོགས་གཉིས་བར་གྲོས་མོལ་གྱི་སྒྲོམ་གཞིའི་སྒྲིག་སྲོལ་ཁོ་ནར་རྩོད་པ་བརྒྱབ་ནས་བསྡད་པ་རེད། རྒྱ་ཕྱོགས་ནས་མུ་མཐུད་བོད་པའི་སྐུ་ཚབ་ཚོར་ཕྲ་མ་སྨྲ་མཁན་རེད་ཅེས་བཀའ་བཀྱོན་གཏོང་བཞིན་ཡོད། མཐའ་མ་དེར་བོད་པའི་སྐུ་ཚབ་རྣམ་པར་གཅིག་ཀྱང་སྟོན་རྒྱུ་མེད་པར་ཕྱིར་ལོག་པ་རེད། ངས་འདི་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་དོན་མེད། ཡིད་མ་ཆེས་ན་དབུ་མའི་ལམ་གྱི་སྡེ་དཔོན་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་གཉིས་ལ་སྐད་ཆ་དྲིས་ན་ཤེས་ཐུབ།

ད་ལྟའི་ཆར་པེ་ཅིན་གྱི་མ་འོངས་གྲོས་མོལ་གྱི་རེ་བ་སྐྱུར་ནས་བཞག་ཡོད། མདོར་ན་རྒྱ་གཞུང་གིས་ང་ཚོར་ངོ་ཚ་ཁ་སྐྱེངས་སུ་བཅུག་པ་མ་ཟད། ང་ཚོར་མཆིལ་ཞགས་རྒྱག་པ། འགྲམ་ལྕག་གཞུ་བ། མིག་ཟུང་བར་རྡུང་རྒྱག་གཞུ་བ་སོགས་མཐོང་ཆུང་དམའ་འབེབས་བྱས་ཡོད། དབུ་མའི་ལམ་ལ་འཇུག་མཁན་ཚོས་ངོས་ལེན་བྱེད་རུང་མ་བྱེད་རུང་གོང་གསལ་གྱི་མཐོང་ཆུང་དམའ་འབེབས་དེ་དག་གཉིས་སྨན་དབུ་མའི་ལམ་ཟེར་བ་དེའི་མཇུག་འབྲས་རེད།

དབུ་མའི་ལམ་ལ་འཇུག་མཁན་ཚོ་ནི། རྒྱན་པོ་འགྱེད་རྩེད་ཀྱིས་དངུལ་ཡོངས་རྫོགས་ཤོར་ཏེ་ཁོང་ཁྲོ་རང་གི་ཆུང་མ་དང་ཕྲུ་གུར་གཏོན་མཁན་དང་འདྲ་བ་ཞིག་རེད། ཁོང་ཚོས་འགྱེད་རྩེད་ཀྱི་གསང་བ་ཡོངས་རྫོགས་ཕྱིར་མངོན་གྱུར་བྱས་ཡོད། ཁོང་ཚོས་འགྱེད་རྩེད་ཀྱི་གསང་བ་ཆེས་གལ་ཆེ་ཤོས་ ༼བོད་རང་བཙན།༽ཡང་འཕངས་ཟིན། ཁ་གཏད་འགྱེད་པོས་ ༼རྒྱ་གཞུང་།༽ མདུན་ཅོག་ཏུ་བསླེབས་ཏེ་ཁོང་ཚོར་མཆིལ་ཞགས་བརྒྱབས་ཏེ་ཁང་པའི་ཕྱིར་འཕུད་སོང་བ་རེད། དེ་བས་རྒྱ་གཞུང་གིས་གྲོས་མོལ་གྱི་འགྱེད་རྩེད་ལ་རོལ་དགོས་དོན་མེད། ཁོ་ཚོར་ཡོང་རྫོགས་ཐོབ་ཟིན། ད་ཆ་ང་ཚོར་ལྷག་པ་དེ་ནི་རང་ཉིད་བོང་བུ་ལྟར་གླེན་ལྐུག་ཏུ་མཐོང་མི་བཅུག་པ་བྱེད་རྒྱུ་དེ་རེད། གནད་དོན་འདི་ནི་ངོ་གནོང་དགོས་པ་དང་གུ་དོག་པོ་ཞིག་རེད།

འོན་ཀྱང་ང་ཚོས་ཅི་ཞིག་བྱེད་དགོས་སམ། རང་ཉིད་ཁྱིམ་ཚང་ཞིག་གི་མི་ཞིག་ཡིན་པས་སྐབས་རེ་ཁྱིམ་ཚང་གི་མི་གཞན་ཞིག་གིས་ནོར་འཁྲུལ་བཟོས་པ་རྣམས་བསྐྱར་ཟློས་མ་ཡོང་ཆེད་གཙང་བཤུ་བྱེད་དགོས་པ་ཆགས་ཀྱི་ཡོད། ཡིན་ནའང་ཁོང་ཚོས་ནོར་འཕྲུལ་དེ་ཕལ་ཆེར་བསྐྱར་ཟློས་བྱེད་རྒྱུ་ཡིན་པ་རེད། མ་རེད་དམ། དེ་བས་བོད་མི་རིགས་ཀྱིས་སོ་སོར་ཆེས་གལ་ཆེའི་འདྲི་བ་འདོན་དགོས་པ་ཞིག་ནི། ང་ཚོར་ཡང་བསྐྱར་མཐོང་ཆུང་དམའ་འབེབས་མྱོང་རྒྱུའམ་འདས་པའི་ཉམས་མྱོང་ནས་བསླབ་བྱ་བླངས་ཏེ་ང་ཚོར་དྲང་བདེན་གྱིས་དབང་བའི་རང་བཙན་རྩོད་ལེན་བྱེད་རྒྱུ་གཉིས་ནས་གདམས་ཀ་བྱེད་རྒྱུ་དེ་རེད།

གཅིག་བྱེད་ན་ང་ཚོར་རྒྱལ་ཁ་འཐོབ་མི་སྲིད། ཡིན་ནའང་རྩེད་འགྲན་མཇུག་མ་སྒྲིལ་གོང་ང་ཚོས་ཕམ་པར་ངོས་ལེན་ནམ་ཡང་མི་བྱེད། ང་ཚོ་འཆི་རྒྱུ་མིན། རྒྱ་ནག་ང་ཚོའི་གམ་དུ་ཡོང་སྟེ་ང་ཚོའི་འཇིང་པ་བཙིར་དགོས་པ་བྱེད་དགོས། གལ་སྲིད་ང་ཚོ་འཆི་བ་ཡིན་ནའང་ང་ཚོའི་རྣམ་ཤེས་ཀྱིས་ཁོ་ཚོ་སུན་པོ་བཟོ་རྒྱུ་ཡིན། ཡིན་ནའང་ང་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་གཏན་ནས་བརྗོད་རྒྱུ་མིན། ང་ཚོས་བོད་འདི་རྒྱ་ནག་གི་ནང་ཁུལ་གྱི་གནད་དོན་ཞིག་རེད་ཅེས་གཏན་ནས་བརྗོད་རྒྱུ་མིན། ང་ཚོས་དགྲ་བོས་ཉིན་ཞིག་ང་ཚོར་དགའ་སྲིད་སྙམ་པའི་སྟོང་ཟད་ཀྱི་རེ་བ་བཅངས་ཏེ་དགྲ་བོའི་མཉམ་དུ་ནམ་ཡང་ཉལ་རྒྱུ་མིན། ང་ཚོ་རང་ཉིད་ཀྱི་རྨོངས་པའི་བྲན་གཡོག་ཏུ་བསྒྱུར་ཏེ་གྱོང་གུད་ཆེན་པོ་ཕོག་ཡོད། ང་ཚོ་རྒྱ་རིགས་དང་ཁོང་ཚོའི་འཐབ་གྲོགས་པ་ཚོའི་བྲན་གཡོག་བྱེད་འདོད་མེད། ང་ཚོས་བོད་རང་བཙན་གྱི་ཐོབ་ཐང་དེ་ནམ་ཡང་དོར་རྒྱུ་མེད།།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 10

  1. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    “ང་ཚོ་བོད་མི་རིགས་འདིར་ཁག་མེད་པ་ཞིག་ཡོད་པ་ནི་བོད་ཀྱི་རྩ་དོན་ཆེད་དུ་༧རྒྱལ་བ་རིན་པོ་ཆེ་བློས་མི་ཐོངས་བ་དེ་རེད། གཞི་རིམ་མང་ཚོགས་བརྒྱ་ཆ་དགུ་བཅུ་ལས་མང་བ་དང་། དབུ་ལམ་འཐབ་རྩོད་པ་རེ་ཟུང་ལ་ན་ཚ་འདི་ཐེབས་ཡོད་པ་རེད། འདི་ལ་ན་ཚ་ཞེས་འབོད་སྐབས་མཐའ་གཅིག་ཏུ་ངན་པ་ཞིག་ལ་བརྩིས་པར་མ་དགོངས། ན་ཚ་འདི་བཟང་ངན་གང་ཞིག་ཡིན་པ་ཁོ་བོས་ཁ་ཚོན་གཅོད་དཀའ་ཡང་། བོད་ཀྱི་རྩ་དོན་ལ་གནོད་པ་ཆེན་པོ་ཞིག་མིན་ནམ་སྙམ་བཞིན་ཡོད།”ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱི་སྐད་ཆ་འདིར་གནས་ལུགས་འདུག །

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དོན་དམ་པའི་གཉིས་སྨན་དབུ་མའི་ལམ་ཟེར་བ་ཞིག་ཡོད་ན་སུས་མོས་མཐུན་མི་བྱེད། ངས་ནི་དེ་འདྲ་ཞིག་ཡོད་པར་མ་མཐོང་ནས་མོས་མཐུན་མི་ཐུབ་པ་ཡིིན།
    འདིར་ཤེས་དགོས་པ་ཞིག་ལ་ངས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཀྱང་མོས་མཐུན་མི་བྱེད་པ་ཡིན། འགའ་ཞིག་གིས་འདིའི་དོན་དག་མ་མཁྱེན་པར་འུར་ཟིང་རྒྱག་པ་ངས་ཤེས། འོན་ཀྱང་འདི་གོ་རྒྱུ་ཡོད་པ་ང་རང་ཉིད་ཀྱིས་ཤེས།
    ང་ཚོ་བོད་མི་རིགས་འདིར་ཁག་མེད་པ་ཞིག་ཡོད་པ་ནི་བོད་ཀྱི་རྩ་དོན་ཆེད་དུ་༧རྒྱལ་བ་རིན་པོ་ཆེ་བློས་མི་ཐོངས་བ་དེ་རེད། གཞི་རིམ་མང་ཚོགས་བརྒྱ་ཆ་དགུ་བཅུ་ལས་མང་བ་དང་། དབུ་ལམ་འཐབ་རྩོད་པ་རེ་ཟུང་ལ་ན་ཚ་འདི་ཐེབས་ཡོད་པ་རེད། འདི་ལ་ན་ཚ་ཞེས་འབོད་སྐབས་མཐའ་གཅིག་ཏུ་ངན་པ་ཞིག་ལ་བརྩིས་པར་མ་དགོངས། ན་ཚ་འདི་བཟང་ངན་གང་ཞིག་ཡིན་པ་ཁོ་བོས་ཁ་ཚོན་གཅོད་དཀའ་ཡང་། བོད་ཀྱི་རྩ་དོན་ལ་གནོད་པ་ཆེན་པོ་ཞིག་མིན་ནམ་སྙམ་བཞིན་ཡོད།

    Reply
  3. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    རྩོམ་པ་པོ་འདི་སུ་ཞིག་ཡིན་དང་། སྐད་ཡིག་གང་ཞིག་གི་ཐོག་ནས་བྲིས་པ་མི་ཤེས་ཀྱང་འབོལ་ཧ་ཅང་སྙན་པོ་ཞིག་བྲིས་འདུག ཧ་ཅང་ཧ་ཅང་སྣང་བར་ཕྱིན་སོང་། རྩོམ་འབྲིའི་རྩལ་ཞན་པའི་དབང་གིས་བརྗོད་མ་ཐུབ་པ་མ་གཏོགས་ངས་ད་བར་དུ་དེ་འདྲ་ཞིག་བརྗོད་བཞིན་ཡོད།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྩོམ་པ་པོས་དངོས་ཐོག་བདེན་འཚོལ་དང་གནས་ལུགས་རྒྱུ་མཚན་ལྡན་པའི་གཏམ་ཞིག་འཇིགས་བསྐུལ་དང་དམོད་ངན་ཡོད་དགུའི་ཁྲོད་སྤེལ་གནང་བར་དགའ་བསུ་ཡོད།
    རེད་ཡ། བོད་འདི་རྒྱ་གུང་ཁྲན་ལ་ཤོར་ནས་ལོ་མང་སོང་ཡང་གུང་ཁྲན་ལ་ད་དུང་ཆ་ཚང་ཞིག་ཐོབ་མེད་པ་དེ་རེད། དབུ་མ་པ་ཚོས་གུ་ཁྲན་ལ་ཆ་ཚང་ཞིག་འཐོབ་རུ་འཇུག་རྩིས་མིན་དྲོ།
    ཡ་མཚན་པ་ཞིག་ལ་འགའ་རེས་བཙན་བྱོལ་གྱི་ཁ་དང་ལག་པ་ཡང་གུང་ཁྲན་ལ་ཤོར་ཚར་བ་འདྲ་ཞིག་བརྗོད་ཀྱིན་པ་ཡ་མཚན་མ་རེད་པས།
    གང་ལྟར་དབུ་མ་པ་ཚོས་གྲུབ་འབྲས་བྱུང་ཚུལ་བརྗོད་བཞིན་པར་གཞིས་ལུས་རྒྱ་ཆེའི་དམངས་ཀྱི་གནས་སྟངས་དེ་ཡར་རྒྱས་ཅི་ཡང་མ་ཕྱིན་པར་སྡུག་ཏུ་འགྲོ་དགོས་པའི་རྒྱུ་མཚན་ཅི་རེད་ཞེས་འདྲི་་་ཡི་ཡོད།

    Reply
  5. ཤེས་རབ says:
    ལོ་ 13 སྔོན།

    སྐལ་བཟང་ཕུན་ཚོགས་ཀྱི་དཔྱད་པ་བྱེད་ཚུལ་དེ་ལ་མ་རེད་ཞུ་དགོས་ན་རང་ཉིད་ལ་དེ་ལས་ལྷག་པའི་རྒྱུ་མཚན་ཡང་དག་པ་ཞིག་ལོས་དགོས། ཁྱེད་རྣམས་པས་བསམ་ཚུལ་མང་པོ་སྤེལ་བ་ལ་བསྟེན་ནས་གོ་རྟོག་ཡག་རུ་འགྲོ་ཡ་ལ་ཕན་ཐོག་འདུག ། ད་དུང་མུ་མཐུད་ནས་རང་མི་རིགས་ལ་ཤ་ཞེན་ཡོད་པའི་ཤེས་ཡོན་ཅན་རྣམས་ཀྱི་བསམ་ཚུལ་ལྷུག་པོ་བརྗོད་ཆོག་ཆོག་རེད་ལ་བརྗོད་རོགས་གནང་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། ང་ཚོས་ཧ་ཅང་ཟབ་དགོས་ས་གཅིག་ནི་རང་ཉིད་དང་བསམ་ཚུལ་མི་བཐུན་པ་ཞིག་གཞན་གྱི་སྤེལ་སོང་ན་དེ་ནི་ལྟ་ལོག་དང་གཞན་གྱི་རྒྱུག་ཁྱི་རེད་ཞེས་ཞ་མོ་ནག་པོ་བསྐོན་ཡ་དེ་རེད། དེ་ནི་ཧ་ཅང་གི་ཐབས་སྡུག་རེད་ངེས་པར་དུ་གཟབ་རོགས་གནང་། ང་ཚོ་ལ་ངེས་པར་དུ་དགོས་ཡ་ནི་བསམ་ཚུལ་སྣ་མང་རེད།

    Reply
  6. གྲྭ་ལོག says:
    ལོ་ 13 སྔོན།

    ང་ཚོའི་འཐབ་རྩོད་ཀྱི་མ་རྩ་འདི་རང་ལ་ཡོད་པ་ཞིག་ཆེན་པོ་དང་ཆུང་ཆུང། ནར་ནར་དང་གྲུ་བཞི། ནུས་ལྡན་དང་ནུས་མེད་བཟོ་བའི་སྐད་ཆ་ཞིག་མིན་པར། རྦད་དེ་གཞན་ལག་ཤོར་བའམ། ཕམ་ཉེས་སོང་ཟིན་པའི་གནས་བབ་ཅིག་ཏུ་སྐད་འབོད་དང་རེ་འདུན་ཞུ་བ་དང་གཅིག་པ་གཅིག་རྐྱང་ཡིན་སྟབས། རེ་འདུན་གང་ཞུ་ལ་མང་གཙོའི་ལམ་སྲོལ་གཞིར་བཟུང་གདམ་ག་བྱེད་ཀྱི་ཡོད་པ་དེ་ཙམ་རེད། སོང་ཙང། གནས་བབ་དེ་འདྲའི་སྟེང་བྱུང་བའི་མང་གཙོའི་ལམ་གྱི་གདམ་ཁ་དེར་ཞུགས་པ་ཡིན་ན། དེ་ལ་བློས་བཏང་དང་མ་བཏང་ཞེས་པའི་ཚིག་འདི་སྦྱོར་ཡུལ་མེད་པ་ནི་གསལ་བོ་མ་རེད་དམ།།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    མི་ལོ་ལྔ་བཅུའི་རིང་གི་དམ་བཅའ་བློས་བཏང་ན་བཏང་བ་རང་རེད། དེ་མིན་བཙན་བྱོལ་བོད་གཞུང་ལ་ཁྲིམས་མཐུན་རང་བཞིན་སྤུ་ཙམ་ཡང་ཡོད་མ་རེད་ཅེས་རྒྱ་ནག་གིས་བརྗོད་བཞིན་པ་དེ་ངོས་ལེན་བྱས་པ་ཞིག་ཆགས་ཀྱི་ཡོད་རེད། གང་ཡིན་ཟེར་ན། གནའ་སྔ་མོ་ནས་ཤོར་ཚར་བ་རེད། དོན་ཚན་༡༧ འཇོག་སྐབས་ནས་ཤོར་ཚར་བ་རེད།

    ཡང་བཤད་སྟངས་གཞན་ཞིག་གི་ལམ་ནས་བཤད་ན། བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་དེ་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་ཡིན་པར་༼བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་༽ཀྱི་འབྲུ་དོན་དང་། ༧གོང་ས་མཆོག་གིས་སྲིད་སྐྱོང་སྟག་བྲག་ནས་བརྒྱུད་པའི་སྲིད་སྐྱོང་གི་སྐུ་དབང་བརྩིས་སྤྲོད་གནང་གི་ཡོད་པར་གསུངས་པ་དེ་གནང་རྒྱུ་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན། གནའ་སྔ་མོ་ནས་ཤོར་ཚར་བ་རེད།

    དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མི་ཤེས་པའི་བཀའ་མོལ་མ་གསུངས་རོགས་ཅེས་ལབ་ན་ལན་གང་ཡོད།

    Reply
  8. གྲྭ་ལོག says:
    ལོ་ 13 སྔོན།

    ཞི་མོལ་མ་བྱུང་བར་རང་བཙན་བློས་གཏོང་གི་མ་རེད་ཅེས་བཤད་རྒྱུ་ལྷག་ཡོད་པ་མ་རེད། བློས་གཏོང་མི་གཏོང་གི་སྐད་ཆ་རྩ་ནས་མེད་པར། བློས་གཏོང་རྒྱུ་ཁོ་རང་ཡོད་པ་མ་རེད། གནའ་སྔོ་མོ་ནས་ཤོར་ཚར་བ་རེད། དེ་ཡང་གྲོས་མོལ་༼ དོན་ཚན་བཅུ་བདུན་༽གྱི་ཐོག་ནས་ཡོངས་སུ་ཤོར་ཚར་བའི་གནས་སྟངས་ཤིག་རེད། མགོ་མ་འཚོས་པ་འགས་༼ སྐལ་བཟང་ཕུན་ཚོགས་དང་ཉིན་བྱེད་སོགས་ཚུད།༽དབུ་མའི་ལམ་གྱི་གྲོས་མོལ་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་བཟོ་བཅོས་ཕྱིན་པ་ལྟ་བུར་གོ་ནོར་ཐེབས་ཀྱི་འདུག དོན་དམ་གྲོས་མོལ་ཅིག་མ་ཡོང་བར་ལོ་རྒྱུས་ཀྱི་གནས་བབ་དེ་འགྱུར་བ་གང་ཡང་ཡོང་གི་མ་རེད། གལ་སྲིད་རང་སྐྱོང་སྤྲད་པའི་ཉིན་མོའང་གནས་བབ་དེ་འགྱུར་བ་ཐེབས་རྒྱུ་མིན་པར། ཉིན་དེ་ནས་བཟུང་རྒྱ་ནག་གི་ཆ་ཤས་སུ་གནས་རྒྱུ་དེ་རེད། ཡིན་ནའང། ཆ་ཤས་སུ་གནས་པ་དེ་རྒྱ་ནག་གི་སྲིད་བྱུས་ཡང་དག་པ་ཞིག་འཛིན་མིན་ནས་བརྟན་གནས་མཐུན་སྒྲིལ་ཅན་ཞིག་ཡོང་མིན་ཐག་གིས་གཅོད་ཀྱི་རེད། དེས་ན། མགོ་འཚོས་པའི་བཀའ་མོལ་གསུངས་རོགས།།

    རྒྱལ་སྤྱིའི་ནང་རྒྱབ་སྐྱོར་མི་ཐོབ་ཞེས་པ་དེ་ནི་རྒྱལ་ཁབ་ཁག་གིས་བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་པ་དེས་རེད། གལ་སྲིད་དེ་ལ་འགྱུར་བ་ཞིག་ཡོང་བའི་ནུས་པ་ཡོད་ན། རང་བཙན་ལ་རྒྱལ་སྤྱིའི་སྟེང་ནུས་ལྡན་རྒྱབ་སྐྱོར་ཐོབ་ཀྱི་རེད། ཡིན་ནའང། རྒྱབ་སྐྱོར་དེ་ནི་རང་བཙན་སྒྲིག་འཛུགས་དང་རང་བཙན་པ་ཚོའི་འཚོ་གོས་གནས་མལ་ཐད་མཐུན་རྐྱེན་ཞུ་བའི་སྒྲོ་ལོར་ཉུང་ཙམ་དེ་གོ་ན་མི་འགྲིག གནད་འདི་ལ་ཚོད་དཔག་ཡིན་ནའང། ཅུང་འཐུས་ཚང། ཡོང་སྲིད་པའི་གནས་སྟངས་ཀྱིས་འགྲེལ་བཤད་མ་གནང་ན་ག་བ་ཡོང་གི་རེད།

    Reply
  9. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    རྒྱབ་སྐྱོར་ཡོད་མེད་ཚོད་ལྟ་བྱེད་པ་དང་མེད་ན་ཡང་མི་སྐྱོན་པའི་ཐོབ་ཐང་ཞིག་བསྩལ་ཏེ་འཐོབ་རྒྱུ་ཞིག་ཡོད་ན། འགྲོ་བ་མིའི་རིགས་ཀྱིས་ཚེ་ཚེ་རབས་རབས་སུ་བཀོལ་སྤྱོད་སྤྱོད་སྡུག་བསྔལ་བཟོད་གླགས་བྲལ་བ་སྟེར་སའི་དུད་འགྲོ་ཚོ་ལ་ཡང་ཅིག་ཐོབ་ཆོག་ཆོག་ཡིན། རྒྱུ་མཚན་ནི། ཚེ་སྲོག་གི་ཐོབ་ཐང་འདྲ་མཉམ་ཡིན་པ་དང་། སྡུག་བསྔལ་གྱི་ཚོར་བ་འདྲ་མཉམ་ཡིན་པ་ཆོས་ཉིད་ཀྱིས་བཀོད་པ་རེད། ངས་བལྟས་ན་ད་གླེན་གཏམ་མཚམས་བཞག་ན་དགའ་ས་རེད།
    ཆབ་སྲིད་ཀྱི་གནད་དོན་ལ་མི་སྒེར་གྱི་གནད་དོན་མ་འདྲེས་ས་ཞིག་ཡོད་པ་རེད། རྒྱུ་མཚན་སྤྱི་ཚོགས་ནི་སྒེར་བ་རེ་རེས་གྲུབ་ཅིང་། སྒེར་བ་རེ་རེས་བླང་དོར་འབྱེད་པའི་ཤེས་རབ་ལས་ད་གཟོད་སྤྱི་ཚོགས་ལ་འོད་སྣང་འབྱུང་གི་ཡོད་རེད། ཆ་ཤས་སྤངས་པའི་སྤྱི་ཚོགས་ཤིག་གྲུབ་རྗེས་སྒེར་དང་འབྲེལ་མེད་ཀྱི་ཆབ་སྲིད་གླེང་གཏམ་སྤེལ་ན་འོས་པ་ཡིན།

    Reply
  10. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    དེང་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་དོགས་པ་བྱས་ན། མི་སྒེར་གྱི་གནད་དོན་ལ་བསྒྱུར་ཏེ། བཀའ་དྲིན་བསམ་ཤེས་མི་ཤེས་དང་། དད་པ་དམ་ཚིག་གཙང་མི་གཙང་བཤད་དེ། ནག་པོ་བཟོ་རྐྱང་བྱེད་ཀྱིན་ཡོད་ནའང་། ཉིད་ཀྱིས་བསམ་ཚུལ་ཐད་ཀར་བརྗོད་པར་དགའ་བསུ་ཡོད།
    དངོས་གནས་དྲི་པའམ་དོགས་པ་མང་པོ་ཡོད་ནའང་། ཟུར་གཅིག་ཞུས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བཤད་པའི་དབུས་སྨྲ་པ་ཚོས། རྒྱ་ནག་གི་རྩ་ཁྲིམས་སུ་འགོད་པའི་མི་རིགས་ལྔ་བཅུ་ང་དྲུག་ལ་དོན་དམ་པའི་རྒྱབ་སྐྱོར་བྱེད་ཀྱིན་ཨེ་ཡོད་ཅེས་པ་དེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese