མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ཀྱི་ཤན་པ་སུ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་འཇིགས་མེད།

ང་ནི་༸ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གིས་གསར་གཏོད་གནང་བའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འོག་སློབ་གཉེར་བྱེད་མཁན་གྱི་མི་མཐའ་མ་དེ་ཡིན་ཞེས་བརྗོད་ན་མ་འགྲིག་པ་མེད། ང་རང་སློབ་ཆུང་དང་ཁ་བྲལ་བའི་རྗེས་དེ་མ་ཐག་ཏུ་ང་ཚོའི་སློབ་གྲྭའི་ནང་༸པཎ་ཆེན་ཤེས་ཡོན་སྲིད་བྱུས་ལ་རྒུད་ཆག་བྱུང་སོང་། རྫས་དངོས་རྩིས་གསུམ་གྱི་སློབ་ཚན་ཚང་མ་རང་གི་མ་སྐད་ནང་སློབ་ཁྲིད་བྱེད་པའི་སྲིད་བྱུས་ལག་བསྟར་དོན་འཁྱོལ་ཡོང་བའི་ཆེད་དུ་༸པཎ་ཆེན་བཅུ་པ་མཆོག་གི་སྐུ་སྲོག་ཀྱང་བཏང་ཡོད། མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་ལག་བསྟར་བྱེད་སའི་ས་ཁུལ་ནང་མི་རིགས་རང་ཉིད་ཀྱི་སྐད་ཡིག་གཞུང་ཡིག་ཏུ་སྤྱོད་རྒྱུ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གྲྭ་ཁག་ནང་སློབ་ཚན་ཡོངས་རྫོགས་མི་རིགས་རང་གི་མ་སྐད་ནང་སློབ་ཁྲིད་བྱེད་དགོས་པ་ནི་མི་རིགས་དེས་རང་གི་སྐད་ཡིག་ལ་སློབ་སྦྱོང་བྱས་པ་ཙམ་ཞིག་ག་ལ་ཡིན།

            ༸ཀུན་གཟིགས་མཆོག་གིས། “བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ཆུང་ཆུང་ཞིག་གཏན་ནས་མིན། དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན།” ཞེས་གསུངས་པ་བཞིན་འདི་ནི་འཆི་གསོན་ལ་ཐུག་པའི་མི་རིགས་ཤིག་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད། ལོ་རབས་བརྒྱད་བཅུ་པའི་ནང་༸ཀུན་གཟིགས་བཅུ་པ་མཆོག་དང་། ང་ཕོད་ངག་དབང་འཇིགས་མེད། ཕུན་ཚོགས་དབང་རྒྱལ། ཕུན་ཚོགས་བཀྲ་ཤིས་སོགས་ནི་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་གི་འཐབ་རྩོད་པ་འགྲན་ཟླ་བྲལ་བ་ཞིག་རེད། ༸ཀུན་གཟིགས་མཆོག་གིས། “བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་མང་ལ་ཕན་ཐོགས་ཡོད་པ་དངོས་ཡོད་གནས་ཚུལ་ནས་གསལ་པོ་ཆགས་ཀྱི་མི་འདུག་གམ། མི་ཁ་ཤས་ཀྱིས་ང་ཁ་མང་པོ་འདུག་ཟེར་གྱི་འདུག ང་སྐད་ཆ་མང་པོ་ཡོད་ཀྱི་རེད། གོང་གི་གནས་ཚུལ་སྐོར་ང་ཙམ་མིན་པར་མི་མང་པོར་བསམ་ཚུལ་ཡོད་ལ། ན་ནིང་ང་ཕོད་ཀྱང་སྐུ་རླུང་ལངས་ནས་ལྕོག་ཙེའི་ཐོག་མུར་མཛོག་གཞུ་དགོས་ཐུག་ཡོད། ང་རང་ནི་དེ་བས་ཀྱང་བརྗོད་ག་ལ་དགོས།” ཞེས་དང་། “ན་ནིང་ ༡༩༨༧ ལོར་བློ་མཐུན་ང་ཕོད་དང་ང་ཚོ་གཉིས་ཀྱིས་སེམས་ཐག་བཅད་དེ་བོད་ལ་བསྐྱོད་ནས་ང་ཕོད་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཀྲུའུ་རིན་སོང་ཙང་ཕྱག་ལས་གནང་སྟེ་བཞུགས། ངས་ཁོང་ལ་རྒྱབ་སྐྱོར་ཞུས་བྱས་ང་ཚོ་གཉིས་ཀྱིས་གཡས་གཞོགས་གཡོན་འདེགས་ཀྱི་སྒོ་ནས་ཨུ་ཚུགས་ནན་པོ་བརྒྱབ་སྟེ་ད་ཕྱིན་བོད་དུ་བོད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་ཡར་རྒྱས་གོང་འཕེལ་དགོས་ཞེས་བཤད་ཡོད།” ཡང་། “ང་མི་འདི་རླུང་ལངས་པོ་སོང་ལྕོག་ཙེའི་སྒང་དུ་མཛོག་མགོ་བརྡབས་ནས་མི་འགའ་རེ་རླུང་ལངས་དགོས་པ་བཟོས་པ་དང་། དེ་བཞིན་བློ་མཐུན་ང་ཕོད་ནས་ཀྱང་གསུངས། ཕུན་དབང་ལགས་དང་། ཕུན་བཀྲ་ལགས་བཅས་ཚང་མས་ཧ་རུབ་བ་རུབ་གནང་། དེའི་ཐོག་བློ་མཐུན་ཝུ་ཅིང་ཧྭ་ཁོང་ཚོའི་གྲས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བྱས་ཐེབས་ཆག་འགྲིག་ཙམ་བྱེད་ཐུབ་པ་བྱུང་བ་དང་། དེའི་མཇུག་ཙམ་དུ་ད་ལོ་ནས་བོད་ལ་ལག་ལེན་བསྟར་ཡས་ཀྱི་ཁྱབ་བསྒྲགས་ཤིག་བྱས་ཡོད་པ་རེད།” ཅེས་གོང་དུ་བཀོད་པའི་༸ཀུན་གཟིགས་མཆོག་གི་བཀའ་སློབ་དུམ་བུ་དེ་དག་ལས་ང་ཚོས་ལོ་རབས་བརྒྱད་བཅུ་པའི་ནང་༸ཀུན་གཟིགས་མཆོག་གི་དབུ་ཁྲིད་འོག་མདོ་དབུས་ཁམས་གསུམ་གྱི་བོད་རིགས་བློ་མཐུན་དཔུང་ཁག་གཅིག་གིས་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་སྲུང་སྐྱོབ་དར་སྤེལ་སླད་འཐབ་རྩོད་ཇི་འདྲ་གནང་བ་ཟུར་ཙམ་ཞིག་མཚོན་པར་བྱས་ཡོད།

            ཁོང་རྣམ་པས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཆེད་དུ་ས་གནས་རིམ་པ་ཁག་ནས་ཀྲུའུ་ཞིའི་སྡིང་ཆའི་བར་གྱི་ཅོག་ཙེ་མཐོ་དམའ་མང་པོའི་སྟེང་དུ་སྐབས་རེ་མུར་མཛོག་གཞུ་བ་དང་། སྐབས་རེ་ཐལ་མོ་སྦྱར་བ་སོགས་ཀྱི་ཐབས་ཤེས་སྣ་མང་ཐོག་ནས་འབད་བརྩོན་བྱས་འབྲས་སུ་ཀྲུང་དབྱང་ནས་མི་རིགས་ས་གནས་རང་སྐྱོང་གི་ས་ཁུལ་ཁག་གི་སློབ་གྲྭར་རང་གི་མ་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་དགོས་པ་བྱུང་ཡོད། ལྕགས་སྒྲོག་དང་མེ་མདའི་ཁ་འོག་ནས་འདི་ལྟ་བུའི་རྒྱལ་ཁ་བླངས་ཐུབ་པ་ནི་ཧ་ལས་དགོས་པ་ཞིག་རེད།

༸ཀུན་གཟིགས་མཆོག་གིས་བོད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་འཐབ་རྩོད་ཀྱི་མུར་མཛོག་གཞུས་མྱོང་བའི་ཅོག་ཙེ་མང་པོ་ཞིག་ད་ལྟའང་ཀྲུང་དབྱང་གི་གཞུང་ལས་ཁང་དེ་ཚོའི་ནང་ཡོད། ཕྱི་ལོ་ ༡༩༨༩ ལོར་ཁོང་གདན་ས་བཀྲ་ཤིས་ལྷུན་པོ་ཉམས་གསོ་ལེགས་གྲུབ་ཀྱི་མཛད་སྒོར་ཕེབས་ལ་ཉེ་བའི་སྐབས་ཤིག་པེ་ཅིན་དུ་ཚོགས་འདུ་ཞིག་གི་ཐོག་ཅོག་ཙེའི་སྟེང་མུར་མཛོག་གཞུས་གནང་ནས་ཕྱག་ལ་སྐྱོན་བྱུང་ཡོད། ཧང་སངས་དགོས་པ་ཞིག་ལ་དུས་སྐབས་དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་ལས་བྱེད་པ་མང་པོ་ཞིག་གིས་ཀྱང་༸པཎ་ཆེན་གྱིས་བོད་ཡིག་བཙན་གྱིས་བསླབ་ཏུ་འཇུག་པ་འདི་ཡང་དག་པ་ཞིག་ཡིན་ནམ། ཞེས་མི་འདོད་པའི་རྣམ་འགྱུར་སྟོན་པ་མ་ཟད། སྐབས་དེའི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཏུའང་རྩོམ་ཡིག་སྤེལ་ཡོད། བོད་རིགས་ལས་བྱེད་པའི་ནང་བོད་དུ་བོད་ཡིག་སློབ་ཁྲིད་བྱེད་པར་ངོ་རྒོལ་ཆེད་ཅོག་ཙེའི་ཐོག་ཏུ་མུར་མཛོག་ཞུ་མཁན་ཡང་བྱུང་ཡོད། འདི་དག་ནི་ངའི་སེམས་ནང་རྡོ་རིང་བཞིན་གསལ་བའི་སྐད་ཡིག་འཐབ་རྩོད་ཀྱི་ལོ་རྒྱུས་བརྗེད་ཐབས་མེད་པ་ཞིག་ཡིན།

            ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་ནང་ཇི་ལྟར་བོད་ནང་༸ཀུན་གཟིགས་མཆོག་གིས་དབུ་ཁྲིད་པའི་བོད་རིགས་བློ་མཐུན་ཁག་གཅིག་གིས་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་གི་རང་དབང་ཆེད་འཐབ་རྩོད་གནང་བ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་ནང་དུའང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ཉུང་ཉས་ཤིག་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་རང་མི་རིགས་ཀྱི་མ་སྐད་ཐོག་ནས་སློབ་ཁྲིད་བྱ་རྒྱུར་འབད་བརྩོན་གནང་འདུག ཡ་ཚན་སྐྱེ་དགོས་པ་ཞིག་ལ་མཐོ་རིམ་མི་སྣའི་ཁྲོད་དུ་བོད་ཡིག་སློབ་ཁྲིད་བྱ་རྒྱུར་འབད་བརྩོན་ནུས་ཤུགས་འདོན་མཁན་བཙན་བྱོལ་ནང་ཉུང་བ་བྱུང་ཡོད་པའི་རྣམ་པ་ཞིག་འདུག དེའི་ཐོག་ནས་༸གོང་ས་མཆོག་གི་ཐུགས་དགོངས་ལ་ཕམ་ཉེས་བྱུང་ཡོད། ༸གོང་ས་མཆོག་གིས། “སྔོན་མ་ཕལ་ཆེར་ ༦༢ ཙམ་ལ་ང་ཚོའི་ཤེས་རིག་ཚོགས་འདུ་དང་པོ་དེ་འཚོགས་པའི་སྐབས་ལ་སྐད་ཆ་བྱུང་། ང་ཚོས་ངེས་པར་དུ་བོད་ཡིག་བེད་སྤྱོད་བྱེད་དགོས་ཀྱི་འདུག སློབ་ཚན་ཚང་མ་བོད་ཡིག་བརྒྱུད་ནས་བསླབ་རྒྱུ་ཞིག་བཟོ་དགོས་ཀྱི་འདུག་ཅེས་བཤད་ཡོད། ཡིན་ནའང་ལམ་སང་ལག་ལེན་འཁེལ་མ་ཐུབ་པ་རེད། དེ་དུས་སྐད་ཆ་བྱུང་དོན་ལམ་སེང་སློབ་ཚན་ཆ་ཚང་ཞིག་ཡོང་གི་མ་རེད་དེ་དཔེར་ན། སང་གནངས་འཛིན་གྲྭའི་ནང་བསླབ་རྒྱུའི་དོན་དག་དེ་རྣམས་དོ་དགོང་སང་དགོང་ལམ་སེང་བོད་ཡིག་ཏུ་བསྒྱུར་ནས་སྣུམ་པར་ཞིག་ལས་མ་བྱུང་རུང་བརྒྱབ་སྟེ་ཕྱིན་པ་ཡིན་ན། རིམ་པས་རིམ་པས་བོད་སྐད་ཆ་ཚང་བཤད་ཐུབ་པ་ཞིག་ཡོང་གི་རེད། ཉི་མ་དང་པོ་ཁོ་རང་ནས་ལམ་སང་སྤུས་དག་པོ་ཞིག་དགོས་པའི་རེ་བ་བརྒྱབ་སྟེ། སྤུས་དག་ཤོས་དེ་མ་འགྲུབ་པའི་བར་ལ་སྒུག་བསྡད་པ་ཡིན་ན་རྦད་དེ་འགྱངས་ནས་རྗེས་ལུས་ཐེབ་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་སྐད་ཆ་བྱུང་། ད་ཕལ་ཆེར་དེ་འདྲའི་བཟོ་ཆགས་འདུག མིའི་ལུང་པར་བསླེབས་ནས་ལོ་ ༢༦ འགྲོ་གི་ཡོད་པ་རེད། སློབ་ཚན་མང་པོ་ཞིག་གི་ནང་ལ་བོད་སྐད་ཀྱི་ཐོག་ནས་བསླབ་རྒྱུའི་ཡར་རྒྱས་ད་ལྟའང་འགྲོ་ཐུབ་ཀྱི་མི་འདུག” ཅེས་དང་། “རྒྱུགས་སྤྲོད་བྱེད་སྟངས་དེ་འདྲའི་ཐོག་ལ་གཅིག་བྱས་ན་དཀའ་ངལ་གསར་པ་དེ་འདྲ་ཡོང་མདོག་ཁ་པོ་རེད། དེ་འདྲ་བྱས་ན་དཀའ་ངལ་ཞིག་འཕྲད་ཀྱི་རེད་ཅེས་བསམ་འཆར་ཡོང་གི་རེད། བསམ་འཆར་བྱུང་ན་ཡག་པོ་རེད། དཀའ་ངལ་དེ་སེལ་བའི་ཐབས་ཤེས་ག་རེ་འདུག་དེ་ཡང་བསམ་བློ་གཏོང་དགོས་པ་ལས། ལས་ཀ་འདི་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཅེས་བཞག་ན་ཡར་རྒྱས་འགྲོ་གི་མ་རེད།” ཅེས་གསུངས། གོང་གསལ་བཀའ་སློབ་ནི་ལོ་རབས་བརྒྱད་བཅུ་པའི་ནང་གནང་བ་ཤ་སྟག་རེད། རང་སྐྱོང་ལྗོངས་ཀྱི་མཐོ་རིམ་བོད་རིགས་མགོ་ཁྲིད་འགའ་ཞིག་གིས་༸ཀུན་གཟིགས་མཆོག་གི་དབུ་ཁྲིད་འོག་མཐོ་རིམ་བློ་མཐུན་དཔུང་ཁག་གཅིག་གིས་བོད་ཡིག་གཞུང་ཡིག་ཏུ་སྤྱོད་རྒྱུ་དང་། སློབ་ཁྲིད་བྱ་རྒྱུར་འབད་བརྩོན་གནང་བར་ངོ་རྒོལ་བྱེད་དགོས་པ་ནི་ཁོང་རང་ཚོས་བོད་ཡིག་དང་བོད་སྐད་ཡག་པོ་ཤེས་ཀྱི་མེད་པ་དང་། ཁོང་ཚོའི་ཕྲུ་གུ་ཚོའི་སྒེར་གྱི་མ་འོངས་མདུན་ལམ་ལ་སྐྱོན་རྒྱག་གི་རེད་སྙམ་པའི་བསམ་བློ་ཐབས་སྡུག་ཅིག་ལས་བྱུང་བ་རེད། གནས་ཚུལ་འདི་དང་གཅིག་པ་གཅིག་རྐྱང་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་ལྷག་པ་རེད། ༸ཀུན་གཟིགས་མཆོག་དང་༸གོང་ས་མཆོག་གི་དབུ་ཁྲིད་འོག་ཕྱི་ནང་སོ་སོར་བོད་ཕྲུག་ན་གཞོན་ཚོར་རང་གི་མ་སྐད་ནང་སློབ་ཁྲིད་བྱ་རྒྱུར་འབད་བརྩོན་བྱེད་པ་ནི་མི་རིགས་ཤིག་གི་འཆི་གསོན་ལ་དགོངས་པ་བཞེས་པ་ཡིན། དཔོན་རིགས་འགའ་ཤས་ཤིག་གིས་དེར་མི་འདོད་པའི་རྣམ་འགྱུར་སྟོན་པ་ནི་རང་དང་རང་གི་ཕྲུ་གུའི་མ་འོངས་པར་བསམ་བློ་བཏང་ཁུལ་གྱིས་མི་རིགས་བློས་བཏང་བྱས་པ་རེད།

            ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཤག་ལྷན་ཚོགས་དབུ་ཚུགས་ཤིང་། བཀའ་ཤག་གསར་པའི་གལ་ཆེའི་ལས་དོན་གཅིག་ནི་བོད་མི་རིགས་ཀྱི་དགོས་མཁོ་དང་འཚམ་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་ཀྱི་ལས་རིམ་མགོ་འཛུགས་བྱ་རྒྱུ་དེ་རེད། ཕྱི་ལོ་ ༢༠༠༢ ལོར་ཤེས་རིག་ཚོགས་ཆེན་ཐོག་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་ཀྱི་འཆར་གཞི་དང་དགོངས་ཚུལ་ཇི་ཡོད་གསུངས་ཏེ་ཚོགས་ཕེབས་རྣམ་པའི་ཁྲོད་གོ་བསྡུར་གྱིས་སྤྱི་མོས་རྒྱབ་སྐྱོར་བྱུང་ཡོད་པ་བཞིན་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གསར་འཛུགས་ཀྱིས་འཆར་ཟིན་འགོད་འབུལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་འོག་སྲོལ་རྒྱུན་དང་དེང་རབས་ཀྱི་ཕྱི་ནང་མཁས་པ་མང་པོའི་མདུན་སར་གོ་བསྡུར་སྦྱངས་བཤད་གནང་མཐར་ཕྱི་ལོ་ ༢༠༠༤ ལོར་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བརྒྱད་པར་གཏན་འབེབས་ཡོང་སླད་གྲོས་ཚོགས་སུ་འབུལ་ལམ་ཞུས་པ་བཞིན་གྲོས་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་བསྐྱར་ཞིབ་གནང་ཐོག་སྤྱི་མོས་གཏན་འབེབས་བྱུང་ཡོད། ༸ཀུན་གཟིགས་བཅུ་པ་ཆེན་པོས། བོད་མི་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པ་ནི་དོན་དག་ཆུང་ཆུང་ཞིག་མིན་པར་དེ་ནི་ཆབ་སྲིད་དང་འབྲེལ་བའི་བྱ་བ་གལ་ཆེན་ཞིག་ཡིན་གསུངས་པ་བཞིན་བཙན་བྱོལ་གཞུང་ནས་དེ་ལྟ་བུ་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱས་པའི་ཉིན་དེ་ནས་བཟུང་ང་ཚོས་རྒྱ་གཞུང་ལ་ལན་འདེབས་ཆེན་པོ་ཞིག་བྱེད་ཐུབ་ཡོད། ཡིན་ནའང་བློ་ཕམ་པ་ཞིག་ལ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མཐོ་རིམ་མི་སྣ་མང་པོ་ཞིག་གིས་འགོག་རྐྱེན་སྣ་ཚོགས་བཟོས་ཡོད་པ་མ་ཟད། ད་དུང་ཤེས་ཡོན་སྲིད་བྱུས་འདི་མེད་པ་བཟོ་མ་ཐུབ་ན་བོད་མིར་མདུན་ལམ་མེད་པ་ཆགས་རྒྱུ་རེད་ཅེས་བཤད་ནས་ལྐོག་ཏུ་ཅོག་ཙེའི་སྟེང་དུ་མུར་མཛོག་ཞུ་མཁན་ཡང་བྱུང་ཡོད། ཤེས་རིག་ལས་ཁུངས་དང་། བོད་ཁྱིམ་ཡིག་ཚང་ནང་བོད་ཕྲུག་ཚོར་རང་གི་མ་སྐད་ནང་སློབ་ཁྲིད་བྱ་རྒྱུར་ངོ་རྒོལ་ཆེད་བོད་རིགས་ལས་བྱེད་པ་འགའ་ཤས་ཀྱིས་མུར་མཛོག་གཞུས་མྱོང་བའི་ཅོག་ཙེ་ད་ལྟའང་མཐོང་རྒྱུ་ཡོད། ཡིན་ནའང་མཁས་པའི་མདུན་དུ་སྒྲུབ་བྱེད་ཀྱི་རིགས་པ་བཀོད་ནས་མི་ཐད་པའི་འགྲེལ་བརྗོད་བྱེད་མཁན་གཅིག་ཀྱང་བྱུང་མེད། དེ་ལས་ལྡོག་སྟེ་མཁས་པའི་བགྲོ་གླེང་ནང་དུ་གདན་ཞུ་གནང་བའི་མཁས་དབང་འགའ་ཤས་ཀྱིས་བགྲོ་གླེང་སྡིངས་ཆའི་སྟེང་དུ་རིགས་པའི་སྒྲུབ་བྱེད་ལྡན་པའི་བཀའ་མོལ་མ་གསུངས་པར་རྒྱབ་ཏུ་ལྐོག་ལྐོག་སུད་སུད་ཀྱིས་དགག་བྱ་བྱེད་མཁན་དེ་འདྲ་ཡང་བྱུང་འདུག

དཔེར་ན། ཤེས་ཡོན་སྲིད་བྱུས་ཀྱི་འཆར་ཟིན་ཐོག་སྣ་དེང་ཤེས་ཡོན་ལྡན་པའི་བོད་རིགས་མཁས་པའི་ལྷན་ཚོགས་སུ་གདན་ཞུས་གནང་བའི་བོད་རིགས་མཁས་དབང་གཉིས་ཀྱིས་རྒྱབ་གྲོས་བྱས་ཏེ་སྐུ་སྒེར་དྲུང་ཆེ་བརྒྱུད་༸གོང་ས་མཆོག་ལ་སྙན་འབུལ་ཞུ་རྒྱུར། གལ་སྲིད་སྲིད་བྱུས་འདི་གྲོས་ཚོགས་ལྟ་བུ་ཞིག་ནས་བཀག་མ་ཐུབ་ན་མ་འོངས་བོད་མིའི་ཤེས་ཡོན་མདུན་ལམ་ལ་གནོད་ཚབས་ཆེ་ཚུལ་ལྷ་སྙན་སྒྲོན་འབུལ་ཞུ་ཐབས་ཡོང་བ་ཞུས་ཡོད་འདུག དེང་སྐབས་སྐྱེ་བོ་འགའ་ཞིག་གིས་རང་གི་མངོན་འདོད་ཀྱི་རྒྱབ་རྟེན་དུ་༸རྒྱལ་བའི་བཀའ་ལུང་ཞིག་རག་ཐབས་སུ་དེ་འབྲེལ་གྱི་མི་སྣའི་མདུན་དུ་འཁྲབ་ཚན་རིང་ཐུང་སྣ་ཚོགས་འཁྲབ་མཁན་ཡོང་གི་ཡོད་པ་བཞིན་མཁས་དབང་གཉིས་ནས་ཀྱང་དེ་མཚུངས་ཀྱི་འཁྲབ་ཚན་ཞིག་གྲ་སྒྲིག་བྱས་འདུག ༸ཡིན་ནའང་༸གོང་ས་མཆོག་གིས་ཁོང་གཉིས་ཀྱི་མངོན་འདོད་འགྲུབ་པའི་བཀའ་སློབ་ནི་ཕེབས་མི་སྲིད་པ་ཞིག་རེད། གང་ཡིན་ཞེ་ན་ཉེ་བའི་ཆར་གོང་གསལ་མཁས་དབང་ཞིག་གིས་༸གོང་ས་མཆོག་མཁས་དབང་ཁོང་ཉིད་བཞུགས་པའི་རྒྱལ་ཁོངས་སུ་ཆིབས་སྒྱུར་གནང་བའི་སྐབས་དང་བསྟུན་ཏེ་ནང་མི་ཆ་ཚང་མཇལ་བཅར་ཞུ་སྐབས་ཁོང་གི་ཕྲུ་གུས་བོད་ཡིག་ཕར་བཞག བོད་སྐད་ཙམ་ཡང་ཤོད་ཤེས་ཀྱི་མེད་སྟབས་༸གོང་ས་མཆོག་ཐུགས་ཕམ་ནས་མཁས་དབང་ཁོང་ལ་གསུངས་དོན། ཁྱེད་རང་བོད་པའི་ཆོས་དང་རིགས་གཞུང་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་གིས་ཕྲུ་གུ་གསོ་སྐྱོང་གང་འདྲ་བྱེད་ཀྱི་ཡོད་དམ། ཞེས་གསུངས་འདུག

            བྱིས་པ་ཞིག་དང་འདྲ་བའི་ཤེས་ཡོན་སྲིད་བྱུས་འདི་རང་གི་མ་ཡུམ་མཁས་དབང་ཟམ་གདོང་རིན་པོ་ཆེའི་པང་ཁའི་ནང་འཚར་ལོངས་བྱས་ནས་ཡུན་རིང་མ་སོང་བར་མ་ཡར་སྲིད་སྐྱོང་བློ་བཟང་སེང་གེའི་པང་ཁར་བསྐྱོད་དགོས་བྱུང་ཡོད། མ་ཡར་སྲིད་སྐྱོང་བློ་བཟང་སེང་གེས་གཡོག་ལས་བསྐུར་ནས་སྡུག་སྦྱོང་གཏང་རྒྱུ་ཡིན་ནམ། ཡང་ན་མ་ཡུམ་ལས་ཀྱང་ལྷག་པའི་གཅེས་སྐྱོང་གནང་རྒྱུ་ཡིན་ད་ལྟ་གཞི་ནས་རེད། དེ་སྔོན་ཤེས་རིགས་ལས་ཁུངས་ནང་ཤེས་ཡོན་སྲིད་བྱུས་ནི་སྲས་སྐུ་ཞབས་ཤིག་རང་ཡིན་ཏེ་ཁོང་ལ་མ་ཡུམ་ཙམ་མ་ཟད་ད་དུང་གཅེས་སྐྱོང་གནང་མཁན་མ་མ་མང་པོ་ཡོད། བློ་བཟང་སེང་གེ་ལགས་ཤེས་རིག་བཀའ་བློན་གྱི་བཞུགས་ཁྲིའི་སྟེང་ཕེབས་ནས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་བཞེས་ཏེ་ཡུན་རིང་མ་སོང་བར་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཞིག་གནས་སྤོས་གཏང་སོང་། ཁོང་ནི་ཤེས་ཡོན་སྲིད་བྱུས་ཀྱི་མ་མ་གལ་ཆེ་བ་ཞིག་རེད། དེ་མ་ཐག་ཤེས་ལས་སུ་སྐད་ཆ་མང་པོ་བྱུང་ཡོད། ཡིན་ནའང་ད་དུང་གལ་གནད་ཆེ་ཤོས་ཀྱི་མ་མ་གཅིག་བཞུགས་ཡོད་པས་རེ་བ་ཡོད་ཟེར། དེ་ནས་ཉིན་ཤས་རྗེས་ཤེས་རིག་དྲུང་ཆེ་མཆོག་བཀའ་དྲུང་ལ་གནས་སྤར་གནང་སོང་། ད་ནི་ཤེས་ཡོན་སྲིད་བྱུས་ཀྱི་མ་མ་གལ་ཆེ་ཤོས་དེའང་བཞུགས་ཐུབ་མ་སོང་། ཤུལ་དུ་ལུས་པའི་མ་མ་ཚང་མས་མ་མ་ཁྱེད་རང་བཀའ་དྲུང་ཡིག་ཚང་དུ་ཕེབས་ཀྱང་ང་ཚོའི་སྲས་སྐུ་ཞབས་ལ་གཟིགས་རྟོགས་གནང་རོགས་ཞེས་རེ་བ་ཞུས་སོང་། ཡིན་ནའང་དེ་ནས་བཟུང་མ་མ་དེ་མ་ཡར་གྱི་གཡོག་མོར་གྱུར་པ་རེད། མ་ཡར་སྲིད་སྐྱོང་མཆོག་གིས་ཤེས་ཡོན་སྲིད་བྱུས་ཐོག་འཛིན་པའི་རྣམ་འགྱུར་གང་ཙམ་མངོན་བྱུང་། གྲོས་ཚོགས་སྐབས་གོང་མས་དར་གོས་ཆེན་གཡོགས་ཤིང་བཀའ་ཤག་གོང་མས་ཞིམ་ཞིམ་མངར་མངར་སྦྱིན་ནས་གསོ་སྐྱོང་བྱས་པའི་སྲས་སྐུ་ཞབས་དེ་མ་ཡར་མཆོག་གིས་ལམ་སང་སྐེ་བཙིར་བཏང་ནས་བསད་ན་རང་གི་ལག་པར་ཁྲག་འགོ་རྒྱུ་ཡིན་པ་ཤེས་ཀྱི་ཡོད། ཏག་ཏག་ཁོང་གིས་ཨ་རི་ནས་ཤན་པ་ཞིག་ཁྲིད་བསླེབས་སོང་། ཡིན་ནའང་ཤན་པ་དེ་ཡང་ཤན་པ་དངོས་གནས་དེ་རེད་མི་འདུག ད་ནི་ཤ་ལ་ཆགས་ཁྲག་ལ་འཇིགས་པའི་དཔེ་དོན་དུ་གྱུར་འདུག སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཞིག་བསྐོང་སོང་། གོ་ཐོས་ལ་ཚོགས་ཆེན་དེ་བརྒྱུད་ནས་སྲས་སྐུ་ཞབས་ལ་ལག་པ་འཇུ་ས་ཞིག་རག་ན་བསམ་པ་འདྲ། སྟབས་མ་ལེགས་པ་ཞིག་ལ་ཚོགས་འདུའི་ཚོགས་བརྡ་གོ་བརྡ་མ་འཕྲོད་པས་བོད་ཡིག་དགེ་རྒན་ཞེ་གཅིག་ཚོགས་འདུར་ཕེབས་འདུག ད་ནི་འདོད་ཐོག་ལ་རྟ་རྒྱུག་ཐུབ་མ་སོང་། ཚོགས་བཅར་བ་ཚོས་སྲས་སྐུ་ཞབས་ལ་གཅེས་སྐྱོང་དང་ཆེ་མཐོང་གནང་དགོས་པ་མང་དག་ཅིག་གསུངས་སོང་། ཤེས་རིག་བློན་ཆེན་ལས་ཁང་གི་འཆར་གཞི་ཚང་མ་དཀྲུག་མཁན་གྱི་ཚོགས་འདུ་དེ་མཇུག་བསྡོམས་ཤིག་ཀྱང་མེད་པར་གྲོལ་སོང་། ད་ནི་ཐབས་ཤེས་གཞན་ཞིག་གི་ཐོག་ཕེབས་རྒྱུ་ལས་འོས་མེད།

            ངས་འདི་ལྟར་བསམ་ཞིབ་ག་ཚོད་བྱས་ཀྱང་ཤེས་ཡོན་སྲིད་བྱུས་ཀྱི་ཤན་པ་ངོ་མ་དེ་ཤེས་རིག་བཀའ་བློན་དང་དྲུང་ཆེ་ཡིན་པའི་ངེས་ཤེས་རྙེད་མ་སོང་། བྱས་ན་ཤེས་ཡོན་སྲིད་བྱུས་ཀྱི་ཤན་པ་ངོ་མ་དེ་སུ་ཡིན་ནམ། ད་ནི་ང་ཚོས་བསམ་བློ་བསྐྱར་ལོག་བྱེད་དགོས་པ་འདུག ངས་གོང་དུ་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་མའི་འཆར་ཟིན་ཐོག་མཁས་པའི་བགྲོ་གླེང་རིམ་པ་བྱས་པའི་བརྒྱུད་རིམ་ཁྲོད་བོད་རིགས་མཁས་དབང་གཉིས་ཀྱིས་རྒྱབ་གྲོས་བྱས་ཏེ་འཁྲབ་ཚན་ཞིག་བཀོད་སྒྲིག་བྱས་ཚུལ་བཤད་པ་དེ་དྲན་གསོས་ཀྱི་འདུག་གམ། མཁས་དབང་དེ་གཉིས་ཀྱི་ཁྲོད་ནས་གཅིག་ནི་༼གོང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ནས་བཀའ་བཀྱོན་རག་མཁན་དེ་མ་རེད།༽ཏག་ཏག་སྐུ་ངོ་སྲིད་སྐྱོང་མཆོག་གི་ཤེས་ཡོན་སློབ་སྟོན་པ་རེད། སྲས་སྐུ་ཞབས་མ་སྐྱེས་གོང་ནས་གསོད་རྩིས་བྱེད་མཁན་དེ་ནི་སྲས་སྐུ་ཞབས་ཀྱི་མ་ཡར་གྱི་རྨོ་བོ་ལགས་རེད་འདུག མ་ཡར་ནི་རྨོ་ལགས་ཀྱི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་རེད། ད་ང་ཚོའི་སྲས་སྐུ་ཞབས་སྲོག་མགོ་ཐོན་པ་འདུག་གམ། སྲིད་སྐྱོང་མཆོག་གི་ཤེས་ཡོན་སློབ་སྟོན་པའི་གཟུགས་བརྙན་དེ་ཁྱེད་རྣམ་པས་གོང་དུ་མཐོང་ཟིན་པ་རེད། ཁོང་ནི་མདུན་དུ་འདྲ་ཆགས་གནང་ནས་རྒྱབ་ལ་འཁྲབ་མཁན་གྱི་ཐ་ཤལ་ཀུན་སྤྱོད་ལྡན་པའི་མཁས་དབང་ཞིག་རེད། འདི་ནི་ངས་གངས་ཅན་སྐྱིད་ཤོང་ནས་མཐོང་བའི་མུ་འབྲེལ་འཁྲབ་ཚན་མཇུག་མ་བསྡུས་པར་འཁྲབ་དང་འཁྲབ་བཞིན་པའི་གཏམ་རྒྱུད་ཅིག་རེད། འཁྲབ་ཚན་འདི་མ་འོངས་པའི་ལོ་རྒྱུས་ཤིག་རེད། འདིའི་མཇུག་བསྡོམས་ནི་ད་ལྟ་རྦད་དེ་སྔ་དྲག་པ་རེད། ཁྱེད་ཚོས་ད་དུང་འཁྲོབས་དང་ངས་ལྟས་མོ་བལྟས་ཆོག སྤྱིར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ནི་སློབ་ཚན་མ་སྐད་ནང་སློབ་ཁྲིད་བྱ་རྒྱུ་དེ་ཙམ་མ་རེད། ཡིན་ནའང་མི་རིགས་ཤིག་གི་འཐབ་རྩོད་དང་འབྲེལ་བའི་ཤེས་ཡོན་སྲིད་བྱུས་ཞིག་ཡིན་ན་མ་སྐད་ནི་ཤེས་ཡོན་འཐབ་རྩོད་ཀྱི་དར་ཆ་རེད། དེར་བརྟེན་ང་ཚོས་མ་སྐད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཤེས་ཡོན་གྱི་འཐབ་རྩོད་བྱེད་དགོས།།

༸གོང་ས་མཆོག་དང་༸ཀུན་གཟིགས་མཆོག་གི་བཀའ་སློབ་ཁག་ནི་ཤེས་རིག་ནས་དཔར་བའི་༸གོང་ས་མཆོག་གི་ཤེས་ཡོན་ལམ་སྟོན་གྱི་དེབ་དང་། ཕྱི་དྲིལ་ནས་དཔར་བའི་༸ཀུན་གཟིགས་མཆོག་གི་བཀའ་སློབ་ཕྱོགས་བསྡུས་ལས་བཏུས་པ་ཡིན། མཇུག་ཏུ་གསལ་འདེབས་ཞུ་དགོས་པ་ཞིག་ཡོད། ཀློག་པ་པོ་རྣམས་ནས་སྒེར་གྱི་འཁོན་རྩོད་ལྟ་བུ་མཆན་དེ་འདྲ་བཏབ་ནས་མ་རྩོམ་གྱི་ཁ་མ་བསྒྱུར་རོགས་གནང་། དེ་ནི་ངའི་རེ་བ་ཡིན།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༧ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 6

  1. ལུང་རྟོགས། says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་ལ་ཕྱོགས་གང་ཐད་ནས་ཞུ་དགོས་ཡ་མེད་ཀྱང་། ཤེས་ཡོན་སྲིད་ཇུས་ཀྱི་ཐད་ལ་ཕྱག་ལས་ཅི་འདྲ་ཞིག་གནང་གི་ཡོད་པ་དང་། བོད་རང་གི་སྐད་ཡིག་ལ་གཟིགས་ཚུལ་ཅི་འདྲ་ཞིག་ཡིན་མིན་དོག་པ་ཡོད། དེས་ན་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་བོད་རང་གི་སྐད་ཡིག་ཐད་སྲིད་སྐྱོང་གིས་ཕྱག་ལས་གང་འདྲ་གནང་གི་ཡོད་མེད་ལ་དོག་འདྲི་བྱེད་ཐུབ་ན་དགེ་མཚན་ཆེ་བར་མངོན། གཞན་སྲིད་སྐྱོང་མཁས་པ་མ་ཡིན་པ་དང་འཇོན་ཐང་མེད་རབས་སོགས་བཤད་པ་ནི་ཕྲུ་གུས་སྐད་ཆ་ལྟ་བུ་ལས་གང་ཡང་མཐོང་གི་མི་འདུག། བཀྲ་ཤིས་འཇིག་མེད་ཅེས་པ་འདི་རྒྱུན་ལྡན་ནས་སྲིད་སྐྱོང་ལ་སྐྱོན་བརྗོད་འདྲ་མིན་བྱེད་མཁན་ཞིག་ཡིན་ཡང་། དེ་རིང་གི་སྐྱོན་བརྗོད་འདི་ནི་ཅུང་ཟད་གནས་ལུགས་ལྡན་པ་ཞིག་ཡིན་པར་མཐོང་སོང་། ངས་ལྟས་ན་ད་ལྟའི་དུས་སུ་ཤེས་ཡོན་སྲིད་ཇུས་ཀྱི་ཤན་པ་ངོ་མ་ནི་ཨ་མ་རྗེ་བཙུན་པད་མ་དང་བོད་ཁྱིམ་གྱི་དབུ་འཛིན་འདི་ཚོ་རེད།

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    མདོར་བསྡུས་ནས་བཤད་ན་བོད་རང་གི་སྐད་ཡིག་ལ་རྒྱ་དམར་གཞུང་གིས་ཉམས་ཆགས་བཏང་མ་ཐུབ་པ་ཞིག་བཙན་བྱོལ་བའི་མི་སྣ་རེ་ཟུང་གིས་བཏང་ཡོད་པ་རེད། དེ་ནི་ཆེས་ཡིད་སྐྱོ་དགོས་པའི་ལོ་རྒྱུས་ཀྱི་ནག་ཐིག་ཆེན་པོ་ཞིག་ཡིན་པ་བཤད་དགོས་པ་གང་ཡང་མི་འདུག སྤྱིར་ཤེས་ཡོན་སྡེ་མཚན་དག་གི་འགོ་གཙོ་ལ་བོད་པའི་ཆོས་དང་། རིག་གཞུང། སྐད་ཡིག་ལ་ཤ་ཞེན་མེད་པ་དང་། གསར་འགྲོགས་དང་ཕྱི་གླིང་བའི་ལྟ་གྲུབ་ཡིད་དུང་བ་ཆེ་སོང་བས་ནོང་པ་འདི་ནི་དུས་ནམ་ཡང་ཡོང་ངེས་པ་རེད། དེའི་འགོག་ཐབས་ཡག་ཤོས་ནི་བོད་མི་རིགས་ཀྱི་རིག་གནས་ལ་རིན་མཐོང་ཤེས་མཁན་དང་། གོ་དོན་རྟོགས་མཁན་ཞིག་ངེས་པར་དུ་དགོས་གལ་ཆེ་བར་འདོད་་་་་་

    Reply
  3. འཇམ་གཅེས ། says:
    ལོ་ 12 སྔོན།

    རེད་རེད་སེངྒེ་བཟང་པོས་མཆན་བུ་ཤོ་ལོ་ཀ་གཉིས་པ་དེར་བརྒྱ་ཆ་བརྒྱ་ཐམ་པར་མོས་མཐུན་དང་རྒྱབ་སྐྱོར་ཡོད

    Reply
  4. བོད་ཀྱི་བུ། says:
    ལོ་ 12 སྔོན།

    ངོ་མ་གནས་ལུགས་ལྡན་པའི་རྩོམ་ཡིག་སྤེལ་འདུག སྲིད་སྐྱོང་བློ་སེང་གིས་བོད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་འདོད་ན་ཇའུ་མི་རིགས་ལ་དཔེར་བླངས་དགོས་མ་རེད། ཀུན་གཟིགས་པན་ཆེན་བཅུ་བའི་ཞབས་རྗེས་ངོས་ཤེས་ན་དེའི་འགྲིགས་རེད། བཙན་བྱོལ་ནང་མི་གཏེ་བོ་ཚོ་ནི་ཤེས་ཡོན་ཐད་འགན་འཁུར་ནས་མི་རིགས་འདིའི་སོན་རྩ་རྣམས་ར་མ་ལུག་ལྟར་བཟོས་མཁན་གྱི་ལོ་རྒྱུས་ཀྱི་ཉེས་ཅན་ཚེ་དབང་རིག་འཛིན་དང་བེ་ཚེ་རིང་སོགས་སྟོད་པའི་རིགས་རྒྱུད་ཁ་ཤས་ཡིན། ངོ་མ་ལས་འབྲས་ཀྱི་ཁོ་ཚོ་ཐར་བ་མ་གཏོང་ཡ།

    Reply
  5. nyimowa says:
    ལོ་ 12 སྔོན།

    ཤེས་ཡོན་སྲིད་འཇུས་ཀྱི་གཤེན་ཤན་པ་ངོ་མ་དེ་བོད་ཕྲུག་ལ་ཕྱི་གླིང་པའི་ཀླད་པ་མེད་བཞིན་དུ་ཕྱི་གླིང་པའི་ལམ་ལུགས་བསྲོལ་ཐོག་ཕྲུ་གུ་ཚོར་ཉེས་བརྡུང་གཏང་མི་མཆོག་ཟེར་བར་རྟེན་ཕྲུ་གུ་རྣམས་ནས་རྒན་ལགས་དང་ཁྱིམ་ཚང་གི་ཨ་མ་ལགས་སོ་སོ་རང་གི་ནང་གི་ཕ་མ་གཉིས་དང་དེ་བཞིན་མི་རྒན་གཞོན་སུ་ལ་ཡང་ཡ་རབས་གུས་ཞབས་རྩ་བ་ནས་མེད་པ་ཆག་བསྡད་ཡོད་པ་དེ་རེད། ད་དུང་དེང་སྐབས་བོད་ནང་གི་མི་ཚོས་འཕྱ་སྨོད་བྱེས་ས་ལྟ་བུ་གྱུར་བའི་བོད་ཕྲུག་ཁྱིམ་སྡེ་སློབ་མ་རྣམས་ནས་གསར་རྩོམ་གནང་བའི་སྐད་རྭ་མ་ལུག་དེ་དང་བཟི་སྨན་ཟས་ནས་རང་ཉིད་གང་འགྲོ་མི་ཤེས་པ་དང་ཆགས་པས་སྨྱོ་བའི་བུ་བུ་མོ་དེ་རྣམས་དང་ཐ་ན་ཁ་སྐད་ཙམ་ཡང་ཡག་པོ་མ་སླབ་མཁན་གྱི་དབུ་འཛིན་དང་དགེ་རྒན་དང་ཁྱིམ་ཚང་གི་ཨ་མ་ལགས་སོགས་ཤན་པ་ངོ་མ་དེ། དེ་ལྟར་བྱས་ནས་བྱུང་བ་རེད་མཉམ།

    Reply
  6. སེང་གེ་བཟང་པོ། says:
    ལོ་ 12 སྔོན།

    ཧཧཧཧཧ ཞུ་དག་ཅིག་སོང་ན་འདི་ལས་ཚིག་སྦྱོར་བདེ་བོ་ཞིག་ཡོང་མདོག་ཡང་སྐྱོན་མི་འདུག

    ཤན་པ་གཅིག་ནི་གསལ་བྱེད་གསུམ་བཅུ་ལ།།
    རང་མགོ་རང་ཐོན་མིན་པའི་མ་གཡར་དང།།
    ཤན་པ་གཞན་ནི་ཀླད་དམར་བྱབ་ཆུང་བ།།
    གདན་ཞུས་དྲུང་ཆེ་ཡིན་ན་སེམས་པ་སྐྱོ།།

    ཤན་པ་གཞན་ནི་རྗེ་བཙུན་པ་པདྨ་སྟེ།།
    ཞིབ་འཇུག་བྱས་ན་ཅི་ཆགས་མ་ངེས་པའི།།
    གླེང་ན་རྫོགས་མེད་བྱུང་རབས་ནག་པོ་ཅན།།
    རྒྱལ་བའི་དྲིན་ལས་དཀར་མདོག་སྟོན་དེ་རེད།།

    ཤན་པ་གཞན་རུལ་སུངས་ཚོགས་ཁག་གི།
    གཏེ་བོ་ཚེ་དབང་ཡེ་ཤེས་ཀ་པོར་དང།།
    དེ་ཡི་ཞབས་འབྲངས་ཁྱི་དང་ཕག་གི་ཚོགས།།
    གཤིན་རྗེའི་རྒྱ་མར་མྱུར་ཏུ་འཇོག་པར་སྨོན།།

    རིགས་ལ་ཤ་ཞེན་ཆེ་བའི་འཇིགས་མེད་ཀྱི།།
    བཀྲ་ཤིས་གཏམ་གྱི་འབྲས་བཟང་བརྡལ་བ་འདིས།།
    ༸གོང་ས་མཆོག་གི་དགོངས་གཞི་ལམ་ལྷོང་ལ།།
    གཅིག་ཏུ་ཕན་པའི་སྨོན་ལམ་གཙང་མ་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese