མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸མི་དབང་སྲིད་སྐྱོང་རིན་པོ་ཆེའི་༸སྙན་དྲུང་དུ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཕྲན་བཀྲ་ཤིས་འཇིགས་མེད།

བདག་ཅག་བོད་འབངས་ཀྱི་མི་ཡི་དབང་པོ་སྲིད་སྐྱོང་ཆེན་པོ་༸བློ་བཟང་སེང་གེ་མཆོག་གི་ཞབས་པད་བདག་གི་སྤྱི་བོར་འཁོད་པའི་དྲུང་དུ། ༸མི་དབང་ཆེན་པོ་གང་ཉིད་དང་གང་གི་ཞབས་འབྲང་པ་འགའ་ཤས་ཀྱིས་མཛད་བྲེལ་གྱི་བར་གསེང་ནས་གུས་འབངས་སྐྱབས་འོག་པ་བདག་རྩད་འཚོལ་གནང་གི་ཡོད་པ་གོ་ཐོས་བྱུང་འཕྲལ་སྲིད་སྐྱོང་རིན་པོ་ཆེས་སྤྱན་གཟིགས་བསྐྱངས་པ་བསོད་ནམས་ཀྱི་བགོ་སྐལ་དུ་བསམས་ཏེ་གང་གི་༸སྙན་དབང་རིན་པོ་ཆེའི་དྲུང་དུ་ངོ་བཅར་ཞུ་དགོས་བྱུང་། ཉེ་བའི་ཆར་སྐྱེ་བོ་གློ་བུར་བ་ཡིད་ལ་བྱེད་པ་ཉུང་བ་འགའ་ཞིག་གིས་གུས་འབངས་ནས་མི་དབང་ཆེན་པོའི་ལྷ་དགོངས་དཀྲུག་ཡོད་ཚུལ་བརྗོད་ཀྱང་ཇི་མི་སྙམ་པར་སྤམ་འཇོག་བྱས་པ་ཡིན། ད་ལྟ་མི་དབང་མཆོག་ནས་ཐུགས་ཚོར་ཆེན་པོ་གནང་གི་ཡོད་སྐད་རྒྱུས་ཅན་འགའ་ཤས་ལས་ཤེས་ཚོར་བྱུང་བས་དེ་ལྟར་ན་མངའ་བདག་༸མི་དབང་ཆེན་པོའི་སྙན་དབང་རིན་པོ་ཆེའི་དྲུང་དུ་སྔ་འགྱོད་ཕྱི་སྡོམ་གྱི་ཞུ་སྙན་ཚིག་གི་མེ་ཏོག་རྣམ་པར་བཀྲ་བ་ཞིག་མ་ཕུལ་ན། མི་དབང་ཆེན་པོའི་བཀའ་བཙན་མཆེ་སྡེར་གྱི་ཀློང་ནས་ཐར་དཀའ་བས་ལུང་ཤར་ལྟ་བུ་མིག་འབྲས་ཀྱང་ཤོར་ཉེན་དུ་མཐོང་སྟེ་ལྷ་དགོངས་དྭངས་པའི་བཟོད་གསོལ་གྱི་ཞུ་བ་འདི་མི་འབུལ་ཐབས་མེད་བྱུང་།

            ༸སྙན་དབང་རིན་པོ་ཆེར། གུས་འབངས་ནས་ཉེ་བའི་ཆར་གང་ཉིད་ཀྱི་ཆབ་སྲིད་མཛད་ཕྱོགས་དང་འབྲེལ་བའི་ཐོག་ནས་ཚོ་བ་དང་དངོས་དོན་མཉམ་བསྲེས་ཀྱི་དཔྱད་གླེང་བསམ་འཆར་མཚོན་པའི་རྩོམ་ཡིག་འགའ་ཤས་དྲ་ཐོག་ཏུ་སྤེལ་ཡོད། གང་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་སྤྱོད་གངྒཱའི་ཀློང་གི་བྱེ་མ་དང་མཉམ་པ་མུ་དང་མཐའ་མ་མཆིས་པ་ལས་བདག་གི་བྱིས་བློས་མཐོང་ཐོས་བྱུང་བའི་ཐིགས་པ་ཁ་ཤས་ཤིག་ལས་གྲུབ་པའི་རྩོམ་ཡིག་ཉམ་ཆུང་དེས་དེང་རབས་ཡར་ཐོན་ཅན་གྱི་སྤྱི་ཚོགས་ནང་སྟོང་གསུམ་སྐད་ཀྱིས་ཆོད་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཕྱག་ཁྱེར་ཡོད་པ་༸མི་དབང་རྒྱལ་སྲས་རིན་པོ་ཆེའི་ཐུགས་ནམ་མཁའ་ལྟ་བུ་སྐར་ཚོགས་ཁྲི་འབུམ་གྱིས་བརྒྱན་ཅིང་། རྒྱ་མཚོ་ལྟ་བུ་འབུ་སྲིན་དུང་ཕྱུར་འདུས་པའི་དཀྱེལ་ཆེའི་ལྷ་དགོངས་འཁྱོམ་ཡོང་བསམ་པ་གཉིད་དད་ཆེ་བའི་རྨི་ལམ་དུ་ཡང་མེད། སྐུ་ཉིད་ནི་མང་པོས་བཀའ་བློན་ཁྲི་པར་བཀུར་ཞིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཕྱག་ནས་བཞེས་པའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གསོལ་སྩལ་གནང་ཡུལ་ཞིག་ཡིན་པས་གུས་འབངས་ལྷ་མི་ཀུན་གྱིས་གུས་བཀུར་ཞུ་ཡུལ་ཡིན་པ་ནི་སྨོས་ཅི་དགོས་ཏེ་ད་བར་༸མི་དབང་སྲིད་སྐྱོང་རིན་པོ་ཆེའི་ཞབས་པད་གཙུག་ཏུ་བཀུར་བཞིན་མཆིས།

            འོན་ཏང་སྐུ་ཉིད་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་ཕེབས་ནས་ཡུན་རིང་མ་ཕྱིན་གོང་ནས་གངས་ཅན་སྐྱིད་གཤོངས་གཙོ་གྱུར་ཐོག་བོད་མིའི་གནད་ཡོད་མི་སྣ་འདུས་སྡོད་ཀྱི་སྤྱི་ཚོགས་ནང་ད་ནི་སྲིད་སྐྱོང་རིན་པོ་ཆེ་ནམ་མཁར་འཕུར་ཟིན་འདུག སྲིད་སྐྱོང་རིན་པོ་ཆེས་རང་ཉིད་སྤྲུལ་སྐུ་ཡིན་རབས་ཤོད་ཀྱི་འདུག སྲིད་སྐྱོང་རིན་པོ་ཆེས་རང་ཉིད་སྐུ་དྲག་གསར་པ་ཞིག་ཏུ་འགྱུར་འདོད་གནང་གི་འདུག སྲིད་སྐྱོང་རིན་པོ་ཆེས་དཔུང་སྒྲིག་གི་འདུག སྲིད་སྐྱོང་རིན་པོ་ཆེས་ཨབ་ཕྲུག་གསོ་ཡི་འདུག སྲིད་སྐྱོང་རིན་པོ་ཆེས་རང་གི་སྐུ་ཐང་བཞེང་གི་འདུག སྲིད་སྐྱོང་རིན་པོ་ཆེས་རང་ཉིད་བ་ཕྱུགས་འཚོང་མཁན་ཡིན་པ་རྦད་དེ་བརྗེད་འདུག  ཅེས་སོགས་ཀྱི་ལབ་གླེང་མང་དག་ཅིག་བྱུང་སོང་ཡང་དེ་དག་ནི་ཐེའུ་རང་ལ་དབང་བྱུང་ན། གོ་ཁ་ཐལ་བས་སྒྱོང་བ་དེ་འདྲ་མ་ཡིན་པར། སྦྱིན་བདག་ཕྱི་བལྟས་སློག་པ་དང་། གཡོག་པོ་སྐེད་གཟེར་བྱས་པ་དུས་མཉམ་དུ་ཁེལ་བ་ཡིན་གྱི་རེད་སྙམ་སྟེ་རང་གི་སེམས་པ་རང་གིས་གསོས་ཤིང་ཉན་འཇོག་བྱས་མེད།

            དུས་ཚོད་ནི་སྐར་ཆ་རེ་རེ་བཞིན་འགྲོ་བཞིན་འདུག མི་དབང་མཆོག་སྲིད་ཁྲིར་འཁོད་དེ་ལོ་གཅིག་ཧྲིལ་པོ་འཁོར་བའི་རྗེས་དྲན་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཟིན་པ་མ་ཟད། ད་ཆ་ལོ་གཉིས་འཁོར་བའི་རྗེས་དྲན་མཛད་སྒོའི་སྟ་གོན་བྱ་རྒྱུར་ཉེ་ཡོད། ཡིན་ནའང་སྲིད་སྐྱོང་མཆོག་གིས་དེ་སྔོན་གལ་ཆེར་ངོས་འཛིན་གནང་བའི་རྩ་དོན་དང་ཤེས་ཡོན་ཐད་འདི་བྱས་འདི་མིན་གྱི་སྲིད་བྱུས་ཁ་གཏིང་ལོན་པ་ཞིག་གསལ་སྟོན་གནང་མ་སོང་། དེ་ལས་ལྡོག་སྟེ་སྤྱི་ཚོགས་ནང་དབུ་རང་གཉིས་ཀྱི་མིང་ཐོག་ནས་རྩ་དོན་ཐོག་ཟང་ཟིང་དུ་གྱུར་སོང་། ཤེས་ཡོན་སྲིད་བྱུས་ཐོག་ལྐོག་ལྐོག་སུད་སུད་མང་པོ་ཞིག་གནང་གི་འདུག བགྲེས་ཡོལ་ཆ་ཚང་ལ་ཕེབས་ཟིན་པའི་༸གོང་ས་མཆོག་ནས་སླར་ཡང་རྩ་དོན་ཐད་བཀའ་སློབ་མང་པོ་ཞིག་ཕེབས་དགོས་བྱུང་སོང་། དངོས་གནས་བྱས་ན་བཀའ་སློབ་དེ་ཚོ་སྲིད་སྐྱོང་རིན་པོ་ཆེས་གནང་དགོས་པ་རེད། ཆིག་སྒྲིལ་ཁ་ལ་འཁྱེར་ནས་རྩ་དོན་ཐོག་ཉ་ཉུང་མཉམ་བསྲེས་མང་པོ་གནང་བས་སྤྱི་ཚོགས་ཟང་ཟིང་དུ་གྱུར་སྐབས་བགྲེས་ཡོལ་ཆ་ཚང་ལ་ཕེབས་ཟིན་པའི་༸གོང་ས་མཆོག་གིས་རྩ་དོན་ཐོག་བཀའ་སློབ་ལམ་སྟོན་ཕེབས་དགོས་བྱུང་བ་གསལ་པོ་རེད། དུས་སྐབས་དེའི་ནང་བརླང་སྤྱོད་ཅན་སྐྱེ་བོ་མི་བསྲུན་པ་འགའ་ཤས་ཀྱིས་བགྲེས་ཡོལ་ལ་ཕེབས་ཟིན་པའི་༸གོང་ས་མཆོག་ནས་རྩ་དོན་ཐོག་ལམ་སྟོན་བསམ་འཆར་ཕེབས་པར་ཟུར་ཟ་འདྲ་མིན་བྱས་ཀྱང་གང་ཉིད་ཀྱིས་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་ཉག་གཅིག་ལ་དགོངས་ཏེ། བཙན་བྱོལ་ནང་སྐྱིད་དྲགས་ནས་སྐྱིད་ཚོད་མ་ཟིན་མཁན་དོན་དུ་སྤྱི་དོན་ཁ་འཁྱེར་དང་རང་དོན་ཁོག་བཅུག་པ་འགའ་ཤས་ལ་རང་འདོད་གང་ཡོད་བྱེད་མ་འཇུག་པར་བོད་མིའི་འདུས་སྡོད་གང་སར་མི་གཅིག་ལག་གཅིག་ལྟ་བུ་བཀའ་སློབ་ལམ་སྟོན་ཕེབས་དགོས་བྱུང་ཡོད་ཀྱང་། སྲིད་སྐྱོང་མཆོག་གིས་དེ་ཚོར་གཡོལ་ནས་བཞུགས་སོང་སྙམ། ངས་རྩོམ་ཡིག་འདྲ་མིན་འབྲི་དགོས་པའི་སྙིང་ནད་ཆེ་ཤོས་ཀྱང་འདི་རང་ཡིན། ད་ནི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཡང་སྲིད་སྟག་ལུང་བྲག་གི་རི་ཁྲོད་དུ་ལོག་ཕེབས་པ་ཡིན་ནམ། ཡང་ན་སྲིད་ཁྲིའི་སྟེང་དུ་བཞུགས་ཡོད་དམ་སྙམ། ངའི་མིག་མདུན་དུ་གནས་ཚུལ་འདི་འདྲ་གཅིག་མཇུག་གཉིས་མཐུད་དུ་ལྷག་ཡོང་དུས་ད་ནི་ཀླད་པ་ཞོ་མིན་ན་བཏང་སྙོམས་སུ་འཇོག་ཐབས་མི་འདུག སྔ་མོའི་བོད་ཀྱི་གཏམ་དཔེར། རྐྱང་རྔོ་ཤོར་ན། རི་དྭགས་ཀུན་རྫད། ཅེས་པ་ལྟར་ལོ་རྒྱུས་ཀྱི་ནག་ཐིགས་ཤིག་ཏུ་འགྱུར་ངེས་སུ་མཐོང་སྟེ་སོར་རྩེ་མ་ཁྱུག་ཐབས་མེད་བྱུང་། ང་ཙམ་མིན་པར་མི་མང་པོས་རྒྱ་བོད་དབྱིན་གསུམ་ནང་རྩོམ་ཡིག་མང་དག་ཅིག་སྤེལ་ཡོང་གི་འདུག ཚང་མས་ད་ནི་སྲིད་སྐྱོང་རིན་པོ་ཆེས་བླ་མ་འདོད་ཀྱི་ཡོད་དམ། ཚོགས་འཁོར་འདོད་ཀྱི་ཡོད། ཤོད་ཚོད་མི་ཐིག་པ་ལྟ་བུ་གཅིག་མཚུངས་སུ་གསུང་ཡོང་གི་འདུག

            མཱོ་ར་མོན་ནི་ཧན (Maura Moynihan)གྱིས། “བློ་བཟང་སེང་གེས་རིག་པ་བསྒྲིམས་ཏེ་ཁོང་རང་ཉིད་ཀྱི་ལྷ་སྒྲུང་ཞིག་ཀྱང་བཞེང་སྐྲུན་བྱེད་བཞིན་ཡོད། དེའི་ཁྲོད་ཀྱི་ཁ་ཤས་ཤིག་དེ་སྔོན་གྱི་དམར་ཤོག་ཚོགས་པའི་དུས་སྐབས་ཀྱི་བོད་ཀྱི་ཆབ་སྲིད་རིག་གནས་ཀྱི་ཁྱད་ཆོས་ཡོད་པ་ཞིག་ཡིན། ཁོང་སྒེར་གྱི་ངོ་དེབ་ཐོག་ཏུ་ཁོང་ནི་ཏཱ་ལའི་བླ་མ་དང་གུ་རུ་རིན་པོ་ཆེའི་“སྲིད་ཕྱོགས་ཀྱི་སྤྲུལ་པ” secular emanationཡིན་པའི་ཁྱབ་བསྒྲགས་བྱས་ཡོད། དེ་བཞིན་ཝ་ཤིང་ཏྲོན་གྱི་ཕྱི་འབྲེལ་ལྷན་ཁང་གི་དགོང་ཚོགས་ཐོག་ཁོང་གིས། “བོད་ནང་གི་སྒྱུ་རྩལ་བ་མང་པོས་གླུ་གཞས་ཀྱི་ལམ་ནས་ཁོང་གི་འོས་འགྲན་ལ་རྒྱལ་ཁ་ཐོབ་པར་དགའ་བསུ་མཚོན་པར་བྱས་ཡོད་ལ། ཁོང་ཚོས་གླུ་གཞས་དེ་དག་དྲ་ཐོག་ YouTube ཏུ་བཞག་ཡོད་པ་མ་ཟད་གཞས་ཚིག་དབྱིན་ཡིག་ཏུ་བསྒྱུར་ཡོད། མི་ཁ་ཤས་ཀྱིས་ཁོང་ལ་བསྐུར་ཡོང་བའི་ཐང་གའི་ནང་ནམ་རྒྱུན་ཐང་གའི་ནང་དུ་ང་ཚོས་ལྷ་དང་ལྷ་མོའི་སྐུ་བརྙན་བཞེངས་བྲིས་གནང་གི་ཡོད་ཀྱང་། ད་རེབ་ཁོང་ཚོས་ཐང་གའི་ནང་ང་གཅིག་པུའི་པར་བཞག་སྟེ་ས་ཆ་གང་སར་བཀྲམ་འདུག” ཅེས་སོགས་བརྗོད།” ཞེས་དང་། “བོད་ནང་ཉིན་རེ་བཞིན་མང་དུ་འགྲོ་ཡི་ཡོད་པའི་ངོ་རྒོལ་ལས་འགུལ་ཁྲོད་རྐྱེན་འདས་སུ་སོང་བའི་གྲངས་འབོར་དང་། ས་སློག་འཕྲུལ་འཁོར་གནས་མཆོག་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བསླེབས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་དངོས་ཉིན་རེ་བཞིན་གཏོར་བཤིག་གཏོང་བཞིན་པའི་དུས་སྐབས་འདི་འདྲར། ཁོང་གི་སྐད་ཆ་བཤད་སྟངས་དེ་འདྲ་ནི་མི་རྣམས་ལ་གད་མོ་སློང་བྱེད་ཅིག་རང་རེད།” ཅེས་བཤད་འདུག

            ད་དུང་འཇམ་དབྱངས་ནོར་བུས།“རྨོངས་དད་རྗེས་འབྲངས་པའི་གཤིས་ཀ་ཞེས་ཀྱང་བརྗོད་རུང་བ་ལྟ་བུ་ཞིག་ནི་བོད་ཀྱི་ “བླ་མེད་ཀྱི་”དབུ་འཁྲིད་གསར་པའི་མཐའ་སྐོར་དུ་མངོན་རྒྱུ་མགོ་བཙུགས་ཟིན་འདུག  ཁོང་ཨ་མི་རི་ཀ་དང་དེ་ལས་གཞན་པའི་ས་ཁུལ་གྱི་བོད་མིའི་ཚོགས་པ་ཁག་ལ་ཕེབས་སྐབས། རླངས་འཁོར་ནག་པོའི་ཕྲེང་བསྟར་དང་། གྱོན་པ་ནག་པོ་གོན་པའི་སྐུ་སྲུང་གིས་སྣེ་དྲངས་ཡོང་གི་འདུག དེ་དག་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་འཁྲིད་ཁག་དང་དེ་བཞིན་ནག་ཉེས་ཅན་གྱི་ཚོགས་པ་སྟོབས་ཆེན་ཁག་ལ་འདྲ་ཆགས་པོ་ཡོད་པ་ལས།  རང་གི་ཐེབས་རྩ་ནུབ་ཕྱོགས་ཀྱི་རོགས་དངུལ་ལ་བརྟེན་པའི་སྐྱབས་བཅོལ་བའི་དབུ་ཁྲིད་ཅིག་ལ་འདྲ་ཆགས་པོ་མི་འདུག” ཅེས་དང་། “ཁྲོམ་སྐོར་དང་ཟིང་ཆ་དེ་དག་ཇེ་སྡུག་ལ་འགྲོ་བཞིན་འདུག  བོད་ནང་གི་ས་གནས་གང་སར་ཡོད་པའི་ངལ་རྩོལ་བསྒྱུར་བཀོལ་རྭ་བ་དང་། མནར་གཅོད་ཁང་དུ་ཡོད་པའི་ཆབ་སྲིད་བཙོན་པ། སྙིང་སྟོབས་ཅན་གྱི་སྐུ་ལུས་མེར་སྲེག་གནང་མཁན་བཅས་ང་ཚོའི་འཐབ་རྩོད་ཁྲོད་ཀྱི་དབུ་འཁྲིད་ངོ་མ་གནང་མཁན་རྣམས་ལ་མཚོན་ན། དུས་ཚོད་འདི་ནི་ “ལེའུ་ཁག་ཤོས་”དེ་ཡིན་པར་དོགས་པ་ཡོད་པ་མ་རེད། ཡིན་ན་ཡང་སྲིད་སྐྱོང་དང་། དེ་བཞིན་ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་ང་ཚོས་རྩ་དོན་ལ་ཞལ་འདེབས་ཅུང་ཙམ་བྱས་པ་དེ་ནི་དེ་འདྲའི་གལ་ཆེ་མདོག་གི་ཚིག་གིས་འགྲེལ་བཤད་བྱེད་པའི་འོས་བབ་ཡོད་པ་མ་རེད།” ཅེས་བཤད་འདུག སྐད་ཆ་འདི་དག་ལ་གཞི་རྩ་ཡོད་པ་མ་རེད། སྐད་ཆ་འདི་ཚོ་ཚང་མ་སྲིད་སྐྱོང་མཆོག་ལ་ཕྲག་དོགས་ཡོད་པ་ཚོས་བཤད་པ་རེད་ཅེས་སྤྱི་ཚོགས་ཀྱི་གནས་བབས་མི་ཤེས་པའི་མི་ཁ་ཤས་ཀྱིས་སྲིད་སྐྱོང་ལ་ཤ་ཚ་མདོག་གིས་ཤོད་བཞིན་པའི་སྐད་ཆ་ཞིག་གིས་མཇུག་སྡོམ་བརྒྱབ་སྟེ་བཞག་དགོས་སམ། མཚམས་འདིར་གསལ་བཤད་ཞུ་རྒྱུར། ང་ཚོས་སྲིད་སྐྱོང་མཆོག་ལ་ཆེ་མཐོང་དང་གུས་བཀུར་དགོས་ཀྱི་མ་རེད་ཅེས་ཤོད་ཀྱི་མེད། ཆེ་མཐོང་དང་གུས་བཀུར་གྱི་ཆེད་དུ་ཕྱག་ལས་གནང་རྒྱུ་རྩ་དོན་དུ་བཟུང་ན་འགྲིག་གི་མི་འདུག་ཞུ་ཡི་ཡོད། ངས་བལྟས་ན་༸མི་དབང་སྲིད་སྐྱོང་མཆོག་ལ་རྒྱུས་མངའ་ཆེ་ཤོས་ཡིན་པའི་ཨ་རིའི་སྦོ་སི་ཌོན་ལ་གནས་སྡོད་བྱེད་མཁན་དང་། གངས་ཅན་སྐྱིད་གཤོངས་ལ་གནས་སྡོད་བྱེད་མཁན་ཞིག་གི་བསམ་བློའི་ཐོག་ནས་བཤད་ན། སྐད་ཆ་འདི་ཚོ་ནི་བསམ་གཞིགས་ཀྱི་རིན་ཐང་ཡོད་པའི་སྤྱི་ཚོགས་ཚན་རིག་གི་སྐད་ཆ་ཞིག་ཡིན་སྲིད། སྐད་ཆ་འདི་ཚོ་ང་ཚོའི་སྲིད་སྐྱོང་གི་ཡོངས་འཛིན་ཡིན་ལ་རྩ་དོན་གྱི་ཡོངས་འཛིན་ཡང་ཡིན་ངེས།

            གཟུགས་མེད་ན་གྲིབ་ནག་ཡོང་དོན་མེད་ཀྱང་དེ་རིང་ཁ་སང་གཟུགས་མི་མངོན་པའི་གྲིབ་ནག་ཅིག་གངས་ཅན་སྐྱིད་གཤོངས་ན་མངོན་རྒྱུ་འདུག་འདི་ནི་ལམ་འགྲོ་རྒྱུག་བཞིན་པའི་གཡོ་བྱུས་ཤིག་རེད། དེང་རབས་ཆབ་སྲིད་ཀྱི་གཟུགས་རིས་ནག་པོ་ཡིན་ཙང་གཟུགས་དང་གྲིབ་ནག་སོ་སོར་སྐྱེ་བོ་རང་ག་བས་དབྱེ་འབྱེད་ཐུབ་ཀྱི་མེད་པ་འདྲ། ཕ་མ་སྤུན་མཆེད་ཚང་མ་བོད་ནང་ཡོད་པའི་ཡུལ་གྱར་བ་ཞིག་ལ་མཚོན་ན་གཞིས་ལུས་བོད་མི་ཚོས་དཀའ་སྡུག་ག་ཚོད་མྱང་གི་ཡོད་པ་ཚང་མ་བརྙན་འཕྲིན་དང་རླུང་འཕྲིན་སོགས་ཀྱི་བརྒྱུད་ལམ་ཙམ་མ་ཡིན་པར་མིག་མཐོང་ལག་ཟིན་གྱི་མྱོང་བ་ཡོད། འདི་འདྲའི་གང་ཟག་ཅིག་གི་ངོས་ནས་བཤད་ན་རྩ་དོན་འཐབ་རྩོད་ཀྱི་རྒྱལ་ཁ་མ་ལོན་གོང་ནས་དབང་ཆའི་འཐབ་རྩོད་ཀྱི་དར་ཆ་སྒྲེང་ཡོང་བ་མཐོང་སྐབས་སེམས་གཏིང་ནས་ཞེན་པ་ལོག་སྲིད། ༸མི་དབང་སྲིད་སྐྱོང་རིན་པོ་ཆེ་གང་ཉིད་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་རེ་ཆེན་པོས་སྲིད་སྐྱོང་གི་མཚན་གསོལ་གནང་ཡུལ་གྱི་སྐྱེ་བོ་དང་པོ་དེ་ཡིན་པས་སྲིད་སྐྱོང་གི་མཚན་གནས་རྗེས་འབྲེལ་ཐོག་ནས་༸གོང་ས་ཆེན་པོར་སྲིད་དོན་སྤྱི་དང་ལྷག་པར་རྩ་དོན་ཐད་ཐུགས་ལྷོད་ལྷོད་བྱས་ཏེ་བཞུགས་རྒྱུ་ཡོད་པ་ཞིག་གནང་དགོས་པ་ནི་ད་ལྟའི་ང་ཚོའི་སྲིད་སྐྱོང་གི་ལས་འགན་ངོ་མ་དེ་རེད། ལས་འགན་ལེགས་གྲུབ་ཀྱི་ཐོག་ནས་རང་ལ་ཆེ་མཐོང་དང་གུས་ཞབས་ཐོབ་པ་ཞིག་དགོས་པ་ལས། ཆེ་མཐོང་དང་གུས་ཞབས་ཀྱི་མཚན་སྙན་ཐོབ་པའི་ཆེད་དུ་ལས་ཀ་བྱེད་པ་ནི་རང་ཉིད་ཕམ་བྱེད་ཀྱི་ལག་ཆ་ངོ་མ་དེ་ཡིན་པ་མཁྱེན་དགོས། འདས་པའི་ལོ་རྒྱུས་ལ་ཕྱི་གཟིགས་གནང་ན། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་རང་གི་སྙན་གྲགས་དང་དབང་ཐང་ཆེ་རུ་གཏོང་ཆེད་དུ་རྩ་དོན་ཐོག་རྒྱལ་བཙོང་གི་བྱ་བ་བསྒྲུབས་ཡོད། ཁོང་གིས་རང་གི་སྐུ་ཐང་བཞེངས་པ་དང་། རྟོག་བརྗོད་བྲིས་ཡོད་ཀྱང་། དོན་དངོས་ཐོག་ཁོང་ནི་ལོ་རྒྱུས་ནང་མི་ནག་ཅན་ཞིག་ཏུ་གྱུར་ཡོད།

            གང་ཉིད་ནས་ཐག་རིང་པོར་གཟིགས་མི་དགོས་པར་རང་བཙན་འཐབ་རྩོད་ཀྱི་མིང་ཅན་བསྟན་འཛིན་བརྩོན་འགྲུས་ཀྱི་ཉེ་རབས་ཕམ་ཉེས་ཀྱི་ལོ་རྒྱུས་ལ་གཟིགས་དང་། དཔའ་ངར་ལྡན་པའི་རང་བཙན་འཐབ་རྩོད་དེ་རིམ་བཞིན་རང་ཉིད་འཐབ་རྩོད་ལ་བསྒྱུར་ཅིང་། རང་ཉིད་འཐབ་རྩོད་ཀྱིས་རང་ཉིད་ཕམ་ཉེས་བཏང་བའི་གནས་ལུགས་ལ་བསམ་གཞིགས་གནང་དང་། དབྱིན་ཇིའི་མཚན་ཉིད་རིག་པ་བ་ཞིག་གིས། “གལ་ཏེ་སྐྱེ་བོ་ཞིག་གིས་གདེང་འཇོག་བྱེད་པ་ལས་མགོ་བཙུགས་ཕྱིན། བློ་དོགས་སྐྱེ་བ་ལས་མཇུག་བསྒྲིལ་ངེས་ཡིན་པ་དང་། གལ་ཏེ་བློ་དོགས་སྐྱེ་བ་ལས་མགོ་འཛུགས་ཐུབ་ཚེ་མཇུག་འབྲས་ལ་གདེང་འཇོག་ཐུབ་པ་ཡོང་ངེས་ཡིན།” ཞེས་བཤད་ཡོད།

            ང་རང་གི་བསམ་ཚུལ་ཞིག་ཞུས་ན་ང་ཚོའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་མང་པོའི་སྔོན་དུ་བཀོད་ཡོད་པའི་བདག་ཉིད་ཆེན་པོ་གྷན་དྷིའི་གདམས་ངག་ཅིག་ཡོད་པ་དེར་༸མི་དབང་མཆོག་ནས་དགོངས་བཞེས་གནང་ཐུབ་ཚེ་ལྷ་དགོངས་དཀྲུག་གཞིའི་གནད་དོན་མང་པོ་ཞིག་རང་ཡལ་དུ་འགྲོ་ངེས་རེད་སྙམ། བདག་ཉིད་ཆེ་པོས། “ངས་ཁྱེད་ལ་གདམས་ངག་གི་སྲུང་བ་ཞིག་སྟེར་གྱིས། ཁྱེད་ལ་དོགས་པའམ་ཐེ་ཚོམ་བྱུང་བའི་སྐབས་སམ། རང་འདོད་ཀྱི་བསམ་བློ་ཧ་ཅང་ཤུགས་ཆེ་བའི་སྐབས་སུ་གཤམ་གསལ་གྱི་ཚོད་ལྟ་གྱིས་དང་། ཁྱེད་ཀྱི་མཐོང་མྱོང་བའི་མི་དབུལ་ཤོས་དང་། ནུས་སྟོབས་ཞན་ཤོས་དེའི་གདོང་རིས་ཡིད་ལ་དྲན་པར་བྱས་ཏེ་རང་གི་བསམ་བློར་འཆར་བའི་ལས་དོན་དེས་ཁོ་ལ་ཕན་ཐོགས་ཅི་འདུག དེས་ཁོང་ལ་ཁེ་ཕན་གང་ཡང་འདུག་གམ། དེས་ཁོང་ལ་རང་ཉིད་ཀྱི་ཚེ་སྲོག་དང་ལས་དབང་ཁ་ལོ་བསྒྱུར་བའི་གོ་སྐབས་བསྐྱར་གསོ་བྱེད་ཐུབ་བམ། ཕྱོགས་གཞན་ནས་བཤད་ན། ཟས་སྐོམ་དང་བསམ་བློའི་བཀྲེས་ལྟོགས་ཀྱིས་མནར་བཞིན་པའི་མི་མང་ས་ཡ་དུ་མར་རང་ཐག་རང་གཅོད་ཀྱི་ལམ་སྣེར་ཁྲིད་ཐུབ་བམ། ཞེས་དཔྱད་ན། ཁྱེད་ཀྱི་དོགས་པ་དང་རང་འདོད་ཀྱི་བསམ་པ་རང་ཡལ་དུ་འགྲོ་ངེས་ཡིན།” ཞེས་གསུངས་པའི་གདམས་ངག་འདི་སྲིད་སྐྱོང་མཆོག་གཙོ་གྱུར་ཐོག་སྐྱབས་བཅོལ་བོད་མི་ཚང་མས་ཉམས་བཞེས་གནང་ཐུབ་ན་ང་ཚོའི་རང་འདོད་ཀྱི་བསམ་བློ་རང་ཡལ་དུ་འགྲོ་ངེས་སྙམ།

            འདི་འདྲའི་བསམ་གཞིགས་ཀྱི་སྐུལ་སློང་ཞིག་འཁྱེར་ཏེ་ངས་༸མི་དབང་སྲིད་སྐྱོང་རིན་པོ་ཆེའི་སྙན་དབང་དུ་དྲན་བསྐུལ་ཞུ་བཞིན་ཡོད། ༸མི་དབང་ཆེན་པོ་གང་ཉིད་ཀྱི་སྐུ་འགྲམ་དུ་ཡོད་པ་མང་དག་ཅིག་གིས་ངོ་དགའ་སྤྲེལ་ལད་འཁྲབ་ཏེ་དོན་དུ་བསྟོད་པའི་ཚུལ་གྱིས་སྨད་བཞིན་ཡོད་པ་དེ་དག་ལ་གང་ཉིད་ནས་གཟབ་གཟབ་གནང་དགོས། མ་མཐར་ཡང་ཁོང་ཚོའི་གང་བཤད་ལ་ཉན་འཇོག་མ་གནང་རོགས། ངས་འདི་ལྟར་བཤད་དུས་མི་མང་དག་ཅིག་གད་མོ་ཤོར་སྲིད། དོན་དངོས་ཐོག་སྲིད་སྐྱོང་མཆོག་རང་གི་མཐུན་ཕྱོགས་ཚོའི་སྐད་ཆར་ཉན་འཇོག་གནང་རྒྱུ་མང་དྲགས་ཏེ་མངའ་སྡེའི་གཞུང་ནས་གནང་བའི་གློག་གི་ཏོག་དམར་པོ་དེ་འདོགས་ཆེད་ཀྱི་ཕེབས་འཁོར་གང་འདྲ་ཞིག་ཉོ་དགོས་མིན་ཡང་ཐུགས་ཐག་མ་ཆོད་པར་ལུས་ཡོད་པ་ཡོངས་གྲགས་ཡིན། ང་དང་ང་འདྲའི་སྐྱེ་བོ་ཉུང་ཤས་ཤིག་གིས་རྒྱབ་ནས་སྨད་པའི་ཚུལ་གྱིས་བསྟོད་བཞིན་པའི་རིན་ཐང་འདི་ད་ལྟ་མངོན་མི་ཐུབ་ཀྱང་དུས་ཡུན་གང་ཙམ་ཕྱིན་རྗེས་གསལ་པོ་གཟིགས་ཐུབ། སྐབས་དེ་དུས་ད་ལྟ་ང་ཚོས་བརྒྱབ་པའི་བོང་བུའི་སྐད་དེ་བྱ་སྐད་ཡིན་པ་མཁྱེན་ཐུབ་ངེས་ཡིན། ཡིན་ནའང་ད་ལྟའི་ཆར་ང་ཚོའི་བོང་བུའི་སྐད་དེས་༸མི་དབང་མཆོག་ལ་ཐུགས་སུན་ཡོང་གི་ཡོད་ན་ད་ནས་བཟུང་གང་ཉིད་ཀྱི་ལྷ་དགོངས་དཀྲུག་གཞིར་གྱུར་པའི་རྩོམ་ཡིག་མ་སྤེལ་ན་ཆོག དེས་ན་༸མི་དབང་སྲིད་སྐྱོང་རིན་པོ་ཆེའི་སྐུ་མདུན་དུ་སྔོན་བྱས་འགྱོད་བཤགས་དང་། ཕྱིན་ཆད་སྤང་ལེན་བགྱིས་ཏེ་རང་ལྕེ་རང་གིས་གཅོད་པ་དང་། རང་ལག་རང་གིས་གཏུབ་རྒྱུ་ཡིན་ན། དེ་དོན་གསན་ཞིབ་ཀྱི་དགོངས་འཇགས་ཅི་ནས་ཀྱང་ཡོད་པ་མཁྱེན་ཞུར།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 14

  1. འཇམ་གཅེས ། says:
    ལོ་ 12 སྔོན།

    དེང་སང་བཙན་བྱོའི་སྤྱི་ཚོགས་ཆུང་ངུ་འདི་ཡི་ནང་དུ་སོ་སོའི་སྒེར་གྱི་ཁ་ཕོར་ཙམ་ཡང་སྐྱོང་པར་མགོ་བོ་རྨོངས་མཁན་གྱི་དྲ་འབུ་མི་ཉུང་བ་ཞིག་མགོ་འབུར་བཞིན་ཡོད། ཁོང་ཚོས་དུས་རྒྱུན་ལྡན་ཤོད་བཞིན་པ་ནི་སྤྱི་པའི་རྩ་དོན་ཞིག་ཁ་ལ་འཁྱེར་བཞིན་སྒེར་ནད་དང་། ཕྱོགས་རིས་ཞེན་ཁོག་གིས་སྦག་པའི་རང་མདོག་དམར་ཧྲང་མ་སྟོན་ནས་སྐབས་དང་དུས་གང་བྱུང་ལ་འཁྲབ་སྟོན་རེ་བཟོ་བཞིན་ཡོད། ཁོང་ཚོ་ལ་ཤེས་ཡོན་དང་། ཀུན་སྤྱོད་ཀྱི་ཆ་ནས་རང་རྐྱ་འཕེལ་བ་ཞིག་མེད་ཁར་ད་དུང་དམིགས་ཡུལ་ངན་པ་དང་། མཐའ་ན་དགྲ་བོའི་དངུལ་དངོས་ལ་མགོ་བོ་འཁོར་མཁན་ཡང་ཡོད་པ་མི་སྲིད་པ་གང་ཡང་མིན། དཔེ་ན་མི་ངན་བཀྲ་ཤིས་འགྱུར་མེད་ཞེས་པའི་རྫུན་གཏམ་འདི་དཔེ་མཚོན་ཞིག་འཇོག་ཆོག ཁོས་བཤད་རྒྱུར། དེ་སྔར་སྲིད་སྐྱོང་དང་རང་གཞུང་ལ་སྒྲོ་སྐུར་ཅི་རིག་པའི་ལམ་ནས་ངན་སྨྲས་སྣ་ཚོགས་བྱས་པ་དེ་དག་གིས་རྐྱེན་པས་ད་ཆར་སྲིད་སྐྱོང་མཆོག་གིས་ཁོ་ལ་དོ་སྣང་དང་བཙལ་འཚོལ་བྱེད་ཀྱིན་ཡོད་ཚུལ་འུར་ཤོད་འདི་རེད། ངོ་མ་དགོད་ཁ་སློང་བྱེད་ཞིག་རེད། ཡང་ན་ཁོ་རང་གི་དེ་ལྟར་ཡོང་པའི་རེ་སྟོང་ཞིག་འཆང་ནས་དེ་སྔར་འཆར་གཏམ་གང་སར་སྤེལ་ཡོད་པ་དང་། ད་ཆར་ཁོ་རང་གིས་འཆར་གཏམ་དེ་དག་བདག་མེད་དུ་གྱུར་དུས་སྔར་གྱིས་སྟོང་བསམ་དེ་དག་སྡུག་སྐད་ཀྱི་ལམ་ནས་འདིར་ཤོར་བ་འདྲ། དེ་མིན་ཕྱོགས་གང་ཐད་ནས་དཔྱད་རིན་ཡོད་པའི་དཔྱད་རྩོམ་ཞིག་ལ་མ་མཐོང་བས་རེ་ཞིག་དེ་ཙམ་ཡིན་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ འདས་པའི་ལོ་རྒྱུས་ལ་ཕྱི་གཟིགས་གནང་ན། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་རང་གི་སྙན་གྲགས་དང་དབང་ཐང་ཆེ་རུ་གཏོང་ཆེད་དུ་རྩ་དོན་ཐོག་རྒྱལ་བཙོང་གི་བྱ་བ་བསྒྲུབས་ཡོད། ཁོང་གིས་རང་གི་སྐུ་ཐང་བཞེངས་པ་དང་། རྟོག་བརྗོད་བྲིས་ཡོད་ཀྱང་། དོན་དངོས་ཐོག་ཁོང་ནི་ལོ་རྒྱུས་ནང་མི་ནག་ཅན་ཞིག་ཏུ་གྱུར་ཡོད། ་་་ཟེར།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཐོ་རངས། སྲིད་སྐྱོང་སེངྒེ་ཚང་གིས་ཁོ་རང་གི་ཕྱག་རོགས་བསྐོ་འཇོག་ཐད་བཅའ་ཁྲིམས་གཞིར་བཟུངས་དབང་ཚད་ཆ་ཚང་ཡོད་རྒྱུ་རེད་ལ། ཁོ་རང་གི་ཕྱོགས་གཏོགས་བསྐོ་གཞག་བྱས་ཡོད་ཀྱང་ཁྱོད་ཀྱི་ཕྱོགས་གཏོགས་མ་བསྐོས་པ་སྙིང་རླུང་ལངས་དགོས་དོན་མི་འདུག་ལ་ཡ་མཚན་དེ་བས་སྐྱེས་དགོས་པ་མ་རེད། རྒྱུ་མཚན། ཁྲི་ཟུར་ཟམ་གདོང་ཚང་གངས་སྐྱིད་ཀྱི་སྲིད་ཁྲིར་ཕེབས་དུས་ཁོ་རང་གི་ཝར་ཎའི་ཨབ་ཕྲུག་རྐྱང་རྐྱང་ཞིག་གངས་སྐྱིད་ཀྱི་ལས་ཁུངས་ཁག་ནང་བརྒྱངས་སོང་ལ། ག་ལེར་ཨབ་ཕྲུག་དེ་ཚོ་གངས་སྐྱིད་ཀྱི་ཐེམ་སྐས་བརྒྱུད་ནས་ནུབ་ཕྱོགས་སུ་བཞུད་ཟིན་པ་ཉུང་ཉུང་གཏན་ནས་མིན། དེས་མི་ཚད་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་སྲིད་དབང་བགྲེས་ཡོལ་ལ་མ་ཕེབས་གོང་ཁོང་དང་ལྟ་སྤྱོད་མི་མཐུན་པའི་དེང་དུས་ཤེས་ཡོན་པ་ཟླ་བ་ནོར་བུ་དང་འཇམ་ནོར་སོགས་ལས་གནས་གཅིག་ཀྱང་བསྐོ་གཞག་གནང་མྱོང་མི་འདུག། སྲིད་སྐྱོང་སེངྒེ་ཚང་ལ་ཡ་མཚན་སྐྱེ་གཞི་མི་འདུག་ལ་དཔེར་ན། ཨ་རི་ལྟ་བུར་ཆ་མཚོན་ན་དམངས་གཙོ་ཚོགས་པར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ན་སྤྱི་མཐུན་ཚོགས་པའི་རྐུབ་སྟེགས་མང་པོ་ཤོར་འགྲོ་བ་དང་སྤྱི་མཐུན་ཚོགས་པར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ན་དེ་དེ་བཞིན་དམངས་གཙོ་ཚོགས་པའི་རྐུབ་སྟེགས་མང་དག་ཅིག་ཤོར་འགྲོ་བ་ནི་ཆོས་ཉིད་རེད་ལ་སུས་ཀྱང་ཁང་ར་བྱེད་རྒྱུ་ལྷག་ཡོད་པ་མ་རེད།
    དེས་ན་ང་སྲིད་སྐྱོང་སེང་གེ་ཚང་གིས་གསོ་སྐྱོང་གནང་མྱོང་མེད་ཀྱང་སྲིད་སྐྱོང་འདི་པ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཁ་ཆར་བུ་ཡུག་གི་ཁྲོད་ན་བྱོན་པའི་མི་རབས་གསར་པའི་སྙིང་གི་འཕར་ལྡིང་དང་དམངས་གཙོའི་བདེན་རྟགས་ངོ་མ་དེ་ཡིན་པས། དོན་མེད་ཀུ་ཅོ་འདོན་མཁན་དག་ལ་དགའ་བསུ་ནམ་ཡང་མི་ཞུ།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    བཀྲ་ཤིས་འཇིགས་མེད་ལགས་ཀྱིས་དངོས་ཡོད་ཀྱི་སྐད་ཆ་ཞིག་བཤད་འདུག་་་་འདི་དག་ནི་ང་ཚོས་མིག་མཐོང་ཡིན་པས་གསང་དགོས་དོན་ག་ལ་ཡོད་་་་་་་སྲིད་སྐྱོང་མཆོག་གིས་བྱེད་སྟངས་འགའ་ཤས་ཤིག་དངོས་གནས་གད་མོ་ཤོར་བྱེད་འདྲ་ཞིག་རེད་་་་་ཅིག་བྱས་ན་ཁག་ཡོད་རྒྱུ་མ་རེད་་་་ད་བར་གོ་གནས་ཤིག་ལ་འདུག་མྱོང་མེད་པས་ཡིན་རྒྱུ་རེད་་་

    Reply
  5. ཐོ་རངས། says:
    ལོ་ 12 སྔོན།

    བཀྲིས་འཇིགས་མེད་ལགས་བཀྲིན་ཆེ་ཞུ་འདོད་བྱུང་སོང་། རེད་རེད་ཁྱེད་ཀྱི་གསུངས་པ་བཞིན་སྲིད་སྐྱོང་མིངཅན་བློ་སེང་གིས་ཁོང་རང་གི་ཕྱོགས་ལྟོགས་མང་བོ་ཞིག་ལ་གོ་གནས་སྤར་ཡོད། དཔེར་ན་ཕྱི་རྒྱལ་ཁག་ལ་སྐུ་ཚབ་དོན་གཅོས་བསྐོ་རྒྱུ་གཞུང་གི་སྲིད་བཞུ་སྒྲུབ་ནས་ལོ་ངོ་བཅུ་འམ་བཅོ་ལྔ་གང་རུང་ཕྱིན་པ་ཞིག་གམ་ཟུང་དྲུང་ཡན་བསྐོ་དགོས་པ་གཞུང་གི་བཅའ་ཁྲིམས་ནང་གསལ་ཡང་། བློ་སེང་མིང་ཅན་པས་དེ་ལས་རྡོགས་ཏེ་ཁོ་བའི་ཕྱོགས་རྟོགས་གཞུང་ཞབས་མ་ཡིན་པ་གཡུ་དཀར་ཚང་སྐལ་རྡོར་ཨ་རིའི་དོན་གཅོས་ལ་སྐོས་ཡོད།

    གསེར་འབྲུག་ཟེར་བ་དེས་བློ་སེང་གི་བསོ་སྐྱོང་བྱས་པའི་ཨག་ཕྲུག་རེད།
    ༼Ngawang Norbu
    སྟག་ཚང་རིག་རྒོད་།༽
    བློ་སེང་མིང་ཅན་གྱི་སྐུ་ཚབ་སྐོ་སྟངས་ལ་འདོད་མོས་ཡོད་དམ།

    Reply
  6. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    བསམ་ཚུལ་བརྗོད་པའི་སྙིང་སྟོབས་དང་ཀུན་སློང་བཟང་བ་ལེགས་མོད་ཀྱང་། དངོས་ཡོད་གནས་ཚུལ་རང་གི་སྟེང་ནས་ནོར་འཁྲུལ་ཐེར་འདོན་གྱིས་དགག་བཞག་བྱས་པ་ཉུང་ཞིང་། རང་གི་སྣང་ཚུལ་བརྗོད་ཐལ་ཆེ་འདུག ཁྲིམས་ཐོག་ནས་ངོས་ལེན་བཏུབ་པའི་དཔང་རྟགས་མི་འདྲེན་པར་རང་སྣང་གི་བདེན་པ་འདྲ་བརྗོད་ཁུལ་བྱས་ན། ཕ་རོལ་པོས་ངོས་ལེན་བྱ་མི་སྲིད། རབ་ཡིན་ན། ཁྲིམས་གཏུགས་ཀྱི་ཚད་གཞིར་ལོངས་པའི་དཔང་རྟགས་དྲངས་ནས་དགག་སྒྲུབ་བྱ་དགོས། དེ་མིན་ར་སྤུའི་འུར་རྡོ་རང་གི་མགོ་ལ་ཕོག་སྲིད།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཧ་ཧ། ནག་ཁུང་དུ་མཛུབ་མོ་བཙུགས་འདུག། ཁ་སྣ་ལ་ཕོག་ཐུག་སོང་ཡོད་ན་ཕན་པོ་བྱུང་།
    མ་གཞི་གང་འདྲ་ཞིག་ལ་བདེན་དོན་ཟེར་གྱི་ཡོད་དམ། གང་འདྲ་ཞིག་ལ་སྤྱི་ཚོགས་ཀྱི་གནས་བབས་ཟེར་གྱི་ཡོད། བོད་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཟེར་གྱི་ཡོད་ན་ནི། འཐབ་རྩོད་ཀྱི་ངོ་བོ་དང་བྱུང་རིམ་ཁ་ཕྱོགས་ནི་ཙི་ཙིའི་རྔ་མ་ལྟར་སྦོམ་ས་ནས་ཕྲ་རུ་ཕྲ་རུ་ཕྱིན་ནས་ད་ཆ་རྔ་མའི་སྤུ་ཡང་བུད་གྲབས་བུད་གྲབས་རེད། སྤྱི་ཚོགས་ཀྱི་གནས་བབས་ནི་དམངས་གཙོའི་ཁ་གཡང་སྒྲོགས་པ་ཙམ་ལས་དམངས་གཙོ་དར་ལ་མ་སྨིན་པས་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཚང་མ་དགྲ་རུ་བལྟ་ཞིང་། སྨྲ་བརྗོད་ལ་བཀག་རྒྱ་ནན་པོས་སྟེང་གི་ལྷ་ལ་གནོད་རབས། བར་གྱི་བཙན་ལ་གནོད་རབས། འོག་གི་ཀླུ་ལ་གནོད་རབས་བཤད་དེས་བོད་མི་རིགས་ས་ཡ་རྒལ་བ་དམར་གསོད་བཏང་བའི་རོ་ཐོག་ཏུ་དར་དམར་བསྒྲེངས་ན་ཡང་དགའ་བསུ་ཞུ་བའི་དུས་ལ་སླེབས་འདུག་ལ། ད་དུང་ཏང་དང་རྒྱ་མི་རིགས་ཀྱི་སེམས་ཁམས་ལ་གནོད་པའི་ལས་འགུལ་སྤེལ་མི་རུང་ལ་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དང་། བོད་མི་རིགས་ཀྱི་ཆབ་སྲིད་ཁེ་དབང་ཡོངས་རྫོགས་རྡོག་རོལ་གཏོང་གིན་གཏོང་གིན་ཏང་གིས་ནམ་ཞིག་གཞིས་འགུགས་ལ་བསྒུག་བཞིན་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབས་ངོ་མ་དང་དབུ་མའི་ལམ་གྱི་དགོངས་དོན་ངོ་མའོ།

    Reply
  8. Ngawang Norbu says:
    ལོ་ 12 སྔོན།

    ༄༅། །བཀྲ་ཤིས་འཇིགས་མེད་སུ་ཡིན་རུང་ཁ་འཇམ་གཏིང་ནག་ཞིག་རེད་འདུག ཁ་ནས་ཨ་ཞང་ཨ་ཞང་། རྐུབ་ནས་སྡིག་ཞང་སྡིག་ཞང་ཟེར་མཁན་རེད་འདུག རྫབ་དོང་ནང་ལ་སྐྱེས་པའི། །ཅམ་པ་ཧ་ལོའི་མེ་ཏོག །ཁྱེད་རང་སྐྱེ་ལོ་ཡག་ཀྱང་། །ལྷ་ལ་འབུལ་ཉེས་མིན་འདུག །ལས་མེད་འཁྱམ་པོའི་དཀྱིལ་གྱི། །བཀྲ་ཤིས་འཇིགས་མེད་ཟེར་བ། །རྩོམ་ཡིག་ག་ཚོད་བྲིས་ཀྱང་། །ཚ་མེད་ཤ་ཁུ་རེད་འདུག །

    Reply
  9. མཐུ་རྩལ་ཐོགས་མེད། says:
    ལོ་ 12 སྔོན།

    གངས་སྐྱིད་ན་བཀྲ་ཤིས་འཇིགས་མེད་འདི་ཤར་ཕྱོགས་ཁུག་རྟ་ལགས་རེད་ཟེར་གྱི་འདུག ཤར་ཕྱོགས་པ་གདོང་མི་སྟོན་མཁན་ཞིག་མ་རེད། བཀྲ་ཤིས་འཇིགས་མེད་ཀྱིས་གདོང་བསྟན་ནས་ཕེབས་ན་ཡག་པོ་འདུག་གཱ།

    Reply
  10. ཀུན་དགའ། says:
    ལོ་ 12 སྔོན།

    རྩོམ་པ་པོས་དོན་དངོས་ཀྱི་སྐད་ཆ་ཞིག་བཤད་འདུག
    ནམ་རྒྱུན་བདེན་དོན་དང་སྤྱི་ཚོགས་ཀྱི་གནས་བབ་མི་མཐོང་པར་ཕྱོགས་ལྷོང་ཁོ་ནར་དབང་བོའི་སྒོ་གཏད་པའི་གསེར་འབྲུག་སྡེར་ལྔ་འམ་གསེར་རྟ་ཚུལ་ཁྲིམས་ཟེར་བ་དེར། ད་རེབ་ཀྱང་ ༼སྲིད་སྐྱོང་རིན་པོ་ཆེས་དཔུང་སྒྲིག་གི་འདུག སྲིད་སྐྱོང་རིན་པོ་ཆེས་ཨབ་ཕྲུག་གསོ་ཡི་འདུག སྲིད་སྐྱོང་རིན་པོ་ཆེས་རང་གི་སྐུ་ཐང་བཞེང་གི་འདུག སྲིད་སྐྱོང་རིན་པོ་ཆེས་རང་ཉིད་བ་ཕྱུགས་འཚོང་མཁན་ཡིན་པ་རྦད་དེ་བརྗེད་འདུག ཅེས་སོགས་ཀྱི་ལབ་གླེང་མང་དག་ཅིག་བྱུང་སོང་ཡང་དེ་དག་ནི་ཐེའུ་རང་ལ་དབང་བྱུང་ན། གོ་ཁ་ཐལ་བས་སྒྱོང་བ་དེ་འདྲ་མ་ཡིན་པར། སྦྱིན་བདག་ཕྱི་བལྟས་སློག་པ་དང་། གཡོག་པོ་སྐེད་གཟེར་བྱས་པ་དུས་མཉམ་དུ་ཁེལ་བ་ཡིན་གྱི་རེད་སྙམ་སྟེ་རང་གི་སེམས་པ་རང་གིས་གསོས་ཤིང་ཉན་འཇོག་བྱས་མེད། ༽ཅེས་པའི་ཚིག་འདི་ཡང་ཕོག་འདུག་ག ཧ་ཧ་ཧ་ཧ

    Reply
  11. སྟག་ཚང་རིག་རྒོད་། says:
    ལོ་ 12 སྔོན།

    ཧཧཧཧ་ཁ་མཁས་པ་ལ་ནི་ང་ཚོའི་གྲོང་པའི་རྨོ་མོ་སྐད་གྲགས་ཅན་དེ་ཕར་བཞག་རེད་འདུག།་་་་་་དོན་དངོས་འདི་རེད་ཟེར་བའི་སྐད་ཆ་ནི་ཚིག་གཅིག་ཀྱང་མི་འདུག།་སྲིད་སྐྱོང་ཆོག་གིས་མི་གཞན་གྱི་ཁ་ལ་མ་ཉན་རོགས་ཟེར་ནས་བརྩེ་བ་དང་གུས་བཀུར་ཡོད་མདོག་འདྲ་བྱས་འདུག་པ་ལ་བལྟས་ན་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དག་རང་ཉིད་ཀྱིས་དངོས་སུ་ཐོས་ཡོད་པ་འདྲ་བོ་གསུངས་འདུག་ཀྱང་དོན་དངོས་ལྟོ་མེད་ལས་མེད་དུ་གནས་པའི་གངས་ཅན་སྐྱིད་གཤོང་དང་རྡ་སྟེང་དུ་གནས་པའི་འཁྱམ་པོ་དེ་དག་གི་སྐད་ཆ་ལས་མ་འདས།
    ད་དུང་ཕྱོགས་གཞན་པཞིག་ནས་རང་སྲོག་ཤོར་རྒྱུའི་ཉེན་ཁ་ཡོད་མདོག་བསྟན་འདུག་པ་ནི་ཁྱོད་ཀྱི་སྤྱོད་པ་ཡོངས་སུ་མཚོན་པའི་སྐད་ཚ་ཞིག་རེད་།
    ཤ་ཚ་མདོག་དང་གུས་བཀུར་ཡོད་མདོག་བྱས་ནས་གཏིང་གནག་པའི་སེམས་པ་ངོ་མ་དེ་འདི་ཡིན་ཟེར་བ་འདྲ་བོ་ཞིག་བྲིས་འདུག

    Reply
  12. ལུང་རྟོགས། says:
    ལོ་ 12 སྔོན།

    བཀྲ་འཇིགས་ཞེས་པ་འདིས་ཁ་ཉིན་རྩོམ་ཡིག་ཡག་པོ་ཞིག་སྤེལ་སོང་སྙམ་ནས་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་དེ་རིང་གི་བཤད་སྟང་འདི་ལ་སླར་ཡང་སྐྱག་དྲི་ཁ་ཡོང་གི་འདུག འདི་ནི་སྤྱི་སེམས་མ་ཡིན་པར་སྒེར་ནད་ཡིན་པ་གསལ་པོ་རེད། མི་འདིས་གཏམ་ལ་ཆ་འཇོག་མི་འདུག འདིས་སྐད་ཆ་ནི་འུག་པའི་རྫུན་དྲུག་བཤད་པ་ལྟ་བུ་ཞིག་རེད།

    Reply
  13. འཇིགས་མེད་གེ་སར། says:
    ལོ་ 12 སྔོན།

    ཇི་སྐད་དུ། “དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ།།” ཞེས་གསུངས་པ་བཞིན། དཔལ་ལྡན་མི་དབང་སྲིད་སྐྱོང་མཆོག་ནས་ཀྱང་འདི་ལྟ་བུའི་དགོངས་པ་བཞེས་ནས་རིགས་དང་མཐུན་པའི་ལས་བརྩམ་རྒྱུ་ནི་གནད་ཀྱི་དམ་པ་ཡིན། བར་ལམ་ནས་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་སྟངས་ཐད་ལབ་གླེང་ཅི་ཙམ་བྱུང་བ་ཐམས་ཅད། གང་ཟག་སྒེར་ལ་དགའ་མི་དགའ་ལས་བྱུང་བ་མིན་པར། རིགས་དང་མི་མཐུན་པའི་ལས་བརྩམས་པ་འབའ་ཞིག་ལས་བྱུང་བ་ཡིན།
    བཀྲ་ཤིས་འཇིགས་མེད་ལགས། སྒང་བ་བོད་ཀྱི་གཏམ་དཔེར་”ཤ་ཚའི་ཁ་ལ་གཏམ་སྙན་མེད།”ཅེས་པ་ལྟར་སྐྱོན་དང་ནོར་འཁྲུལ་ཡོད་སར་གསལ་འདེབས་བྱས་ནས་ལེགས་པའི་ལམ་ལ་འཁྲིད་རྒྱུ་ནི་རྣམ་དཔྱོད་ཅན་གྱི་བྱ་སྟངས་ཡིན་པས། དགོངས་སེལ་ཞུ་དགོས་པའི་གནད་དོན་འདི་འདྲ་གཏན་ནས་མེད། ལྷག་པར་དུ་ཁྲིམས་ལུགས་ལ་སློབ་སྦྱོང་གནང་མྱོང་མཁན་དང། གྲགས་ཅན་མཐོ་སློབ་ནས་འབུམ་རམས་པའི་ཕྱག་ཁྱེར་བསྣམས་ཡོང་མཁན། མང་གཙོའི་རིང་ལུགས་ལ་དགའ་ཞེན་དང་གུ་ཡངས་ཀྱི་ལྟ་བ་ཡོད་མཁན་གཞོན་སྐྱེས་དབུ་ཁྲིད་འདི་འདྲ་ཞིག་གིས། མི་རིགས་ཀྱི་གནད་དོན་ཐད་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ་མ་གསུངས་ནའང་ཚ་འདེད་ག་ལ་གཏོང་། མ་གཞི་ཁོང་མཛད་འཕྲིན་ཆེན་པོ་ཡིན་པས་བོད་ཡིག་གི་རྩོམ་འདི་ཚོར་གཟིགས་ཁོམ་ཡང་ཡོད་ཀྱི་མ་རེད།
    ང་ཚོ་ནི་མང་གཙོའི་ལམ་ལུགས་ལ་ཕྱོགས་པའི་མི་རིགས་ཤིག་ཡིན་ལ། དཔལ་ལྡན་སྲིད་སྐྱོང་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་གི་གཟིགས་སྐྱོང་འོག་འཚར་ལོངས་བྱུང་བའི་བོད་ཕྲུག་ཅིག་ཡིན་པས། ཁོང་གིས་མང་གཙོ་དང་ཁྲིམས་ལུགས་ཐོག་སློབ་སྦྱོང་གནང་གནང་ནས། མཐའ་མ་དེར་རྩོམ་ཡིག་སྤེལ་མཁན་ཞིག་ལ་ཚ་འདེད་གཏོང་རྒྱུར་དབུ་འཁོར་བཞུགས་ན་ག་ནས་འགྲིག གནས་ཚུལ་འདི་འདྲ་ཞིག་ཡོད་ཀྱི་མ་རེད། ཁོ་བོས་ནི་གཏན་ནས་མི་སེམས། གལ་ཏེ་གནས་ཚུལ་འདི་འདྲ་ཞིག་ཡོད་ན་དེ་ནི་སྐབས་འཚོལ་བ་ཚོས་སྲིད་སྐྱོང་མཆོག་ལ་ཕྲ་བཏབ་པ་ལས་འབྱུང་ངེས་པ་ལས། རྣམ་དཔྱོད་ཅན་གྱི་དབུ་ཁྲིད་ཅིག་གིས་དགོངས་པ་འདི་འདྲ་ག་ནས་བཞེས།
    བཀྲ་ཤིས་འཇིགས་མེད་ལགས། ལྟོ་གྲོད་པ་གང་གི་ཆེད་དུ་ཤི་དགོས་བྱུང་ན་ཐབས་སྡུག་རེད། འོན་ཀྱང་ལྟ་གྲུབ་ཀྱི་ཆེད་དུ་འཆི་ཐུབ་པའི་སྤོབས་པ་དགོས་རྒྱུ་ནི་མིའི་རིགས་ཀྱི་གཟི་བརྗིད་རེད་ལ། ལྷག་པར་དུ་རང་ཅག་ཤར་ཕྱོགས་པ་ཚོའི་ལ་རྒྱ་རེད། དེར་བརྟེན་བདེན་པའི་ལས་བརྩམ་རྒྱུ་མཚམས་མ་འཇོག དེ་མཚམས་བཞག་ན་གསོན་ནའང་ཅི་ཕན། བདེན་ཁ་བསྡར་མ་ཐུབ་ན་མི་དང་དུད་འགྲོར་ཅི་ཁྱད། དེ་འདྲ་མ་རེད་དམ་དྲ་གྲོགས་ཚོ།

    Reply
  14. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཡང་ཤར་ཁུག་གཉིས་པ་ཞིག་སླེབས་འདུག་ལ་སྲིད་སྐྱོང་ལ་སློབ་སྟོན་ཡིན་མདོག་གིས་ནད་རྙིང་སློང་བཞིན་པ་དེ་རེད། ད་དུང་འུར་གཏམ་གྱིས་ཁེངས་ཏེས་ལུང་ཤར་ལྟ་བུ་མིག་འབྲས་ཤོར་ཉེན་འདུག་ཟེར། ཧ་ཧ། དུས་རབས་འདིར་དོན་མེད་མིག་འབྲས་འཕྱུང་མཁན་ཞིག་མེད་ཚོད་རེད། ཡང་ན་སྲིད་སྐྱོང་སེང་གེ་ཚང་འཇིགས་སྐུལ་རིང་ལུགས་པར་བསྒྲུབ་རྩིས་མིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese