མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་འཕུད་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་བོད་མིའི་སྒྲིག་འཛུཊ་བཀའ་ཤག་སྒོ་འགྲམ་དུ་བཞུགས་སྒར་ཁུལ་གྱི་རྒན་རྒོན་ལྔ་ཡིས་སྦྱར་ཡིག་བཟུང་སྟེ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་འཕུད་དགོས་པའི་རེ་འདུན་བཏོན་སོང་ལ། དེ་བཞིན་ཉིན་རྒྱབ་མདོ་སྟོད་ཆུ་བཞི་སྒང་དྲུག་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གནང་སྟངས་ལ་གདོང་ལེན་བྱེད་རྒྱུ་ཡིན་སྐོར་བརྗོད་བྱུང་།  

ཉིན་འདི་འགར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་བསྟུན་ཏེ། དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༠ སྟེང་། བཀའ་ཤག་སྒོ་འགྲམ་དུ་བཞུགས་སྒར་ཁུལ་དུ་གནས་སྡོད་ཆབ་སྲིད་བཙོན་ཟུར་རིག་འཛིན་ཆོས་ཉིད་དང་། བློ་བཟང་ནོར་བུ། དིང་རི་ངག་དབང་བཅས་རྒན་པོ་གསུམ་དང་། ཨ་ནེ་ངག་དབང་སྒྲོལ་མ་དང་ཨ་ནེ་གཞན་གཅིག་བཅས་རྒན་རྒོན་ལྔ་ཡིས། ལག་ཏུ“ སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་འཕྲལ་དུ་ཕྱིར་འཕུད་གཏོང་དགོས།” ཞེས་པའི་སྦྱར་བྱང་བཟུང་སྟེ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་འཕུད་དགོས་པའི་རེ་འདུན་བཏོན་སོང་།

དེ་བཞིན། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༤༠ སྟེང་དྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ། ཉིན་གྲངས་གསུམ་རིང་གི་མདོ་སྟོད་ཆོལ་ཁའམ་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༣༩ པ་མཇུག་བསྒྲིལ་བ་དང་སྦྲགས་ཏེ་དབུས་ས་ཐུན་མོང་ནས་གྲོས་ཆོད་བཞག་པ་ལྟར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ངེས་པར་དུ་གྲོས་ཚོགས་ནས་ཕྱིར་འཕུད་གཏོང་དགོས་པའི་འབོད་སྐུལ་གནང་སོང་།

གོང་གསལ་རྒན་རྒོན་དེ་དག་གིས་མཚན་རྟགས་འཁོད་པའི་ཡི་གེ་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། བཀའ་ཤག་དང་སྤྱི་འཐུས། དཔལ་རྒྱལ་བ་ཀརྨ་པ་མཆོག་གཙོས་པའི་བླ་ཆེན་རྣམ་པ་དང་དགོན་སྡེ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག བཞུགས་སྒར་མེག་ལོར་ཁྲོམ་གཞུང་དང་གངས་སྐྱིད་སྒོ་ཆེན་གཡས་གཡོན་སོགས་སུ་སྤྱར་འགྲེམས་བྱས་ཡོད་པའི་ནང་། “ གུས་འབངས་ཆབ་སྲིད་བཙོན་ཟུར་རིག་འཛིན་ཆོས་ཉིད་དང་། དིང་རི་ངག་དབང་། བློ་བཟང་ནོར་བུ་སོགས་ནས་ཞུ་སྙིང་། དེ་ཡང་དགོངས་དབྱིངས་སུ་མངའ་བ་བཞིན་ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཀརྨ་ཆོས་འཕེལ་གྱིས་སྔ་ཕྱི་བར་གསུམ་དུ་བྱ་ངན་སྤྱོད་ལོག་ཇི་སྙེད་བྱས་པ་གཞུང་འབངས་ཚང་མས་མཁྱེན་ཆུབ་ཞིབ་ཞུ་མ་དགོས་པ་དང་། དམིགས་བསལ་ད་རེ་ཞུ་དོན་སྙིང་པོར་འདི་ལོ་ཕྱི་ཟླ་ ༣ གྲོས་ཚོགས་ཐོག་སྤྱི་འཐུས་ཀརྨ་ཆོས་འཕེལ་ནས་༸གོང་ས་མཆོག་གིས་ལམ་དབུ་མ་གསུང་བཞིན་པ་ཡང་ཐུགས་ནང་རང་བཙན་ཡོད་ལུགས་སོགས་གཏམ་བཤད་མང་དག་བྱས་པ་ལྷ་མི་ཀུན་ཤེས་དེ་ལྟར་ཡང་།

ད་རེ་ཕྱི་ཟླ་ ༩ ཚེས་ ༦ ཉིན་སྤྱི་འཐུས་ཀརྨ་ཆོས་འཕེལ་ནས་གསལ་བསྒྲགས་བྱས་ཏེ་གོང་གསལ་གཏམ་བཤད་རྩ་བ་ནས་བྱས་མེད་ལུགས་སོགས་བརྗོད་པ་མ་ཟད། འོན་ཀྱང་སྙན་གསེང་སྒྲོན་སྟངས་ནས་༸གོང་ས་མཆོག་མི་ལེགས་པའི་དགོངས་ཚུལ་ཞིག་བྱུང་ཡོད་གཤིས་ཟེར་བ་སོགས་མདོ་དོན་རང་ཉེས་ཁས་ལེན་མེད་ཁར། ༸གོང་ས་མཆོག་དང་བཀའ་ཤག་ལྷན་རྒྱས། བོད་མི་མང་སྤྱི་འཐུས་གྲོས་ཚོགས། རྒྱ་ཆེའི་མང་ཚོགས། བོད་ཕྲུག་སློབ་གྲྭ་བ་བཅས་ལ་ཚུལ་མིན་གྱི་བསྙོན་དཀྲི་དང་སྡིགས་དམོད་བྱེད་པ་སོགས་ཀརྨ་ཆོས་འཕེལ་ནི་ཡ་རབས་བཟང་སྤྱོད་ཀྱི་དྲི་མ་ཙམ་མེད་པར་མ་རབས་ཐ་ཤལ་ཅན་གྱི་མི་ཞིག་སྤྱི་འཐུས་ཀྱི་འོས་བབ་མི་ལྡན་པར་གྲོས་ཚོགས་ནས་འཕྲལ་དུ་ཕྱིར་འཕུད་ཡོང་བར་གྲོས་ཚོགས་ལྷན་སྟེང་ནས་དགོངས་བཞེས་མཐའ་གཅིག་ཏུ་ཡོང་བ་ལས། མུ་མཐུད་གནས་ན་གྲོས་ཚོགས་ལའང་མཚན་ཤས་ཡོང་ངེས་ལ་གུས་འབངས་མིང་བཀོད་རྣམས་ནས་རེ་འབོད་ཤུགས་དྲག་ཞུ་རྒྱུ་མ་ཟད། མུ་མཐུད་རེ་འབོད་ཞུ་སྐུལ་སོགས་ལས་འགུལ་ཅི་ཆེ་ཞུ་དགོས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་ཕྱིར་འཕུད་མ་བྱུང་བར་རྒྱུན་མཐུད་ཞུས་ཆོག་པའི་སྙན་ཞུ་རུ། ཞེས་འཁོད་འདུག

དེ་བཞིན། མདོ་སྟོད་ཆུ་བཞི་སྒང་དྲུག་གི་གསར་འགོད་གསལ་བསྒྲགས་ནང་། “བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་མི་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནི་ད་ཕན་གྱི་བཙན་བྱོལ་བའི་གནས་སྐབས་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་ཆབ་སྲིད་དང་སྲིད་དོན་གྱི་རྒྱབ་ལྗོངས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གླེང་ཕྱོགས་དང་ཤུགས་རྐྱེན་གང་ལ་གཞིགས་ཀྱང་སྤྱི་འཐུས་ཀྱི་མཚན་གནས་བཞེས་རྒྱུར་སྤྱི་སྒེར་གཉིས་ལ་ཕན་ལས་གནོད་ཆེ་བ་ཞིག་ལས་མེད་པ་ནི་ཁོང་གི་འདས་པའི་ལོ་རྒྱུས་ནས་དུས་ད་ལྟ་བར་གྱི་བྱེད་བབ་ལ་གཟིགས་ན་མཁྱེན་ཐུབ་པ་ཞིག་དང་། འདིར་ཁོང་གི་མཛད་རྗེས་ཇི་རྙེད་ཅིག་ཡོད་པ་ནས་ཉེ་ལམ་སྐབས་ ༡༣ དང་ ༡༤ བཅས་ཀྱི་སྤྱི་འཐུས་ལས་རྒྱུན་རིང་ཤེས་བཞིན་དུ་རང་བཙན་ལ་ཁ་གཡར་ཏེ་བོད་གཞུང་དམངས་གཉིས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དངོས་ཡོད་མངོན་སུམ་དུ་འགོག་རྒོལ་བྱས་པའི་གནས་ཚུལ་རིམ་པར་བྱུང་ཡོད།”ཅེས་བཀོད་འདུག  

མུ་མཐུད་དུ་བཀོད་དོན། “ ཁོ་པའི་ཐོག་མཐའ་བར་གསུམ་གྱི་བྱ་ངན་སྤྱོད་ངན་གྱི་རང་གཤིས་ལྡོག་ཏུ་མེད་པའི་བརྟུལ་ཞུགས་རྒྱུན་འཛིན་བྱས་ཏེ་ཁས་ལེན་མ་ཞུས་པར་མ་ཟད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་བཀའ་ཤག བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་རྒྱ་ཆེ་མི་མང་བཅས་པར་བརྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་བརྟེན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཁོ་པ་ཕྱིར་འཕུད་གཏོང་དགོས་པའི་རེ་འབོད་ཤུགས་དྲག་ཞུ་བཞིན་ཡོད། ཉེ་ཆར་སྤྱི་འཐུས་གྲོས་ཚོགས་སུ་ཁོ་པར་འགེབ་སྲུང་དང་རྒྱབ་སྐྱོར་གནང་མཁན་འགའ་ཞིག་གྲོས་ཚོགས་ཚོགས་ཐེངས་འདིའི་ཐོག་མངོན་གྱི་འདུག་པར། ང་ཚོ་ཆེས་བློ་ཕམ་དང་བཅས་ཏེ་སྤྱི་འཐུས་བྱེ་བྲག་པ་དེ་ཚོར་ཀརྨ་ཆོས་འཕེལ་དང་ངོས་འཛིན་གཅིག་མཚུངས་ཀྱིས་གདོང་ལེན་ངེས་པར་དུ་བྱེད་ངེས་ལས་རང་བཞིན་འཇོག་ཐབས་གཏན་ནས་མེད། དེ་དག་གི་མཇུག་འབྲས་ངན་པ་ཇི་ཆགས་སྐབས་ ༡༥ པའི་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་སྣང་དགོངས་བཞེས་དགོས་པའི་གསོལ་འདེབས་ཞུ། ”ཞེས་སོགས་བཀོད།

གཞན། ཟླ་འདིའི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། ཉེ་ལམ་༧གོང་ས་མཆོག་ཐུགས་ཕམ་གྱི་བཀའ་སློབ་ཅིག་གནང་བའི་ཐད། སྤྱི་མོས་ཐོག་ལྷ་དགོངས་དྭངས་གསལ་ཡོང་བའི་གཞུང་འབྲེལ་གྲོས་ཆོད་ཅིག་བཞག་པ་དང་། ཉིན་དེར་གྲོས་ཆོད་དེ་དང་འབྲེལ་ཏེ་སྤྱི་འཐུས་ ༣༠ ཙམ་གྱིས་དགོངས་ཚུལ་གསུངས་ཡོད་ལ། སྐབས་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གསུངས་དོན། “གཞུང་འབྲེལ་གྲོས་ཆོད་དེ་ལ་རྒྱབ་སྐྱོར་ཡོད་དང་ཡོད། སྤྱི་འཐུས་རྒྱུན་ལས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་རེད། རང་ཉིད་སྤྱི་འཐུས་རྒྱུན་ལས་ཡིན་པའི་ཆ་ནས་རྒྱབ་སྐྱོར་ཡོད། འགྲོ་སྟངས་ལྟར་བྱས་ན། གྲོས་ཆོད་གྲོས་འཆར་འོག་ཏུ་སྤྱི་མོས་སམ་མང་མོས་ཞེས་རྒྱག་དགོས་ཀྱང་། མང་མོས་ཟེར་མི་དགོས་པར་སྤྱི་མོས་རང་ལ་འགྲོ་དགོས་ངེས་ཡིན་སྟབས་མང་མོས་བརྒྱབ་ཡོད་པ་མ་རེད། ༸གོང་ས་མཆོག་ཐུགས་ཕམ་བྱུང་བའི་ཐོག་བོད་མི་སུ་ཡིན་ཡང་ཚོར་བ་རྣོན་པོ་ཞིག་སྐྱེས་པ་དེ་ཐུགས་ཁག་ཡོད་པ་མ་རེད། སྐྱེས་དགོས་པ་ཞིག་ཀྱང་རེད། རང་ཉིད་ལ་མཚོན་ནའང་ཚོར་བ་ཤུགས་ཆེན་པོ་ཡོད། ནམ་ཀུན་ལྟ་བ་གཅིག་པ་ཤོད་མཁན་ཡིན་ཡང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་མཉམ་དུ་མེད་ཅེས་ལབ་བསྡད་མཁན་དང་བསམ་བསྡད་མཁན་ཞིག་ཡིན་སྟབས། ༸སྐུ་མདུན་ཐུགས་ཕམ་འབྱུང་གཞིའི་གནས་ཚུལ་ཐོག་ང་ཚོས་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་འཇོག་གི་ཡོད་དེ་ཡག་པོ་རེད།

ང་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་བཀུར་འོས་སྤྱི་འཐུས་ཁག་ཅིག་གིས་དེ་དང་མཉམ་དུ་གླེང་གནང་བ་རེད། ཐུགས་ཁག་ཡོད་པ་མ་རེད། ཡིན་ནའང་། གྲོས་ཚོགས་ཀྱི་ཟིན་ཐོའི་ནང་གསལ་བོར་གནས་དགོས་པ་དེ། ང་ལ་གླེང་གཞི་ཡོད་བསྡད་པ་དེ་དང་གྲོས་ཆོད་འདི་དང་འབྲེལ་བ་སྤུ་ཙམ་ཡོད་པ་མ་རེད།

ད་ལྟའི་ཆར་ངས་༸གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་བཞག་ཡོད། དགའ་ལྡན་ཕོ་བྲང་ལས་ཁུངས་སུ་བཅར་ཏེ། དྲུང་ཆེ་དང་མཉམ་དུ་དགོངས་སེལ་དང་གསལ་བཤད་ཞུས་ཡོད། མཚན་འཁོད་སྙན་ཞུ་ཕུལ་ཡོད། དེའི་ནང་སྔོན་མ་གྲོས་ཚོགས་ནང་བཤད་པ་དེ་ལས་འཕྲོས་ཏེ་༧གོང་ས་མཆོག་དགོངས་ཚུལ་མི་ལེགས་པ་གསུངས་བ་དེ་ལྷ་དགོངས་དྭངས་བའི་དགོངས་སེལ་ཞུ་རྒྱུ་ཡིན། དགོངས་སེལ་ཞུ་རྟེན་དུ་ངས་གྲོས་ཚོགས་ནང་ཞུས་པའི་སྐད་ཆ་ཆ་ཚང་ཕྱིར་འཐེན་ཡིན། དེའི་སྔོན་ལ་ངག་ཐོག་ནས་དྲུང་ཆེར་ཞུས་ཡོད། མཚན་འཁོད་སྙན་ཞུ་དང་དེ་མ་ཕུལ་བའི་སྔོན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ལ་སྙན་ཞུ་ཕུལ་ནས་དེའི་སྐབས་ངས་སྙན་ཞུ་ཕུལ་བཞག་པ་ཆ་ཚང་གྲོས་ཚོགས་ཀྱི་ཡིག་ཆ་ལས་བཏོན་རོགས་ཞེས་སྙན་ཞུ་ཕུལ་ཡོད། དེར་བརྟེན། ང་ཚོའི་འགྲོ་སྟངས་ལྟར་སྔ་རྗེས་ལ་འགྱོད་སེམས་ཞུས་ཡོད། དེ་དང་མཉམ་དུ་ཕྱིན་ཆད་སྤང་བླངས་བྱ་དགོས་སྟབས། དེ་ལ་མ་འོངས་པར་གནད་དོན་དེའི་སྐོར་ལ་གླེང་སློང་ནམ་ཡང་ཞུ་རྒྱུ་མིན་པའི་དམ་བཅའ་ཕུལ་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ་དང་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

སྐར་མ ༧ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 19

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    གང་ལྟར་ཡང་རྒན་རྒོན་ལྔ་བཀའ་ཤག་གི་སྒོ་འགྲམ་དུ་གཏུགས་ནས་མང་གཙོའི་འགན་འཁྲི་དགུང་དུ་བཏེགས་པར་བསྔགས་བརྗོད་གཏིང་ནས་ཡོད་དོ།།

    འདི་ནི་ཧ་ཅང་གལ་འགངས་ནང་གི་གལ་ཆེན་ཞིག་ཏུ་རྟག་ཏུ་ཚོར་གྱིན་སེམས་ཀྱིན་ཡོད།

    གཞུང་སྒེར་གང་དུའང་འགོ་འཁྲིད་སུ་སུ་ཞིག་གིས། མ་རུང་། མ་འགྲིག མ་འཐུས་འགལ་འཛོལ་གྱི་ལས་ཀ་བྱས་ཚེ། ཡི་གེ་འདྲ་བྲིས། ངན་གཏམ་འདྲ་སྨྲས། དོན་དངོས་སུ་འགྱུར་བ་གང་ཡང་གཏོང་མི་ཐུབ་པའི་རྣམ་པ་དེར།

    དེ་རིང་བགྲེས་པོ་འདི་དག་གིས་མིག་དཔེ་བཟང་པོ་ཞིག་དང་། ཕྱིན་ཆད་ང་ཚོ་ཚང་མས་རང་ལ་བདེན་དཔང་དང་ཡིད་ཆེས། སྤྱི་དོན་ངོ་མ་ཡིན་ན། དུས་རྟག་ཏུ་མི་མང་ཐང་དུ་འཐོན་ནས་ལས་འགུལ་སྤེན་དགོས་པའི་དུས་ཚོད་སྨིན་ཐག་ཆོད་པར་མཐོང་།

    མང་གཙོ་དང་མི་མང་གི་འགན་འཁྲི་ལ་ཁྲ་རྒྱན་ཞིག་བཏགས་པར་བཀའ་དྲིན་ཆེ་ཞུའོ།།

    Reply
  2. བསྟན་པ། says:
    ལོ་ 13 སྔོན།

    Ngawang Norbu

    ངག་ནོར་ལགས། དེང་སང་དབེན་རི་ལ་སྡོད་མཁན་ཧ་ཅང་དཀོན་པོ་རེད། ཉམས་ལེན་པ་རེ་བཟུང་ཡོད་དེ་ཚོ་རྣམས་ཀྱང་ལུང་ལ་བབ་ནས་ཕྱི་རྒྱལ་དང་སྲང་ལམ་ཡོད་ཚད་ལ་མཐོང་རྒྱུ་ཡོད། མ་བཞིན་ནས་དབེན་པར་གནས་ཐུབ་ན་རབ་རེད་པ། དབེན་པར་སྡོད་མཁན་གནམ་དགུང་གི་སྐར་མ་ལས་དཀོན་པའི་སྐབས་དེར་ཁོང་ཚོར་ཁྱད་གསོང་མ་བྱས་ལོ།

    སྤྱི་འཐུས་ཀརྨ་ཆོས་འཕེལ་ཁོ་རང་གང་ནས་ལངས་དང་གང་ནས་ཕུད་ངས་ཤེས་ཀྱི་མེད། གང་ལྟར་རྐུབ་སྟེགས་རག་པ་དེར་ཁྱེད་རང་ཡིད་གསུན་བྱེད་གོ་མ་རེད། ཕལ་ཆེར་ཁྱེད་རང་ཁོང་གི་གསང་ཉུལ་བ་དེ་འདྲ་ནི་ཡིན་ཏོག་ཁ་པོ་མ་རེད།

    དེ་ནས་ངས་བཤད་པའི་དོན་ཚན་དང་པོ་དེ་ཁྱེད་རང་བོད་ཡིག་ཡག་པོ་ཀློག་མ་ཤེས་པས་དབང་གིས་གོ་བ་ལོན་ཡོད་བཟོ་མིན་འདུག ངས་དེ་སྔོན་བཀའ་ཤག་གིས་ལས་བྱེད་སྡེ་འགན་ཡན་ལ་མཇལ་ཁར་འཁྲིད་པའི་གནད་དོན་སྐོར་བཤད་ཀྱི་ཡོད་མ་ཏོག་གྲོས་ཚོགས་གསེང་སྐབས་སྲིད་སྐྱོང་དང་ཚོགས་གཙོ་མཇལ་ཁ་སྤྱར་བའི་སྐོར་བཤད་ཀྱི་མེད། ཡག་པོ་ཉོན་དེ་སྐབས་ཚོགས་གཞོན་ཕེབས་ཡོད་མ་རེད།

    ལུང་དུ་བསྡད་ཀྱང་གནས་ཚུལ་ཆ་ཚང་མ་ཤེས་མཁན་དེ་ཚཽ་དངོས་ཐབས་སྐྱོ་པོ་རེད།མ་གཞི་རྗེས་མ་ནས་རང་མིང་བོད་ཡིག་ནང་བྲིས་ལོ།

    Reply
  3. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །མི་རྟགས་དང་བསྟན་པ་ཁྱེད་རང་གཉིས་ཀ་ད་བར་དབེན་པའི་རི་ཁྲོད་ཞིག་ཏུ་སྐུ་མཚམས་དམ་པོར་བཞུགས་པ་འདྲ་བོ་འདུག ཀརྨ་ཆོས་འཕེལ་དབུས་གཙང་སྤྱི་འཐུས་སུ་ལངས་ཐབས་བྲལ་བ་དང་། དགེ་ལུགས་པས་ཀྱང་ངོས་ལེན་མ་བྱུང་བར་མཐའ་མ་བཀའ་བརྒྱུད་པ་རྣམ་པས་འོས་ཤོག་འཕེན་པས་སྤྱི་འཐུས་ནང་སླེབ་པ་མ་གཏོགས་རང་ངོས་ནས་འགྲོ་ས་མེད་པ་མཁྱེན་མི་འདུག གཞན་ཡང་༧གོང་ས་མཆོག་བཀའ་སྤྱི་འཐུས་མི་ཡོངས་རྫོགས་ལ་མཇལ་ཁ་ཡོང་བའི་སྙན་གསེང་ཞུས་ཀྱང་སྐུ་སྒེར་ནས་བཀའ་འཁྲོལ་མ་བྱུང་བར་མཐའ་མ་སྤྱི་འཐུས་གཙོ་གཞོན་གཉིས་དང་སྲིད་སྐྱོང་རྣམ་པ་གསུམ་ལ་མཇལ་ཁ་གནང་བའི་སྐོར་གྲོས་ཚོགས་ཀྱི་བརྙན་པར་ནང་གསལ་པོ་གསུང་སོང་བ་མཁྱེན་མིན་འདུག སོང་ཙང་འདྲ་མི་འདྲ་སེམས་ལ་བསམ་ཚད་རྣམས་མ་བྲིས་གོང་ཞིབ་འཇུག་མཐིལ་ཐོན་ཐོག་བྲིས་ན་མ་གཏོགས་རང་གི་རྐང་པར་རང་གི་རྟ་གྲིས་བརྣུམ་ཟེར་བའི་དཔེ་རེད། ཤེས་ཡོན་ཡོད་པ་དེ་ཕན་ཐོགས་ཡོད་པ་ཞིག་དང་བྱ་བ་བཟང་པོ་ཞིག་ལ་བེད་སྤྱོད་གནང་ན་གང་ལེགས་དང་ཡི་མངགས་གཉིས་ཀ་ཐོབ་གཞི་རེད། དེ་མིན་དཀྲུག་ཤིང་དང་རྐྱོན་བརྗོད་ཀྱང་ཀྱང་གནང་གིན་བཞུགས་ན་ཆོ་འདུག་གམ་དགོང་པ་བཞེས། ཐུགས་རྗེ་ཆེ། །

    Reply
  4. མེ་རྟགས། says:
    ལོ་ 13 སྔོན།

    ༡༽ ཀརྨ་ཆོས་འཕེལ་ལ་རྡེག་དམོད་དང་ངན་སྨྲས་བྱས་ན་༧གོང་ས་མཆོག་ཐུགས་དགྱེས་སམ་ཅི། དྲི་བ་གཅིག་རེད།

    ༢༽ ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་ཕུད་ཐུབ་ན་བོད་ཀྱི་རྩ་དོན་ལ་ཁེ་ཕན་གང་ཙམ་ཡོད་རེད། དྲི་བ་གཉིས་རེད།

    ༣༽ ཀརྨ་ཆོས་འཕེལ་བཀའ་བརྒྱུད་པའི་སྐུ་ཚབ་ཏུ་ཁོ་རང་སོང་བ་རེད་དམ། ཆོས་བརྒྱུད་དེའི་མི་མང་གིས་བསྐོས་པ་རེད། དྲི་བ་གསུམ་རེད།
    ཀརྨ་ཆོས་འཕེལ་གྱིས་སྔ་བྱས་ལ་འགྱོད་བཤགས་དང་ཕྱི་ཆད་སྡོམ་སེམས་བྱས་པ་དེས་མི་འགྲིག་པའི་ཉེས་པ་ཆེན་པོ་གང་ཞིག་བསགས་པ་རེད། དྲི་བ་བཞི།
    མང་གཙོ་ཡིན་ན་སྨྲ་བརྗོད་རང་དབང་གི་ཚད་གང་ཙམ་ཞིག་ལ་འཇོག་དགོས། དྲི་བ་ལྔ་རེད།

    Reply
  5. བསྟན་པ། says:
    ལོ་ 13 སྔོན།

    གནད་དོན་གསུམ་ཞུ་འདོད་བྱུང་།

    ༡༽ སྤྱིར་བཏང་སྤྱི་ཚོགས་ནང་རྒན་གཞོན་གོ་རིམ་དགོས་ཀྱང་ད་ལན་སྡེ་འགན་ཡན་གྱི་ལས་བྱེད་གཅིག་པུར་མཇལ་ཁར་འཁྲིད་དགོས་དོན་ཅི་རེད། དེ་གཞུང་གི་དུས་ཆེན་ནི་མ་རེད། ༸རྒྱལ་བ་རིན་པོ་ཆེ་ལ་ལས་བྱེད་ཚང་མས་མཇལ་འདོད་ཡོད་རེད། སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱི་མོ་ཊ་གཏོང་མཁན་ཁ་སློ་བ་ཚོ་ལ་ཡང་ཁོང་གི་ཞལ་མཇལ་དང་གསུངས་ཐོས་འདོད་ཡོད་རེད། ཁོང་ཚོ་དད་པ་མེད་པ་རེད་པས་་་་་ཡང་ན་་་རིགས་ངན་པ་རེད་་་་་ཡང་ན་རྣམ་དཔྱོད་མེད་པས་རེད། གལ་སྲིད་སྐུ་སྒེར་གྱི་ཚོགས་ཁང་ལ་ཤོང་ཚད་མེད་ན་ཚོགས་ཁང་ཆེ་བ་ཞིག་ཏུ་བྱས་ན་འགྲིག་གི་རེད་པ། དེ་མིན་ན་དེར་མི་འགྲོ་ ༣༠༠ ཤོང་གི་ཡོད་ན་ལས་བྱེད་ ༣༠༠ ནང་ཁུལ་རྒྱན་རྒྱབ་ནས་བཏང་ན་མང་གཙོ་དང་དྲང་བདེན་ཞིག་མ་རེད་པས། ༼གསར་བསྟོད་ཟེར་ན་དེ་ལ་ཟེར།༽

    ༢༽ ཚོགས་གཙོས་༸རྒྱལ་བ་རིན་པོ་ཆེ་དགོངས་པ་འཁྲུག་པ་དང་སྐུ་ཚད་ཉུང་འཕྲི་མཛད་ཚུལ་སོགས་ཀྱི་རྒྱུ་རྐྱེན་དང་ཁག་ནི། རྒྱུན་དུ་བོད་རང་བཙན་འབོད་སྒྲ་སྒྲོག་མཁན་གྱི་མི་སྣ་གལ་ཆེ་ཚང་མ་རེ་རེ་བཞིན་མིང་དྲངས་ནས་མཚན་སྨད་ཞུས་མཁན་ཡིན་པ་གྲོས་ཚོགས་ཀྱི་འཇུག་བསྡོམས་གསུངས་བཤད་སྐབས་གསུངས་པ་པས་མི་མང་ནང་འཁྲོག་ཤིག་ཐེབས་བཅུག་པ་རེད། དེ་ནས་༸རྒྱལ་བ་རིན་པོ་ཆེ་མཇལ་བཅར་ཞུས་རྗེས་ཡང་དེ་ལྟར་མིན་པས་འགྲེལ་བཤད་གཅིག་རྒྱབ་སོང་། ༸སྐྱབས་མགོན་རིན་པོ་ཆེ་སྐུ་ཚད་བཅག་པ་དེ་ནི་༸ཁོང་རང་གི་གཟུགས་གཞི་བབ་ལ་བལྟས་ནས་གསུངས་པ་གྲོས་ཚོགས་ཡང་འགྲེལ་བཤད་གཅིག་བརྒྱབ་པ་རེད། མཐའ་ན་ཡང་སྙིང་དགོངས་པ་འཁྲུག་གཞི་གང་ཞིག་རེད། སྐུ་དྲག་གསར་པ་ཚོས་དངོས་གནས་སྲིད་དབང་སྒེར་སྤྱོད་ཀྱི་ཆབ་སྲིད་ཡག་པོ་ཞིག་རྩེད་ཀྱི་འདུག་ག ༼རང་ཁ་རང་གསོ་ཟེར་ན་དེ་ལ་ཟེར།༽

    ༣༽ མཐའ་མར་ཚོགས་གཙོ་སྲིད་སྐྱོང་རང་ཉིད་སྐུབ་བརྡོལ་ཡོང་བསམ་ནས་གཏམ་བཟང་ཡིན་ཁུལ་གྱི་གྲོས་ཚོགས་ནང་། ༸གོང་ས་མཆོག་ནས་དབུ་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་བ་དང་དེའང་༸སྐུའི་མི་ཚེའི་འདེང་ངེས་ཡིན་པའི་ཁས་ལེན་ཐོབས་བྱུང་ཅེས་འུད་སྒྲོག་གིས་མི་མང་རྣམས་ཡང་རེ་བ་ཞིག་གི་དགའ་རུ་གཅིག་བཅུག་སོང་། ༼ཆིག་སྒྲིལ་ཟེར་ན་དེ་ལ་ཟེར།༽

    Reply
  6. མི་རྒོད། says:
    ལོ་ 13 སྔོན།

    མེ་རྟག་ལགས་ཁྱེད་རང་གོང་ས་མཆོག་སྐུ་ཚེ་ཐུང་བ་ལེགས་སམ། ཡང་ན་སྤྱི་འཐུས་སྔ་ཕྱི་བར་གསུམ་དུ་བོད་པའི་ཞབས་འདྲེན་ཞུ་མི་བུད་པ་ལེགས་སམ། བསམ་ཞིབ་ནན་མོ་མཛོད་ཨང་། ད་དངོས་གནས་ཁྱེད་རང་བཀྲིན་ལ་བསམ་ཤེས་མེད་པ་དྲིན་ལྡན་གྱི་ལན་ཆུ་ཡི་མཇལ་མཁན་རྒྱ་འདྲེའི་ཕྲུག་གུ་གཅིག་རེད་ཞག། སྐད་ཆ་འདི་བོད་མི་ཡིན་པའི་འགན་མཁུར་ཡེ་ནས་མིན་འདུག་ད་ཁྱེད་རང་རྒྱ་ནག་ལ་ལོག་ནས་སོ་ཉུལ་བྱས་ན་རྟག་རྟག་རེད་དོ།།།
    བླ་མ་མཁྱེན་མི་ལ་འདི་ད་དུང་༥༩ ཅིག་གོ་ནས་འཆར་དགོས་པ་རེད་ཤག་དཔེ་རེད་ད་་་་་་་་་་ བོད་མིའི་བདེན་པ་ཉིད་རྟག་དུ་རྒྱལ་གྱུར་ཅིག། ཀརྨ་ཆོས་འཕེལ་མྱུར་དུ་གུད་པ་དང་བུད་པ་ཤོག།།། མ་རབས་གཅིག་ཡོད་ཀྱང་མང་གྲགས་པ་རེད་ད་་་་་་

    Reply
  7. གཡག says:
    ལོ་ 13 སྔོན།

    བོད་ཀྱི་བང་ཆེན་ཚགས་པ་ཐོག་འཁོད་ལྟར་ན།
    ཉེ་ཆར་མང་གཙོའི་དུས་དྲན་ཉིན་༧གོང་ས་མཆོག་གིས་གཞུང་གི་ལས་བྱེད་ཚོར་བཀའ་སློབ་ཅིག་གནང་བ་ལས་འཕྲོས་པའི་༧གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་སྐོར་དང་། སྐུ་ཚེ་རིང་པོར་བཞུགས་རྒྱུ་མིན་སྐོར། སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་མི་ཁག་ཅིག་གིས་༧གོང་ས་མཆོག་གིས་དགོངས་གཞི་དཀྲུག་སྐོར་སྣ་ཚོགས་གྲོས་ཚོགས་ནང་དང་། མི་མང་ནང་ཁྱབ་ཡོད་ན། བཀའ་སྤྱི་གཉིས་ཀྱིས་ཀྱང་ཛ་དྲག་ངང་གསུངས་ཡོད་ནའང་། ཕྱི་ཟླ་༩ ཚེས་༢༣ ཉིན་ཚོགས་གཙོ་སྤེན་པ་ཚེ་རིང་དང་། སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་གསལ་བཤད་གནང་བ་ལྟར་ན། ཚང་མ་གོ་ནོར་ཐེབས་དང་། ཚོར་ཤུགས་ཀྱི་སྐད་ཆ་ལས་ཛ་དྲག་གང་ཡང་མིན་ལྟ་བུ་ཆགས་ཡོད་པ་རེད།།
    མཐའ་མའི་བསྐྱར་བཅོས། ( ‘2013, 09, 25’ )

    Reply
  8. བློ་བཟང་བསྟན་རྒྱས། says:
    ལོ་ 13 སྔོན།

    ཀརྨ་ཆོས་འཕེལ་ནི་ག་དུས་ཡིན་ན་མི་སྡུག་རི་སྡུག་ཚད་དང་ལག་འབྲེལ་བྱེད་མཁན་ཞིག་རེད་འདུག།
    ཁོང་གི་ལོ་རྒྱུས་ལ་ཕྱིས་བལྟས་པས་ཤེས་ནུས།
    མདོ་སྟོད་ནང་ཁུལ་ལ་གཏིང་ནས་དཀྲུགས་སྤྱད་ཀྱི་ལག་ཆ་ཡང་ཁོང་བྱེད་མྱོང་ལ།
    དབུས་གཙང་ནང་ལ་ཁོང་གིས་འགལ་ཟླ་ཡང་བཟོས་པ་བརྩིས་མེད་རེད།
    སྤྱི་འཐུས་གྲོགས་ཚོགས་ནས་ཕྱི་ལ་ཐོན་མཁན་གཏེ་བོ་ཡང་ཁོང་ཡིན།
    དེའི་རྗེས་སུ་ཀླད་མེད་དང་བསམ་མེད་རྣམས་ཀྱང་རིམ་པས་ཐོན་སོང་མ་སོང་ངམ།
    ༸གོང་ས་མཆོག་ལ་ག་དུས་ཡིན་ན་ཐོ་འཚམས་པ་དང་དོ་ཟློ་བ་བྱེད་པའི་འདྲེ་ཕྲུག་ཞིག་རེད་ལ། བོད་ཆོལ་གསུམ་ནང་ཁུལ་ལའང་དཀྲུགས་མཁན་ཞིག་རེད་པས་རྗེས་མ་སྤྱི་འཐུས་རྣམས་པས་གཟབ་གསཟབ་གནང་རོགས།

    Reply
  9. ཐུབ་ལེགས། says:
    ལོ་ 13 སྔོན།

    རྒན་རྒོན་དེ་ཚོས་ད་དུང་ཡང་བཀའ་ཤག་གི་སྒོ་འགྲམ་དུ་ངོ་རྒོལ་བྱེད་བཞིན་པ་རེད་དམ། ཡང་ན་ཀརྨ་ཆོས་འཕེལ་སྤྱི་འཐུས་ནས་ཕུད་ཚར་བ་རེད། དེ་ཤེས་དགོས་འདུག ངས་མཐོང་ཚོད་ལྟར་ན་སྤྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་གྲོས་ཚོགས་མ་ཚོགས་གོང་ནས་རྒན་རྒོན་དེ་ཚོ་མཐོང་མ་སོང་ཞིང་། ཉིན་འདི་དག་གི་རིང་ཀརྨ་ཆོས་འཕེལ་ཡང་མཐོང་ཡུལ་ན་མི་འདུག་པས་གསར་འགོད་པ་ལགས་ཀྱིས་མགོ་མཐའ་ཚང་བའི་གསལ་བཤད་ཅིག་གནང་རོགས་ཞུ་ཞུ།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    སུ་ཞིག་དམངས་སེམས་ལས་འགོངས་ཚེ།
    དེ་ཉིད་དམངས་ཀྱིས་འདོར་ཅིང་འཇིག
    སུ་ཞིག་དམངས་དོན་དོན་གཉེར་བ།
    དེ་ཉིད་དོན་གྱི་སྐྱེས་བུ་ཉིད།

    Reply
  11. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    དེ་སྔོན་བཀུར་འོས་སྤྱི་འཐུས་ཤིག་གིས་ཧིན་སྒོར་འབུམ་གཉིས་ཙམ་ལྐོག་ཟ་བྱས་ཀྱང་། བོད་པའི་སྤྱི་ཚོགས་ནང་སྦྱར་ཡིག་འབྱར་མཁན་མི་འདུག་ལ། དེ་བས་སྤྱི་འཐུས་གྲོས་ཚོགས་དེའི་སྐོར་བཤད་པའི་སྐད་ཆ་གང་ཡང་མི་གོ་རྒྱུ་མི་འདུག མ་ཟད་དོ་བདག་གིས་བཟོད་གསོལ་དང་དགོངས་སེང་ཞུས་པའི་སྐད་ཆ་མི་འདུག ད་ཆར་ཀརྨ་ཆོས་འཕེལ་འདི་ལ་དེ་ཙམ་བསྡམ་པོ་གནང་དགོས་དོན་ཅི་ཡིན་ནམ། གང་ཡིན་ཞེ་ན་སྐུ་སྒེར་དྲུང་ཆེའི་བརྒྱུད་ནས་གོང་ས་མཆོག་ལ་ལྷ་དགོངས་སེང་ཞུ་འདུག་པས། དེ་ལས་ལྷག་པའི་དགོངས་སེང་ཞུ་ས་ཡུལ་གང་ཡོད།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་མིའི་ཆབ་སྲིད་པས། ཞབས་འདྲེན་ཞུས་པ། རེད་གདའ། ད་ད་དུང་གཟབ་གཟབ། བྱས་ན་མི་ལེགས་སམ།། །།

    Reply
  13. མེ་རྟགས། says:
    ལོ་ 13 སྔོན།

    ངས་རེ་སྐུལ་གཅིག་བཤད་འདོད་ཡོད། ཁྱེད་ཚོས་ཆོས་ལུགས་རིས་གཅོད་ཀྱིས་ཁྱབ་བསྒྲགས་མ་བྱེད་རོགས་སྐུ་ཆེ། གཞིས་ལུས་མི་མང་གི་སེམས་ལ་རྨ་བཟོ་གི་འདུག འགྲོ་མགོན་བཀའ་བརྒྱུད་པའི་རྗེས་འཇུག་གཅིག་པུར་བོད་རིགས་ས་ཡ་གཉིས་ལྷག་ཡོད་པ་མི་ཤེས་པ་ཨེ་རེད། དེའི་སེམས་ལ་ཕོག་ཐུག་མངགས་ན་་་བོད་པ་ཚང་གི་སྟོབས་ཤུགས་བརླགས་པ་ཤེས་པར་གྱིས།

    Reply
  14. མཉམ་ཞུགས says:
    ལོ་ 13 སྔོན།

    ཀརྨ་ཆོས་འཕེལ་ནི་སྤྱི་འཐུས་ནས་འཕུད་རྒྱུ་འཕྱི་དྲག་མེད་ནའང་ཁྱོན་ནས་སྔ་དྲག་མེད་པ་གསལ་བོ་ཡིན།གལ་ཏེ་ཁོ་སྔོན་མ་རྒྱལ་སྤྱིའི་ནམ་ཐང་ནས་ར་བཟི་སྟེ་ཡོ་རོབ་ཚོགས་འདུ་ལ་ཞུགས་མ་ཐུབ་པའི་གནས་ཚུལ་ཐོན་སྐབས་ཚང་མས་དོ་སྣང་བྱས་ཏེ་ཁོའི་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་མེད་བཟོས་ཡོད་ཚེ་དེའི་རྗེས་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྐབས་༸གོང་ས་མཆོག་གི་དགོངས་པ་ལ་ལོག་འགྲེལ་བྱས་ཏེ་༸གོང་ས་མཆོག་ལ་ཐུགས་ཕམ་དང་བོད་འབངས་རྣམས་ལ་སེམས་ཁྲལ་བཟོས་ཡོད་མི་སྲིད་དང་།དེ་ལས་ཀྱང་དེ་ལ་གསལ་བཤད་བྱེད་ཁུལ་གྱིས་བོད་ཀྱི་གཏམ་དཔེར་”བཤད་ས་བུ་མོ་དང་ཉན་ས་མནའ་མ།”ཟེར་བ་ལྟར་དངོས་སུ་གཅར་འདྲི་བྱེད་མཁན་གྱི་སློབ་མ་དེར་ཁྲིམས་ལ་གཏུག་ཚེ་ཨ་སྒོར་འབུམ་མང་པོའི་ཉེས་ཆད་ཕོག་ངེས་ཡིན་ཚུལ་བཤད་དེ་དོན་དངོས་སུ་༸གོང་ས་མཆོག་ལ་ཁྱེད་རང་ཁྲིམས་ལ་གཏུག་ཚེ་ཨ་སྒོར་འབུམ་མང་པོ་ཤོར་ངེས་ཞེས་གོ་རྒྱུ་བཏང་ཡོད་པ་ནི་ཧ་ཅང་གསལ་བོ་ཡིན་པས།འདི་འདྲའི་ཚིག་ངན་ནི་སྤྱི་འཐུས་ཞིག་ཕར་ཞོག་ཁོག་ལ་གདོན་ཞུགས་མེད་ཚེ་བོད་མི་སྤྱི་གནམ་བསྟན་སུ་ཞིག་ཡིན་ཡང་ཡིད་ལ་དྲན་པ་ཙམ་ཡང་བྱེད་མི་ཕོད་པ་ཡིན།དེ་ཕྱིར་ང་ཚོས་’དད་པ་ཁ་ན་ཡོད་ཀྱང་གཏིང་ན་མེད’པའི་ཀརྨ་ཆོས་འཕེལ་ལྟ་བུར་ངེས་པར་དུ་དག་ཐེར་དང་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་རེད།བཙོན་ཟུར་རིག་འཛིན་ཆོས་ཉིད་དང་ཁོང་ཚོ་མི་ལྔ་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་ལ་མི་ལྔ་ལས་འཛོམས་མེད་པ་ལ་ཏོག་ཙམ་བློ་ཕམ་བྱུང་།ནམ་རྒྱུན་རྡ་ས་གཡོས་གཡོན་ལ་མིག་ཟུང་ཙུམ་ནས་༸གོང་ས་མཆོག་ལ་ཧ་ཅང་དད་པ་ཡོད་མདོག་བྱེད་མཁན་མང་མོད་དེའི་ཉིན་དེར་ཚང་མ་གང་ལ་སོང་བ་ཡིན་ནམ།སོ་སོ་ལ་ཁེ་སང་ཞིག་ཡོད་ཚེ་དེ་རྣམས་རྒན་ཁོག་མི་འདི་ལྔ་སྔོན་ལ་སླེབས་ཏེ་༸གོང་ས་མཆོག་ལ་དད་མདོག་དང་གུས་མདོག་བྱེད་བཞིན་པ་གདོན་མི་ཟ་བ་ཡིན།

    Reply
  15. གནས་ཚང་། says:
    ལོ་ 13 སྔོན།

    གོང་ས་མཆོག་གི་དགོངས་གཞི་འདི་འདྲ་ཞིག་ཡིན་ནམ། ཁོང་གིས་མང་གཙོ་ནམ་རྒྱུན་གསུང་བསྡད་ཡོད་པ་དང་སེམས་རྒྱུད་འདུལ་སྟངས་མི་རྣམས་ལ་བསླབ་ཀྱི་ཡོད་ཙང་། འདི་འདྲ་ཞིག་ཡིན་མིན་དོགས་པ་རེད།

    གལ་སྲིད་འདི་འདྲ་ཞིག་ཡིན་ན། བཙན་བྱོལ་བོད་མི་རྣམས་ཀྱིས་སྐུ་ངོ་བློ་སེང་ལ་རེ་བསྐུལ་ཞུས་ནས་སྲིད་འགན་གོང་ས་མཆོག་ལ་སླར་ཕུལ་དང་། ཟམ་གདོང་རིན་པོ་ཆེ་ཡིས་ཕྱག་རོགས་ལས་དེང་ཕྱིན་འོས་འདེམས་མེད་པ་བཟོ་དགོས་ཀྱི་ཡོད་པ་མ་རེད་དམ།

    རྒྱུ་མཚན་ནི་འོས་འདེམས་ལས་ཐོན་པ་དག་ལའང་། ཕྱོགས་གཅིག་ནས་མི་མང་གི་སྐུ་ཚབ་ཡིན་སྟབས་ལོ་རྒྱུས་འགན་འཁུར་བཞིན་པའི་ཁུལ་རེད། ཕྱོགས་གཞན་ཞིག་ནས་གོང་སའི་ལྷ་དགོངས་དཀྲིགས་གཞིར་གྱུར་ནས་ཐ་ན་སྐུའི་བར་ཆད་ལྟ་བུར་གྱུར་བར་བརྗོད་ཀྱིན་པ་རེད། ད་ཚང་མ་ལོས་དགོངས་ཚུལ་གསུངས་ཡ།

    Reply
  16. གཡག says:
    ལོ་ 13 སྔོན།

    ༸གོང་ས་མཆོག་ཐུགས་དགོངས་དཀྲུག་པ་ཡག་པོ་རྩ་བ་ཉིད་ནས་ཡག་པོ་མ་རེད།ཡིན་ན་ཡང་སེམས་པ་རྣམ་དག་གི་ཐོག་ནས་སྔར་འགྱོད་ཕྱི་སྡོམ་བྱེད་དགོས་པ་དངོས་གནས་རེད།དེ་ལྟར་བྱེད་པ་ཡིན་ན་ཕྱི་འཕུད་བྱ་དགོས་ཟེར་དགོས་ཨེ་ཡོད།

    Reply
  17. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །”དགོངས་སེལ་ཞུ་རྟེན་དུ་ངས་གྲོས་ཚོགས་ནང་ཞུས་པའི་སྐད་ཆ་ཆ་ཚང་ཕྱིར་འཐེན་ཡིན།” ཟེར་བ་དེ་ནི་མེ་མདའི་ཁ་ནས་འཐོན་པའི་མདེའུ་དང་། མིའི་ཁ་ནས་ཤོར་ཚིག་ལ་ལོག་ཤོག་ཟེར་ས་མེད་པ་གནའ་བོའི་གཏམ་དཔེར་གསལ། མ་ཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཀའ་རྒྱུད་པའི་འཐུས་མིར་འོས་འདེམས་བྱུང་བར་འཐུས་མི་དོ་དག་གི་གྲོས་ཚོགས་ནང་གང་བཤད་རྣམས་བཀའ་རྒྱུད་པ་རྣམ་པའི་ལངས་ཕྱོགས་སམ་བལྟ་བ་མིན་ནམ། གལ་ཏེ་སྒེར་གྱི་བསམ་ཚུལ་ཡིན་ན་བཀའ་རྒྱུད་པ་རྣམས་ཁ་ཁུ་སིམ་སིམ་བཞུགས་དོན་གང་ཡིན་ནམ། དེ་ཡང་དྲི་བ་ཤིག་རེད། དེ་མིན་ན་མང་གཙོའི་འགྲོ་སྟངས་བཞིན་མི་མང་ནས་བཀོས་པ་མི་མང་ནས་ཕྱིར་འབུད་བྱེད་དབང་བརྒྱ་ཆ་བརྒྱ་ཡོད་པས་བཀའ་རྒྱུད་པ་རྣམས་ལ་འགན་ཡོད་པ་མཁྱེན་དགོས་ཀྱི་རེད།

    Reply
  18. མི་རྒོད། says:
    ལོ་ 13 སྔོན།

    མི་རྒན་རྣམས་ལྔ་མང་གཙོའི་བྱ་ཡུལ་རེད།།
    རྒན་རྒོན་འདི་ལྔ་་མང་གཙོའི་བྱེད་པོ་རེད།།
    རྒན་རྒོན་ལྷག་དཀར་ང་ཚོའི་ཆ་ཤས་རེད།།
    འདི་ལ་ནུས་ལྔ་འཛོམས་པའི་མང་གཙོ་ཟེར།།།་བོད་མི་ཚོ་་་་་ འོ་འདི་འདྲ་ཟེ་ནུས་ཤུགས་སྤེལ་ཐུབ་ན་ཨ་ནི་ང་ཚོ་མང་གཙོ་རེད་་་་་ རྗེས་སྲོལ་སྤྱི་འཐུས་རྣམས་གཟབ་གཟབ་བྱེད་དགོས་པ་འདུག་བསམ་པ་ཞིག་ཡོང་གི་རེད། རང་སྣང་གང་དྲན་རེད་མིན་འདུག་་་བསམ་པ་ཡོང་ངེས་རེད།།།།

    བརྒྱབ་སྐྱོར་མགྱོགས་མྱུར་དུ་ཞུ་དགོས།།་
    བོད་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།།།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    པར་ནང་ལ་པང་དན་གྱོན་པ་རྨོ་མོ་གཉིས་ལ་ཨ་ནེ་མཐོང་རྒྱུ་མི་འདུག་པས། ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese