མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་མིན།

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

༄༅།། <བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར> ནི་དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་མིན།

ཆབ་བྲག་ལྷ་མོ་སྐྱབས།

ཉེ་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་པ་གཉིས་དང་རང་དབང་གཏམ་བརྗོད་པ་ཀླུ་མཁར་བྱམས་སོགས་ཀྱིས་བཀའ་ཤག་སྐབས་སྔོན་མའི་རྒྱ་ནག་གཞུང་ལ་ཕུལ་བའི་རང་སྐྱོང་བསམ་འཆར་དེ་ནི་དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་ཡིན་ཚུལ་གྱི་གསུང་བཤད་ཤུགས་ཆེན་གནང་བ་འདིས་ངའི་ལག་པ་སྡོད་བཅུག་མ་སོང་། གཤམ་དུ་ངས་མ་རྟོགས་ལོག་རྟོག་གི་དགོངས་ཚུལ་འདི་སེལ་སླད་དུ་རྒྱུ་མཚན་གཙོ་བོ་གསུམ་རགས་བསྡུས་སུ་འགོད་རྒྱུ།

    ཀ༽ ༸གོང་ས་མཆོག་གི་དགོངས་གཞིའི་དབུ་མའི་ལམ་དེ་དམངས་གཙོའི་དགོས་འདུན་ཅན་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཁོང་གིས་ད་བར་དུ་དམངས་གཙོ་ལེགས་བཅོས་ཀྱིས་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་དེ་མང་གཙོའི་ལམ་སྲོལ་ཡང་དག་ཅན་ཞིག་ཡོང་རྒྱུར་བཅའ་ཁྲིམས་བཟོ་བཅོས་ཀྱིས་མཚོན་པའི་ཕྱག་ལེན་དུ་མ་ཞིག་གནང་ཡོད།

    ལྷག་པར་དུ་ཁོང་གི་རྗེས་འཇུག་པ་དབུ་མའི་ལམ་གྱི་ཤིང་རྟ་བ་ཆེན་མོ་བཀའ་ཁྲི་ཟུར་བ་ཟམ་གདོང་བ་རིན་པོ་ཆེས་དབུ་མའི་ལམ་གྱི་དགོངས་དོན་ལ་དོན་ཚན་བཞིའི་ཁྱད་ཆོས་དགོས་པར་བསྟན་པའི་ནང་གི་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་གང་འདྲ་ཞིག་ཡོད་དགོས་པའི་ཐད། “ ཕྱི་ལོ་ ༡༩༥༩ སྔོན་གྱི་གཞུང་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐྱོང་སྟངས་ཀྱི་ལམ་སྲོལ་དེ་མཐའ་གཅིག་རེད། ད་ལྟ་རྒྱ་ནག་དང་བོད་ནང་གུང་བྲན་ཚོགས་པས་དབང་ཆ་ཚང་མ་གཅིག་སྡུད་དང་།   དེའི་ནང་ནས་མི་གཅིག་གིས་གཅིག་སྡུད་དབང་འཛིན་གྱིས་འཛིན་སྐྱོང་བྱེད་པ་དེ་མཐའ་གཞན་པ་དེ་རེད། མཐའ་དེ་གཉིས་དང་མི་མཐུན་པར། ཁྲིམས་བཟོ་དང་།  འཛིན་སྐྱོང་།  ཁྲིམས་ལུགས་དབང་འཛིན་གསུམ་སྡེ་ཚན་ཐ་དད་དུ་ཕྱེ་བ་དང་། དེ་རྣམས་མང་ཚོགས་ཀྱིས་མང་མོས་འོས་འདེམས་ཀྱི་ཐོག་ནས་ཡོང་དགོས་པའི་མང་གཙོའི་རིང་ལུགས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་པ་དེ་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་དབུ་མའི་ལམ་དེ་རེད།” ཅེས་གདམས་ཡོད། དེ་བས་རང་སྐྱོང་གི་བསམ་འཆར་དེ་ཡང་མང་གཙོའི་ལམ་ལུགས་ཅན་ཞིག་དགོས་པ་བཤད་ཅི་ལ་དགོས།

ཁ༽ ང་ཚོའི་བཅའ་ཁྲིམས་ཀྱི་ངོས་ནས་ཀྱང་མ་འོངས་བོད་དེ་དམངས་གཙོའི་ལམ་ལུགས་ཅན་གྱི་སྤྱི་ཚོགས་ཤིག་ངེས་པར་ཡིན་དགོས་པ་བསྟན་ཡོད། བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། “མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང༌།” ཞེས་བཀོད་ཡོད། དོན་ཚན་འདིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཙམ་གྱི་ཆབ་སྲིད་རང་བཞིན་ལས་ འདས་ཏེ་གཙོ་བོ་མ་འོངས་པའི་བོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ངོ་བོ་གསལ་སྟོན་བྱས་ཡོད། ཁྱེད་ཅག་གིས་རང་སྐྱོང་གི་བསམ་འཆར་དེ་བཅའ་ཁྲིམས་ཀྱི་གཞི་རྩའི་ལམ་སྟོན་འདི་དག་དང་ཡང་འགལ་བར་ངོས་ལེན་རྒྱུ་ཡིན་ནམ།

ག༽རང་སྐྱོང་བསམ་འཆར་གྱི་གཞི་འཛིན་ས་ཀྲུང་གོའི་རྩ་ཁྲིམས་ཀྱི་ངོས་ནས་ཀྱང་དམངས་གཙོའི་རང་སྐྱོང་ཅན་ཞིག་ཡིན་དགོས་པ་ཧ་ཅང་གསལ་བོ་ཡིན། ཀྲུང་གོ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ཁབ་ཅིག་ཡིན་པ་རྩ་ཁྲིམས་ཀྱི་དོན་ཚན་དང་པོར་གཏན་ལ་ཕབ་ཡོད། ད་དུང་དོན་ཚན་གཉིས་པར། རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ཀྱི་ཡིན་པ་དང་། མི་དམངས་ཀྱིས་དབང་ཆ་སྤྱོད་པའི་ལས་ཁུངས་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་་ཁག་ཡིན་པ་བཀོད་ཡོད།

    དོན་ཚན་གསུམ་འི་ནང་ལ་རྒྱལ་ཁབ་ཀྱི་སྒྲིག་གཞིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བྱ་རྒྱུ་བཤད་ཡོད། དོན་ཚན་རེ་གཉིས་པ་སོགས་སུ་གྲོས་ཚོགས་ལ་ཁྲིམས་བཟོའི་དབང་ཆ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཙོ་གཞོན་འདེམས་བསྐོ་དང་དེ་དག་གནས་དབྱུང་གཏོང་བའི་དབང་ཚད་སོགས་ཡོད་པ་བཀོད་ཡོད། ལེའུ་གཉིས་པར། རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དང་། མི་དམངས་ལ་འདེམས་བྱེད་དང་གདམ་བྱའི་ཐོབ་ཐང་ཡོད་པ། གཏམ་བརྗོད་དང་། དཔེ་སྐྲུན། ཚོགས་འཛུགས། རྔམ་སྟོན་ཁྲོམ་སྐོར། ཆོས་ལུགས་དད་མོས་སོགས་ཀྱི་རང་དབང་ཡོད་པ་བཀོད་ཡོད།

    གོང་གསལ་འདི་ཙམ་གྱིས་རྩ་ཁྲིམས་ཀྱི་ངོ་བོ་དམངས་གཙོའི་རང་བཞིན་ཅན་ཡིན་པ་མཚོན་ཐུབ། དེ་བས་སྤྱི་ཚོགས་རིང་ལུགས་དེ་དམངས་གཙོའི་སྲིད་དབང་ཅན་ཞིག་ཡིན་དགོས། སྤྱི་ཚོགས་རིང་ལུགས་དང་དམངས་གཙོ་གཉིས་འགལ་བར་གྱུར་བ་ཞིག་གཏན་ནས་མིན། ད་དུང་དོན་ཚན་ ༡༡༢ པར། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་རང་ སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན།” ཞེས་པ་འདིས་མི་རིགས་ས་གནས་རང་སྐྱོང་དག་ནི་དམངས་གཙོའི་ལམ་སྲོལ་ཅན་ཡིན་པ་བསྟན་ཡོད་པས། ང་ཚོའི་རང་སྐྱོང་བསམ་འཆར་དེ་དམངས་གཙོ་མ་ཡིན་པའི་རང་སྐྱོང་ཞིག་ཡིན་སྙམ་པ་ནི་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རང་བཞིན་ཧ་མ་གོ་བའི་རྨོངས་འཆར་ལས་མ་འདས།

    དེ་བས་རང་སྐྱོང་བསམ་འཆར་ནང་ལ་དམངས་གཙོའི་དགོས་འདུན་དངོས་སུ་བཏོན་མེད་པ་ཙམ་གྱིས་དམངས་གཙོ་མི་དགོས་པར་སྒྲུབ་ཐབས་མེད་ལ། རང་སྐྱོང་བསམ་འཆར་གྱི་ཕྱོགས་ངོས་དུ་མ་ནས་དོན་གྱིས་དམངས་གཙོའི་ངོ་བོ་ཅན་དུ་གྲུབ་ཡོད་པས་དམངས་གཙོའི་རིང་ལུགས་ལག་ལེན་བསྟར་དགོས་པའི་དགོས་འདུན་དམིགས་བསལ་དུ་འདོན་དགོས་གལ་མེད་པ་རེད།

    གལ་ཏེ་རང་སྐྱོང་བསམ་འཆར་འདི་རྒྱ་གཞུང་གིས་ངོས་ལེན་གནང་ཚེ་ང་ཚོར་མི་རིགས་རང་སྐྱོང་ཙམ་ཞིག་རག་པ་མིན་པར་མི་རིགས་རང་བདག་གི་དམངས་གཙོའི་སྤྱི་ཚོགས་ཤིག་ཀྱང་ཐོབ་པ་ཡོད། དེ་བས་རང་བཙན་མ་གཏོགས་རང་སྐྱོང་ལམ་ལུགས་ཀྱིས་མི་རིགས་རང་སྐྱོང་ཚད་ལྡན་ཞིག་སྐྱོང་མི་ཐུབ་པར་འདོད་པའི་རྣམ་རྟོག་རིགས་ཀྱང་ཞོར་དུ་ཞི་བའི་རེ་བ་ཡོད། “ ནད་བརྒྱ་ལ་ཕན་པའི་སྨན་ཞིག་ཡོད་པ་རེད། སྨན་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཅེ་ན། རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན་གནད་དོན་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་བ་རེད།” ཅེས་པའི་ཡིད་བཞིན་ནོར་བུའི་མན་ངག་འདི་ང་ཚོའི་སེམས་ལ་བཅངས་ཏེ། རྒྱ་ནག་གིས་རང་ལ་ཡོད་པའི་དམངས་གཙོའི་ཆ་ཤས་ཚང་མ་ལག་བསྟར་ཡང་དག་གནང་དགོས་པ་དང་། དམངས་གཙོ་ཚད་མཐོར་གཏོང་དགོས་པར་སྐུལ་འདེད་བྱེད་རྒྱུ་ནི་ཀྲུང་གོའི་མི་ དམངས་ཡོངས་ཀྱི་མངོན་འདོད་དང་མཐུན་པའི་བྱ་བ་བཟང་པོ་ཞིག་ཡིན། གནད་དོན་མཐའ་སེལ་ནུས་ཀྱི་ཐབས་མཆོག་དམ་པ་དེ་ཡིན།

    མཐའ་དོན། ང་ཚོ་དམངས་གཙོ་གལ་ཆེ་ཤོས་ཀྱིས་བོད་དོན་འཐབ་རྩོད་བྱེད་མཁན་གྱི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་དང་། རྒྱ་ནག་གི་མི་རིགས་རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་སོགས་དམངས་གཙོ་ཚད་ལོངས་ཤིག་མེད་པའི་གནད་དོན་ཡིན་པ་ཤེས་བཞིན་དུ་དམངས་གཙོ་རྩོད་མི་དགོས་པའམ་མི་འོས་པ་ཞིག་ཡིན་པར་དགོངས་པ་ནི་ཧ་ཅང་མི་འོས། རྗེས་མ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དམངས་གཙོ་རྩོད་རྒྱུར་ཐུགས་འཛེམ་ཆེ་ན་ཡང་། ང་ཚོར་དམངས་གཙོ་དགོས་ཞེས་རྩོད་ཀྱི་མེད་ཅེས་ཞུ་དགོས་པ་མ་རེད། དེ་ཆེས་མི་འོས་པ་ཞིག་ཡིན་པར་མ་ཟད་བོད་དོན་རྒྱབ་སྐྱོར་བའི་ཐད་ནས་ཀྱང་སྐྱོན་ཡོང་བ་ཞིག་རེད།

སླར་སྨྲས་པ།

ཀྲུང་གོའི་རྩ་ཁྲིམས་རང་གི་བཅའ་ཁྲིམས་དང་། དབུ་མའི་ལམ་གྱི་དབུ་ཁྲིད་མཆོག་དག་གི

རང་སྐྱོང་ངོ་བོ་དམངས་གཙོ་ཡིན་ངེས་ན། དམངས་གཙོ་མི་རྩོད་མི་དགོས་མ་གསུངས་ཀྱེ།

འབྲེལ་ཡོད་གསར་འགྱུར།

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག པར་འབྲེལ་ཡོད་ནས་འདི་གའི་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༥།༥།༣༠
Mobile App

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༩
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༨

མཆན། 43

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཧ་ཧ་ཧ་ཧ་ཧ་་་དེས་ན་ད་ཨ་ཀྲད་ཐེད་པོ་དེ་གོན་གི་རྒྱུགས་ལོ། དོན་ངོ་མ་ད་ཁས་ལེན་ཤོར་སོང་ང། ཧ་ཧ་ཧཧ་་་་

    Reply
  2. བཙན་པོའི་བུ། says:
    ལོ་ 12 སྔོན།

    སླར་ཡང་དཔེ་དོན་ཡོངས་སུ་འགལ་བའི་ཚིག་བཅད་ཤིག་འདུག ཆབ་བྲག་ལགས།
    དོན་དངོས་ལ་གཞིགས་ཏེ་བསམ་བློ་གཏོང་དགོས་པ་ལས་འཕྲུལ་སྣང་དང་རྟོགས་འཆར་གྱི་གླིང་དུ་ཕྱིན་ན། གང་ཡང་ཡོང་ཐབས་མེད་པ་རེད། ངས་ཟེར་ན། ང་ཚོར་དགོས་པ་དེ་ལྷམ་རེད་མ་གཏོགས་ཞ་མོ་མ་རེད། གང་ཡིན་ཟེར་ན། ཞ་ལས་ལྷམ་དགོས་མཁོ་ཆེ་ངེས་ཡིན། དེ་ལ་རྒྱུ་མཚན་འགོད་མི་དགོས་པར་ཁྱེད་རང་གིས་ཤེས་གསལ་རེད། མགོ་བོའི་སྟེང་གི་ཞོ་མོ་དེ་ཕྱི་ཚུལ་ནས་མཛེས་ཉམས་དོད་ཀྱང་དོན་དུ་ལྷམ་ལས་དགོས་མཁོ་ཆུང་ལ་ནུས་པའང་ཆུང་གི་རེད། ང་ཚོས་མགོ་ལ་ཞ་མོ་མེད་པར་མདུན་སྐྱོད་བྱེད་ཐུབ་ཀྱང་རྐང་ལ་ལྷམ་མེད་པར་མདུན་སྐྱོད་བྱ་རྒྱུ་ཁག་པོ་རེད་རེད། དེས་ན། ག་དུས་ཡིན་རུང་དོན་ལ་དགོངས་ནས་གསུངས་ན་ཡག་པ་ཡོད་འགྲོ། འདུག་སེ་བལྟ་དུས། ཁྱེད་རང་ར་ཡིས་བཟི་བ་འདྲ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་ཀྱི་རང་སྐྱོང་ཞྭ་དང་འདྲ། རྒྱ་ནག་འོག་གི་རང་སྐྱོང་ལྷམ་དང་འདྲ།
    མ་འོངས་བོད་ཀྱི་རང་སྐྱོང་ཞྭ་འདྲ་དགོས། འདི་ལ་མིང་དོན་མཚུངས་པའི་རང་སྐྱོང་ཟེར།

    Reply
  4. བཙན་པོའི་བུ། says:
    ལོ་ 12 སྔོན།

    སྐུ་ཞབས་ལྷ་མོ་ལགས། དབུ་མའི་ལམ་གྱི་སྒྲོམ་གཞིའི་ནང་མང་གཙོ་ཡོང་ཆོག་གི་རེད། གང་ཡིན་ཟེར་ན། དབུ་མའི་སྲིད་བྱུས་ནི་ཧ་ཅང་གི་གུ་ཡང་གི་ལྟ་བའི་སྟེང་ནས་གཏན་ལ་ཕབ་པ་ཞིག་རེད། འོན་ཀྱང་། དབུ་མའི་སྲིད་བྱུས་ཀྱི་དམིགས་འབེན་དེ་མིང་དོན་མཚུངས་པའི་རང་སྐྱོང་དེ་རེད། ད་ལྟའི་བོད་ནང་གི་རང་སྐྱོང་དེ་མིང་དོན་མཚུངས་ཀྱི་མེད་ལ་ཐ་ན་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ཚད་ཀྱང་བསླེབས་མེད། དེས་ན། ཁྱེད་རང་གི་རྒྱ་གར་མང་གཙོའི་ནང་གི་བཙན་བྱོལ་སྲིད་གཞུང་དང་། བོད་ནང་གི་རང་སྐྱོང་གཉིས་བསྡུར་བ་ནི་ཞ་དཔེ་ལྷམ་འགེབས་རང་རེད། གང་ཡིན་ཟེར་ན། དེ་གཉིས་སྲིད་སྐྱོང་ལམ་ལུགས་ཧ་ཅང་ཐ་ཐད་ཡིན་པའི་ཡུལ་གྲུ་མི་འདྲ་བ་གཉིས་ཀྱི་ནང་དུ་ཡོད་པའི་ཕྱིར། རྒྱུ་མཚན་དེ་ལ་བརྟེན་ནས་ངས་གལ་སྲིད་དབུ་མའི་ལམ་གྱི་དམིགས་དོན་མང་གཙོ་ཡིན་ན་ཐོག་མར་རྒྱ་ནག་མང་གཙོར་བསྒྱུར་ཐབས་བྱེད་དགོས་བཅས་བཤད་ཡོད། ཆབ་བྲག་ལགས། སྙན་ངག་ནི་སྙན་ངག་རང་རེད། ཡོད་ཚད་འུར་གཏམ་དང་། ཚོར་བ། རྟོགས་འཆར་ལས་བསྐྲུན་པ་ཞིག་ལས་གཞན་ཅི་ཡང་མིན། དེས་ན་ཁྱེད་ཀྱིས་བྲིས་པ་དེ་ཡང་སྤྲིན་པ་དང་། མེ་ཏོག། རྩ་ཐང་སོགས་ལ་སྦྱར་ནས་བྲིས་པའི་སྙན་ངག་ཙམ་ལས་གོ་རྒྱུ་ཡོད་པའི་སྐད་ཆ་གཅིག་ཀྱང་མི་འདུག

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དམངས་གཙོ་ཡིན་ན་དབུ་ལམ་མ་ཡིན་ཡང། དབུ་མའི་ལམ་ན་དམངས་གཙོའི་ལམ་ཡང་ཡོད།
    སྐད་ཡིག་ཆོས་ལུགས་རིག་གཞུང་ཁོར་ཡུག་བཅས། རང་དབང་སྲུང་སྐྱོབ་ཐུབ་དང་མི་ཐུབ་གནད། མཐའ་རུ་གཏུགས་ན་དམངས་ག༷ཙོ་ཉིད་ལ་ཐུག
    དམངས་གཙོ་ཾམེད་པའི་རང་སྐྱོང་དེང་གི་བོད། དམངས་གཙོ་ཡོད་པའི་རང་སྐྱོང་བཙན་བྱོལ་བོད། འདི་གཉིས་ཁྱད་པར་གསལ་བོ་རྟོགས་གྱུར་ན། མིང་དོན་མཚུངས་པའི་རང་སྐྱོང་གོ་བར་ནུས།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    བཙན་པོའི་བུ་ན་བཙན་པོའི་བུ། ཨུ་ཚུགས་བཙན་པོ་འདི་ཅི་ཞིག
    མངོན་སུམ་སྣང་བའི་ཡིག་ཆ་ལ། ད་དུང་བསྙོན་པ་འདི་ཅི་ཞིག
    དྲིས་པའི་ཚིག་ལ་ལན་མེད་ན། ཟེར་སྒྲོས་འཆར་སྣང་ཙམ་གྱིས་ཅི།

    རང་སྐྱོང་བསམ་འཆར་གྱི་དོན་ཚན་དྲུག་པ་རང་སྐྱོང་གི་ངོ་བོ་དང་སྒྲིམ་གཞིའི་ནང་ལ་ང་ཚོའི་རང་སྐྱོང་གི་ལམ་ལུགས་དང་དབང་ཚད་དེ་དག་རྣམ་པ་ཅི་འདྲ་ཞིག་དགོས་པ་དང་ཚད་གཞི་ག་འདྲ་ཞིག་དགོས་པ་གསལ་བོར་བསྟན་ཡོད། སྐབས་དོན་གླེང་གཞི་ཡང་འདི་རང་ལས་དགོས་འདུན་དེ་ཐོབ་མིན་དང་མ་འོངས་པར་ག་འདྲ་ཆགས་མིན་སྐོར་གླེང་གིན་མེད་དོ།

    Reply
  7. བཙན་པོའི་བུ། says:
    ལོ་ 12 སྔོན།

    དབུ་མའི་ལམ་གྱི་དགོངས་དོན་གཙོ་བོ་བོད་རྒྱ་གཉིས་ཀྱི་གནད་དོན་དེ་གཉིས་ཕན་ཐོག་ནས་སེལ་ཐབས་དེ་རེད་མ་གཏོགས་དེའི་ནང་མང་གཙོ་དགོས་མི་དགོས་དེ་གཙོ་འདོན་གང་ཡང་གནང་མེད། དེ་གཅིག་ཡིན། དེང་སང་མང་གཙོ་དང་དབུ་མའི་ལམ་གཉིས་གཞི་གཅིག་ལ་བཞག་ནས་འགྲེལ་ལོག་སྐྱོན་ན་འགྲིག་ཨ་ཡོང་།

    Reply
  8. བཙན་པོའི་བུ། says:
    ལོ་ 12 སྔོན།

    ཆབ་བྲག་ལགས། སླར་ཡང་སྐུ་ཉིད་འཕྲུལ་ཚར་འདུག བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྐྱོང་དགོས་འདུན་བཏོན་པའི་དམིགས་འདུན་གཙོ་བོ་དེ་བོད་ཀྱི་ངོ་བོ་དང་། ཆོས་རིགས་སྲུངས་སྐྱོབས་བྱ་རྒྱུ་དེ་རེད། དེ་ལས་ལོགས་པའི་མང་གཙོ་ཞིག་མང་པོའི་སྲིད་གཞུང་ནས་རག་སྲིད་དམ། ཁྱེད་རང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནད་དོན་དེ་དང་མ་འཕྲུལ་བ་གནང་རོགས། དེ་གཅིག་ཡིན། གཉིས་ནས། རྒྱ་ནག་དེ་མང་གཙོར་འགྱུར་ཀྱང་བོད་དོན་སེལ་བའི་ངེས་པ་སུ་ཞིག་ལའང་མེད་པ་རེད། ཐ་ན་ཆབ་སྲིད་པ་མི་ཉུང་བ་ཞིག་གིས་རྒྱ་ནག་མང་གཙོ་ཆགས་ཚེ་བོད་དོན་སེལ་རྒྱུར་དཀའ་ཁག་འཕྲད་སྲིད་ལུགས་ཀྱང་བརྗོད་ཀྱི་ཡོད་པ་རེད། ང་ཚོས་བལྟ་དགོས་པ་དེ་དོན་དངོས་རེད་མ་གཏོགས་རྨི་ལམ་དང་རང་མོས་སྙན་ངག་གི་སྒྲོ་བཏགས་དེ་རིགས་མ་རེད་ཏོ།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    བཙན་པོའི་བུ་མིང་ཅན། དབུ་མའི་ལམ་གྱི་རང་སྐྱོང་གི་ཚད་གཞིའི་ཆ་ནས་ཅུང་ཟད་མར་བབས་ཡོད་པ་སུས་ཀྱང་ཤེས། ངས་ཁྱོད་ལ་འདྲི། འོ་ན་དུས་ནམ་ཞིག་ནས་དབུ་མའི་ལམ་ལ་དམངས་ག༷ཙོ་མི་དགོས་པ་ཞིག་ཆགས་པ་རེད། སུས་ཐག་བཅད་པ་རེད།
    སྐབས་དོན་རང་སྐྱོང་གི་བསམ་འཆར་མིག་མདུན་ན་ཡོད་ཡོད་པ་འདིའི་ཚད་གཞི་ལ་བསམ་བློ་ཡག་པོ་ཞིག་གཏོང་རོགས། སློབ་སྦྱོང་བྱོས། ང་ཚོར་ནང་གི་རང་སྐྱོང་དབང་ཚད་གཙང་མ་དགོས་པ་གསལ་བོར་བསྟན་ཡོད་པ་རེད། དེ་དེ་བཞིན་ནོ། ལགས་སོ་ཟེར་ནས་འགྲོ་གི་ཡོད་པ་མ་རེད། ང་ཚོར་ནང་གི་དབང་ཚད་གཙང་མ་བྱུང་ན་ད་དུང་ཡང་དམངས་ག༷ཙོའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་མིན་ནམ། བྱེད་མི་ཆོག་དོན་ཅི་རེད།
    ཁྱོད་ཚོས་དབུ་མའི་ལམ་གྱི་རང་སྐྱོང་གི་བསམ་འཆར་འདིར་མཐོང་ཆུང་བྱེད་རྒྱུ་ཐལ་དྲགས་འདུག་ག ཧཧཧཧཧཧདེ་འདྲ་ལས་སླ་བོ་ཞིག་མ་རེད་དོ།

    Reply
  10. བཙན་པོའི་བུ། says:
    ལོ་ 12 སྔོན།

    བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དཀྱིལ་འཁོར་ནང་ཡོད་པའི་ཐོབ་ཐང་ཞིག་རེད་མ་གཏོགས་དེ་ལས་ལྷག་པའི་མང་གཙོ་ཞིག་ང་ཚོས་བརྩོད་ཀྱི་ཡོད་པ་ངས་ངོས་འཛིན་བྱེད་ཀྱི་མེད། གལ་སྲིད་དེ་ལྟར་ཡིན་ན། ང་ཚོས་ཐོག་མར་རྒྱ་ནག་དེ་མང་གཙོར་སྒྱུར་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་ཡོད། དེ་ནས་རིམ་པས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རེ་བ་རྒྱག་ཆོག་གི་རེད། འོན་ཀྱང་། དེ་ལྟ་བུའི་ཐབས་བྱུས་ཟིན་ཚེ་དབུ་མའི་ལམ་དེ་བོད་ཀྱི་མིག་སྔའི་ཛ་དྲག་གི་གནས་སྟངས་ལས་སྐྱོབས་པའི་ཐབས་ལམ་ཞིག་ཆགས་ཀྱི་མེད། གང་ཡིན་ཟེར་ན། ང་ཚོའི་དམིགས་དོན་གཙོ་བོ་དེ་དང་པོ་མང་གཙོ་ཆགས་པ་རེད། ཆབ་བྲག་ལགས། ཁྱེད་རང་གིས་ཆབ་སྲིད་ཤེས་ཀྱི་མི་འདུག མ་མཐར་དབུ་མའི་ལམ་གྱི་དགོངས་དོན་ཀྱང་རྟོགས་ཀྱི་མི་འདུག ད་བར་སྤྱི་འཐུས་ནང་ག་རེ་ནང་ནས་བཞུགས་པ་ཡིན། ང་ཚོའི་སྤྱི་ཚོགས་ནང་སྙན་ངག་ཚིག་རེ་གཉིས་འབྲི་ཤེས་མཁན་དེ་དག་ལ་སྙན་ངག་པ་དང་། རྩོམ་པ་པོ་ཞེས་བོང་བུར་གསེར་སྒ་རྒྱབ་པར་བརྟེན་བོང་པོའི་རང་མདོག་རིམ་པས་སྟོན་ཡོང་གི་འདུག་ཀ

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    རེད་རེད་་ཉི་མ་མ་ཆོད་པར་འདིར་དུས་ཚོད་སྟོང་ཟད་གཏོང་གིན་ཡོད། ཧཧཧཧཧཧ

    ངས་དེང་རང་སང་རང་སྐྱོང་བསམ་འཆར་སྐོར་གླེང་གིན་ཡོད། དེ་སྔོན་ཞིག་གི་ལུང་གང་ཡང་དྲངས་མེད་ལགས། རང་སྐྱོང་བསམ་འཆར་གྱི་དོན་ཚན་དྲུག་པ་འདིར་སློབ་སྦྱོང་གནང་རོགས། དེ་ནས་དགག་ལན་ཡོད་མེད་ལྟོས།

    དྲུག་པ། རང་སྐྱོང་གི་ངོ་བོ་དང་སྒྲིམ་གཞི།

    རང་སྐྱོང་མིང་དོན་མཚུངས་པ་བྱུང་མིན་གོང་གསལ་རང་སྐྱོང་བྱེད་སའི་གནད་དོན་འདི་དག་ཐད་བོད་མིའི་རང་སྐྱོང་དང་རང་སྲིད་རང་སྐྱོང་བྱེད་རྒྱུའི་ཚད་གཞི་དང་བྱེད་ཐབས་ག་འདྲ་ཞིག་སྤྱད་མིན་ལ་རག་ལུས་ཀྱི་ཡོད། དེར་བརྟེན་བསམ་ཞིབ་བྱེད་དགོས་པ་ནི་བོད་མི་རིགས་ཀྱི་དམིགས་བསལ་གནས་སྟངས་དང་གཞི་རྩའི་དགོས་མཁོར་འཚམས་པའི་རང་སྐྱོང་གི་ཁྲིམས་ལུགས་བཟོ་རྒྱུ་དང་ལག་བསྟར་བྱེད་ཕྱོགས་ཇི་འགབ་རེད།

    མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང་། གཞུང་གི་སྒྲིག་འཛུགས་ཁག དེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་༼ རང་སྐྱོང་གི་གནད་དོན་གོང་དུ་གསལ་བ་རྣམས་ལ་གོ ༽ཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང་། རང་སྐྱོང་གཞུང་གི་ལས་ཁུངས་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོག་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན། དབུས་གཞུང་རྒྱལ་ཁབ་རིམ་པའི་ཐག་གཅོད་བྱེད་མཁན་ཁོངས་ངོ་ཚབ་ཡོད་པ་དང་དོན་སྙིང་ལྡན་པའི་ཆ་ཤས་བླང་རྒྱུ་ཡང་རང་སྐྱོང་ནང་ཚུད་ཡོད། རང་སྐྱོང་ཚགས་ཚུད་པོ་ཡོང་བར་གྲོས་བསྡུར་བྱེད་རྒྱུའི་ཐབས་ལམ་ཕན་ནུས་ཅན་དང་། ཕན་ཚུན་འབྲེལ་ལམ་ཉེ་བོའམ་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཁག་དབུས་དང་ས་གནས་ཀྱི་གཞུང་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཡོད་དགོས།

    མིང་དོན་མཚུངས་པའི་རང་སྐྱོང་ཆ་རྐྱེན་གལ་ཆེ་ཤོས་གཅིག་གི་རྩ་ཁྲིམས་དང་ཁྲིམས་ཡིག་གཞན་ནས་རང་སྐྱོང་ས་གནས་ལ་སྤྲད་པའི་དབང་ཆ་དང་ལས་འགན་རྣམས་ཕྱོགས་གཅིག་རྐྱང་པའི་ངོས་ནས་རྩིས་མེད་དམ་བཟོ་བཅོས་མི་ཆོག་པའི་འགན་ལེན་བྱེད་རྒྱུ་རེད། དེའི་གོ་དོན་ནི་དབུས་དང་རང་སྐྱོང་ས་གནས་ཀྱི་གཞུང་སུ་ཡིན་རུང་ཕྱོགས་གཞན་གྱི་བཀའ་འཁྲོལ་མེད་པར་ཕྱོགས་གཅིག་རྐྱང་བའི་ངོས་ནས་རང་སྐྱོང་གི་གཞི་རྩའི་ཆ་རྐྱེན་ཁག་ལ་འགྱུར་བཅོས་གཏང་མི་ཆོག་པ་རེད།

    བོད་དང་བོད་མིའི་གནས་སྟངས་དང་དགོས་མཁོར་འཚམས་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཁྱབ་ཚད་དང་ཁྱད་ཆོས་རྣམས་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་ ༼ མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུའི་ནང་གསལ་ཡོད། ༽ ནང་གསལ་བའི་ཆ་རྐྱེན་གཞིར་བཟུང་རང་སྐྱོང་བྱེད་ཕྱོགས་ཀྱི་སྲོལ་ཡིག་ནང་འགྲེལ་བརྗོད་ཞིབ་ཕྲ་བཀོད་དགོས། ཡང་ན་གལ་སྲིད་འོས་འཚམས་བྱུང་ན་དེའི་ཆེད་ཟུར་དུ་ཁྲིམས་ཡིག་གཏན་འབེབས་བྱེད་ཆོག རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་གཅིག་ཐེ་བའི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་ལམ་ལུགས་ལ་བརྩི་བཀུར་བྱེད་པའི་སྒོ་ནས་བོད་ལྟ་བུ་དམིགས་བསལ་གནས་བབ་ཡོད་མཁན་ལ་དམིགས་བསལ་གནས་བབ་དང་འཚམས་པའི་གུ་བཤངས་བྱེད་རྒྱུའི་ཆ་རྐྱེན་གསལ་ཡོད།

    རྩ་ཁྲིམས་ལེའུ་གསུམ་པིའ་ས་བཅད་དྲུག་པའི་ནང་མི་རིགས་ས་གནས་རང་སྐྱོང་ལ་རང་སྐྱོང་གི་གཞུང་དང་། ཁྲིམས་བཟོའི་དབང་ཆ་ཡོད་པའི་ངོས་འཛིན་བྱེད་ཡོད། དེར་བརྟེན་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་ནང་༼ མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང་གསལ་ཡོད། ༽ ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྲིམས་ཡིག་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་སྲོལ་ཡིག་གཏན་འབེབས་བྱེད་རྒྱུའི་དབང་ཆའི་སྐོར་འཁོད་ཡོད། དེ་མཚུངས་རྩ་ཁྲིམས་ནང་གནད་དོན་མང་པོའི་ཐོག་འཛིན་སྐྱོང་རང་སྐྱོང་བྱེད་རྒྱུའི་དབང་ཆ་་དང་། ༼ རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་བདུན་ནས་བརྒྱ་དང་ཉི་ཤུ་བར། ༽ དེ་བཞིན་རང་སྐྱོང་ལས་ཁུངས་ཀྱི་ས་གནས་ཀྱི་དགོས་མཁོ་དང་འཚམས་པར་དབུས་གཞུང་དང་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མའི་ཁྲིམས་སྲོལ་དང་སྲིད་བྱུས་རྣམས་ས་གནས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་གུ་བཤངས་ལག་བསྟར་ཆོག་པའི་ངོས་འཛིན་བྱས་ཡོད། ༼ རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ། ༽

    གོང་འཁོད་ཁྲིམས་ཀྱི་ཆ་རྐྱེན་འདི་དག་གིས་རང་སྐྱོང་ལས་ཁུངས་ཀྱི་ཐག་གཅོད་བྱེད་རྒྱའི་དབང་ཚད་ལ་འགོག་རྐྱེན་ངེས་ཅན་བཟོ་རྒྱུ་དང་། རྩ་ཁྲིམས་ནང་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་དགོས་མཁོ་དང་འཚམས་པའི་ཁྲིམས་བཟོ་རྒྱུ་དང་། སྲིད་བྱུས་ཐག་གཅོད་བྱེད་རྒྱུའི་ལྟ་གྲུབ་ངོས་འཛིན་བྱས་ཡོད་པ་མ་ཟད་། དེ་དག་དབུས་གཞུང་ཐེ་བས་ལས་ཁུངས་གཞན་གྱི་གཏན་འབེབས་དང་མི་མཐུན་པའང་ཡོང་ཆོག་ཚུལ་གསལ་ཡོད། ང་ཚོས་གསལ་འདོན་བྱས་པ་ལྟར་བོད་མིའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་དང་གུ་ཡངས་པོའི་སྒོ་ནས་མཐུན་གྱི་ཡོད་ཀྱང་། ལག་ལེན་དངོས་ཀྱི་ཐོག་ལྟ་གྲུབ་དེ་དག་དོན་འཁྱོལ་ཡོང་བར་ད་ལྟའི་ཆར་དཀའ་ངལ་སྣ་ཚོགས་ཀྱི་དབང་གིས་འགོག་རྐྱེན་ནམ། ནུས་མེད་བཟོས་ཀྱི་ཡོད།

    མིང་དོན་མཚུངས་པའི་རང་སྐྱོང་བྱེད་པར་དཔེར་ན་དབང་ཆ་ཆ་བགོས་དང་། དེ་བཞིན་དབུས་དང་རང་སྐྱོང་ས་གནས་གཞུང་གཉིས་བར་གནད་དོན་བྱེད་བྲག་པའི་ཐོག་སོ་སོའི་ལས་འགན་ཆ་བགོས་གསལ་པོ་དགོས་ཀྱི་ཡོད། ད་ལྟའི་ཆར་དེ་འདྲའི་གསལ་ཁ་མེད་པ་མ་ཟད་། རང་སྐྱོང་ས་གནས་ཀྱི་ཁྲིམས་བཟོའི་དབང་ཚད་གཏན་མ་འཁེལ་བ་དང་འགོག་རྐྱེན་ཚབས་ཆེ་ཡོད་མུས་རེད། དེར་བརྟེན་ཕྱོགས་གཅིག་ནས་རྩ་ཁྲིམས་ནང་རང་སྐྱོང་ས་གནས་ལ་ཁྲིམས་དོན་མང་པོའི་ཐོག་ཁྲིམས་བཟོ་རྒྱུའི་དམིགས་བསལ་དགོས་མཁོ་ངོས་འཛིན་བྱས་ཡོད་ཀྱང་། དེ་དག་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་གཞིར་བཟུང་དབུས་གཞུང་གི་ལས་ཁུངས་མཐོ་ཤོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ནས་བཀའ་འཁྲོལ་འཐོབ་དགོས་ཀྱི་ཡོད་སྟབས་རང་སྐྱོང་གི་ལྟ་གྲུབ་འདི་དག་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད་། དངོས་སུ་དེ་འདྲའི་བཀའ་འཁྲོལ་དགོས་པར་འཁོད་པ་དེ་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཁོ་ན་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དཀྱུས་མ་ཁག་༼ རང་སྐྱོང་མ་ཡིན་པ་ལ། ༽ དེ་འདྲའི་བཀའ་འཁྲོལ་དགོས་ཀྱི་མེད་པ་མ་ཟད་། གཏན་འབེབས་བྱས་པའི་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ལ་ཐོ་འགོད་ཆེད་སྙན་གསན་ཙམ་ལས་ཞུ་དགོས་ཀྱི་མེད། ༼ རྩ་ཁྲིམས་དོན་ཚན་བརྒྱ་ཐམ་པ། ༽

    རང་སྐྱོང་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱང་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་གཞིར་བཟུང་ཁྲིམས་དང་སྲོལ་ཡིག་མང་དག་ཅི་ལ་བསྟུན་དགོས་པ་བཟོས་ཡོད། ཁྲིམས་ཁ་ཤས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཀྱི་ཡོད་པ་དང་། ཁ་ཤས་ནི་ཕན་ཚུན་མི་མཐུན་པ་ཡང་ཡང་གི་ཡོད། དེར་བརྟེན་རང་སྐྱོང་གི་ཚད་གཞི་ངོ་མ་དེ་གང་ཡིན་མིན་གསལ་པོ་མེད་པ་དང་གཏན་མ་འཁེལ་བ་ཆགས་ཡོད། གང་ཡིན་ཟེར་ན་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མས་ཁྲིམས་དང་སྲོལ་ཡིག་གཏན་ལ་ཕབ་པ་དང་། ཐ་ན་སྲིད་བྱུས་འགྱུར་བ་བཏང་བ་སོགས་ཕྱོགས་གཅིང་རྐྱང་པའི་ངོས་ནས་འགྱུར་བ་བཏང་གི་ཡོད། དབུས་དང་ས་གནས་གཞུང་བར་རང་སྐྱོང་གི་ཚད་གཞི་དང་ལག་བསྟར་བྱེད་ཕྱོགས་སྐོར་མི་མཐུན་པ་བྱུང་ན་དེ་དག་ཐག་གཅོད་བྱེད་ཐབས་སམ་གྲོས་བསྡུར་བྱེད་རྒྱུའི་བརྒྱུད་ལམ་འདེང་ངེས་མེད། དོན་དངོས་ཐོག་གཏན་འབེབས་གསལ་བོ་མེད་པ་དེས་ས་གནས་ཀྱི་དབང་འཛིན་པ་ཚོས་ལས་དོན་འགན་འཁུར་བླང་རྒྱུར་འགོག་རྐྱེན་དང་། ད་ལྟའི་ཆར་བོད་མིའི་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད།
    ད་ལྟའི་གནས་སྐབས་སུ་ང་ཚོས་གནད་དོན་འདི་དག་སྐོར་དང་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་ད་ཡོད་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲའི་སྒོ་ནས་འགྲེལ་བརྗོད་བྱེད་འདོད་མེད་ཀྱང་། མ་འོངས་པར་གྲོས་མོལ་སྐབས་འོས་འཚམས་ཀྱི་སྒོ་ནས་ཐག་གཅོད་ཡོང་ཆེད་དཔེ་མཚོན་གྱི་ཚུལ་དུ་འདི་དག་ཞུས་པ་ཡིན། ང་ཚོས་མུ་མཐུད་རྩ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ཡིག་ཁག་སློབ་སྦྱོང་བྱེད་རྒྱུ་དང་། དུས་ཚོས་འོས་འཚམས་ཐོག་ང་ཚོས་གང་ཤེས་པ་ལྟར་ཞིབ་འཇུག་བྱས་འབྲས་རྣམས་མཁོ་འདོན་བྱེད་རྒྱུ་ཡིན

    Reply
  12. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    ཆབ་བྲག་ལགས།
    རྒྱས་པར་འཆད་ལོང་མི་འདུག་ཀྱང་། བལྟས་ཡོང་ན་དེང་སང་ཁྱོད་ཉིད་དུས་ཁོམ་ཞེ་དྲག་ཡོད་པ་འདྲ། དེས་ན་ཧ་ཅང་བཟང་གི། འདིར་ཁྱོད་ཉིད་རྟོག་སད་ཙམ་གྱི་ཆེད་དུ་གནད་ཀྱི་ཟུར་བརྡ་འགའ་ཤས་བསྟོན་འདོད་བྱུང་། དེས་ཁྱོད་ལ་ད་ཐེངས་བསྐྱར་ཞིབ་ཐབས་ལམ་གྱི་ཐད་ནས་རམ་འདེགས་གང་འཚམ་ཡོང་ངེས་པས་དུས་ཁོམ་སྤྱོད་པའི་སྒོ་ནས་དོན་སྙིང་ལྡན་པའི་གྲུབ་དོན་བརྙེད་པར་རེ།
    ༡༽ ཁྱོད་ཀྱིས་ཕྱི་ལོ་ ༡༩༧༩ ཡི་ལོ་ནས་བཟུང་སྟེ་ཕྱི་ལོ་ ༡༩༩༡ བར་གྱི་དབུ་མའི་དགོངས་དོན་གང་ཡིན་དང་། དེ་བཞིན་ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ གི་བར། ༢༠༠༢ ནས་ ༢༠༠༧ གྱི་བར། ༢༠༠༨ ནས་ ༢༠༡༣ བར་སོ་སོའི་དབུ་མའི་དགོས་འདུན་ཁག་ལ་དབྱེ་ཞིབ་གཟབ་ནན་ཞིག་གནང་དང་། ད་གཟོད་ཁྱོད་ཉིད་དབུ་མའི་ནང་དོན་འགྱུར་འགྲོས་ཀྱི་སྐོར་རྨོངས་གཉིད་ལས་སེལ་ངེས་ལ། ཁྱད་པར་ད་ལྟའི་དབུ་མའི་གནས་བབས་དེ་དོན་དངོས་ཚད་གཞི་གང་འདྲ་ཞིག་ཏུ་གནས་ཡོད་མེད་ཀྱི་དོགས་གནས་དེ་ངང་གིས་བསང་ཐུབ། དེ་མིན་རང་གིས་མི་ཤེས་བཞིན་དུ་ངོ་ཚ་དང་ཁྲེལ་གཞུང་མེད་པར་ཤེས་རློམ་གྱིས་གཞན་ཐམས་ཅད་ལ་ཆབ་སྲིད་ཀྱི་བལྟ་རྒྱ་དོག་ཚུལ་དང་གོ་རྟོགས་དམན་ཚུལ་སོགས་ཁྱི་རྒན་རུས་རྨུག་གི་ཨུ་ནན་བྱེད་པ་ནི་ངོ་མ་ཅི་འདྲའི་ངོ་གནོང་པ་ཞིག་མ་ཡིན་ནམ།
    གལ་སྲིད་ཁྱོད་ཀྱིས་ཡང་དག་པའི་བསྐྱར་ཞིབ་གྲུབ་རྗེས་ད་དུང་དཀའ་གནད་དམ་དོགས་གཞི་བྱུང་ཚེ་འབྲོག་ཕྲུག་བྷེ་ལོས་ཁྱོད་དང་ལྷན་དང་དགའ་སྤྲོའི་ངང་ནས་ཅིས་ཀྱང་དོན་གནད་རེ་རེ་བཞིན་བགྲོ་གླེང་དང་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱ་འདོད་ཤུགས་ཆེ་ཡོད།
    ད་མིན་ད་ལྟའི་ཁྱོད་ཀྱིས་ཕྱི་ནང་ཁྲིམས་སྒྲིག་གི་ཁུངས་ཡོད་མདོག་དང་། དོན་དངོས་གནས་ལུགས་དང་མཐུན་མདོག རང་ཉིད་མཁྱེན་པའི་བདག་པོ་ཡིན་མདོག་སོགས་ཀྱི་དོན་སྙིང་སྟོངས་པའི་ནུས་མེད་རིན་མེད་ཀྱི་བྱིས་གཏམ་དེ་དག་ལ་ཕྲན་ནས་བསྐྱར་དུ་དགག་སྒྲུབ་བྱ་འོས་མི་མཐོང་བས་དེ་ལུགས་ཐུགས་འཇགས་ཡོད་པར་འཚལ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    “ང་ཚོས་དམངས་གཙོ་ལག་ལེན་བསྟར་གྱི་ཡོད་ལ། དེ་ང་ཚོའི་མངོན་འདོད་ཀྱང་རེད། ཡིན་ནའང་དེ་དགོས་ཀྱི་ཡོད་ཟེར་གྱི་མེད་ཅེས་ལབ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཡིག་ཆའི་ནང་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། གསར་འགོད་པའི་མཆན།༽དམངས་གཙོ་དགོས་ཀྱི་ཡོད་ཅེས་བཀོད་ཡོད་པ་མ་རེད།”ཅེས་པ་སོགས་སྐྱོང་མཆོག་གིས་གྲོས་ཚོགས་ནང་ལ་གསུངས།

    “ཡིག་ཆ་སྤྲད་པའི་སྐབས་ལ་ཡོངས་བསྒྲགས་བྱས་པ་རེད། དེ་དུས་བསམ་ཚུལ་བཤད་དགོས་པ་ཞིག་ལས། ད་ལྟ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཤད་པ་ཙམ་གྱིས་གནས་ཚུལ་དེ་གླེང་དགོས་པ་ཞིག་ཆགས་ཀྱི་མེད། ཡིན་ནའང་། ད་ལྟ་ཚོགས་གཙོ་སྒེར་གྱི་བསམ་ཚུལ་ག་རེ་ཡིན་འདྲི་ཡི་ཡོད་པ་རེད། གང་ལྟར་ད་ལྟའི་བོད་ནང་གི་གནས་སྟངས་འདི་འདྲ་ཞིག་གི་འོག ང་ཚོ་བོད་ལ་ལོག་སྟེ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པའི་བསམ་བློ་འཁུར་དགོས་སྟབས། བོད་ནང་ལོག་པ་ཡིན་ན་ལམ་སང་ང་ཚོར་དམངས་གཙོ་དགོས་ཡོད། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ཅེས་ལབ་པ་ཡིན་ན། རྒྱ་ནག་མཉམ་དུ་སྐད་ཆ་བཤད་སའི་ལམ་ཀ་ཞིག་འགག་འགྲོ་གི་ཡོད་པ་རེད། སྤྱིར་བཏང་བོད་རྒྱ་འབྲེལ་མོལ་གྱི་སྲིད་བྱུས་འཛིན་སྟངས་དེ་ཐད་ཀར་གྲོས་ཚོགས་དང་འབྲེལ་བ་ཆགས་མེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་དེར་སྲིད་བྱུས་འཛིན་གྱི་ཡོད་པ་རེད། ད་ལྟའི་འཛིན་སྐྱོང་བཀའ་ཤག་གིས་ཀྱང་བཀའ་ཤག་སྐབས་སྔོན་མས་དབུ་མའི་ལམ་གྱི་ཡིག་ཆ་ཕུལ་བ་དེའི་འགྲེལ་བརྗོད་ནང་དུ་བཀོད་པ་བསྐྱར་ལེན་གནང་བ་རེད་མ་གཏོགས་གསར་བ་བཟོས་པ་གང་ཡང་ཆགས་ཀྱི་ཡོད་པ་མ་རེད།” ཅེས་པ་སོགས་ཚོགས་གཙོས་མང་གཙོའི་བགྲོ་གླེང་སྐབས་མི་མང་ནང་ལ་གསུངས།

    ཁོང་གཉིས་ཀྱི་དགོངས་པ་བཞེས་སྟངས་ལ། ང་ཚོས་དམངས་གཙོ་རྩོད་མི་དགོས་པ་དང་མི་འོས་པ་དེ་གཅིག་ནས་རང་སྐྱོང་བསམ་འཆར་གྱི་དགོངས་དོན་མིན་པ། གཉིས་ནས་ཞི་མོལ་ལ་འགོག་རྐྱེན་ཡོང་དོགས་གཉིས་རེད།
    ལྷག་པར་ཚོགས་གཙོས་ཚོགས་གཏམ་འདྲ་བོ་བཏང་འདུག ཤེས་ཡོན་ཅན་ཚོས་དོ་སྣང་མ་བྱས་པའི་སྐྱོན་རེད། སྔོན་མ་ནས་འདྲོགས་མི་ལངས་པར་ད་ལྟ་གཞི་ནས་ལངས་དགོས་པ་ཅི་རེད། འདྲ་བོ་གསུང་འདུག་ག
    ངས་བལྟས་ན་དབུ་ཁྲིད་རྣམ་པས་རང་སྐྱོང་བསམ་འཆར་ལ་སློབ་སྦྱོང་གཏིང་ཟབ་གནང་མི་འདུག དེ་སྔོན་རང་སྐྱོན་བསམ་འཆར་འབུལ་སྐབས་ང་གྲོས་ཚོགས་ནང་ན་ཡོད། བཀའ་ཁྲིས་རང་སྐྱོང་བསམ་འཆར་ནང་ན་དམང་སགཙོའི་དགོས་འདུན་མེད་པ་ཞིག་གསུངས་པ་ངས་དྲན་གྱི་མི་འདུག ངས་ཡིག་དེ་ནན་ཏན་བཀླགས་ནས་དེའི་ནང་ལ་ཚད་མཐོ་བའི་ཆ་རྐྱེན་འགའ་ཡོད་པ་གསལ་རྟོགས་བྱུང། ཚད་མཐོ་བོ་ཡོད་པས་རྒྱ་གཞུང་ནས་ཕྱེད་རང་བཙན་འདྲ་བོ་འདུག་ལབ་གི་ཡོད་པ་རེད།
    ཁྱེད་རང་ཚོས་རང་སྐྱོང་བསམ་འཆར་གྱི་དོན་དྲུག་པ་དེ་ཡག་པོ་ཞིག་ཀློགས། དེ་ནས་ཧ་གོ་གི་རེད།

    Reply
  14. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    བཀའ་འདྲི་ཞུ་ཡ་གཅིག་ལ་ སྐུ་ངོ་ཆབ་བྲག་ལགས་ནས་སྲིད་སྐྱོང་དང་། ཚོགས་གཙོ་རྣམ་པ་གཉིས་ནས་༼བཀའ་ཤག་སྐབས་སྔོན་མའི་རྒྱ་ནག་གཞུང་ལ་ཕུལ་བའི་རང་སྐྱོང་བསམ་འཆར་དེ་ནི་དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་ཡིན་ཚུལ་གྱི་གསུང་བཤད་ཤུགས་ཆེན་གནང་བ་༽ ཞེས་བཀའ་གནང་འདུག་པ་འདིའི་ཁུངས་གསར་བོ་རེ་ལམ་སྟོན་ཡོད་པ་ཞུ་རྒྱུ། དེ་ནས་ཚིག་བརྗོད་ཀྱི་ཆ་ནས་སྐུ་ངོ་ལགས་སྙན་ངག་པ་ཡིན་པས་གོ་བ་ལེན་སྟངས་ཡག་པོ་ཐུགས་སྣང་བྱུང་མེད་པ་འུ་ཡིན་བསམ་པའི་དོགས་པ་ཡོད།

    Reply
  15. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    ཤེས་ལྡན་དག་གིས་རྩོད་ཀྱི་ཡིན་ན་འཇམ་ནོར་གྱི་༼ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་བོད་རང་བཙན་གྱི་གནད་དོན་༽ཟེར་བའི་རྩོམ་ཡིག་དེ་ལ་རྩོད་དང་། ནང་དོན་ཁས་བླངས་མིན་ལ་མ་བལྟོས་པར་དངོས་གནས་རྩོམ་ཡིག་ཁུངས་ལུང་དྲངས་ཡོད་པ། སྒྲུབ་བྱེད་བཏང་ཡོད་པ་དེ་འདྲ་རེད་འདུག

    Reply
  16. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ང་ཚོར་ད་ལྟའི་གུང་ཁྲན་གྱི་མི་རིགས་རང་སྐྱོང་གིས་མི་ཆོག ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་དགོས། དེ་དགོས་ན་བོད་མི་ཚོར་རང་སྐྱོང་གི་རང་དབང་ཐོབ་ཐང་གཙང་མ་ཞིག་དགོས། དེ་དགོས་ན་ངེས་པར་མང་མོས་འོས་འཕེན་གྱི་དམངས་གཙོའི་ལམ་ལུགས་ཡོད་དགོས། དེ་མེད་ན་མི་རིགས་རང་སྐྱོང་གི་དབུ་ཁྲིད་སུས་བསྐོ་དགོས་པ་རེད། གང་ནས་ཡོང་དགོས་པ་རེད། སྐད་ཆ་གཞན་ཞིག་ནས་བཤད་ན་མ་འོངས་བོད་ཀྱི་རང་སྐྱོང་གི་ལམ་ལུགས་ནི་ད་ལྟ་ང་ཚོས་ལག་བསྟར་གནང་བཞིན་པ་དང་ཁྱད་པར་ཆེན་པོ་མེད། འདིར་ཡང་ང་ཚོར་རང་དབང་གི་མངའ་སྡེ་ལྟ་བུ་ཞིག་གི་དབང་ཚད་ལས་ཅང་མེད། འདི་འདྲ་ཞིག་མ་སྤྲད་ན་ང་ཚོ་ཕར་ལོག་གི་མ་རེད། དགོས་གི་མ་རེད། ད་ཧ་གོ་སོང་ངམ།
    ངའི་རྩོམ་ཡིག་དེ་ངའི་འཆར་སྣང་མིན། ཚང་མ་ལུང་དྲངས་ནས་བཤད་ཡོད།

    Reply
  17. བཙན་པོའི་བུ། says:
    ལོ་ 12 སྔོན།

    བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྐྱོང་ནི་བོད་རིགས་ཡོངས་ལ་རང་ཉིད་ཀྱི་ཆོས་རིག་ཐོབ་ཐང་དང་། ཚད་མཐོའི་འཛིན་སྐྱོང་གནས་བབ་རག་ཐབས་དེ་རེད་མ་གཏོགས་མང་གཙོ་གཙོ་དོན་དུ་བཞག་ནས་གསུངས་པ་ནི་གཏན་ནས་ཡིན་ཐོག་ཁ་པོ་མ་རེད། ཆབ་བྲག་གིས་དམར་པོའི་འོག་ནས་བོད་རིགས་ཡོངས་ལ་མང་གཙོ་དགོས་པ་ནི་དབུ་མའི་ལམ་གྱི་སྙིང་དོན་ཞིག་ཏུ་འཇོག་པ་ནི་མགོ་རྨོངས་པའི་སྐད་ཆ་རེད། དེ་ལྟར་ཡིན་ན། དམར་པོའི་སྲིད་དབང་འོག་ཏུ་དེའི་དབང་ཆའི་ཁྱབ་ཁོངས་འགར་མང་གཙོ་སྤྲོད་པའི་ལུགས་སྲོལ་ནི་ཡོད་མི་སྲིད། གལ་སྲིད་ཡོད་ད་ན་དེ་ནི་ཆབ་བྲག་གི་སྲིད་སྐྱོང་སྟངས་དེ་རེད། ལར་ནས། ཆབ་བྲག་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་དེ་སྔོན་ཁང་གསར་རྡོ་རྗེ་གཉིས་བརྩོད་སྐབས་གསལ་པོར་རྟོགས་སོང་། དེར་བརྟེན། རང་ཉིད་ཀྱིས་མི་འཇོན་པའི་དོན་ཞིག་ལ་ཨུ་ཚུགས་རྒྱབ་ནས་ལོག་འགྲེལ་བྱས་ན། དགེ་ལས་སྐྱོན་ཆེ་བས་སྨྲ་བ་ཉུང་ན་མཛེས་སམ།

    Reply
  18. བྱ་གཞུང་དཔལ་རྡོར། says:
    ལོ་ 12 སྔོན།

    རྩོད་ན་དོན་ལ་རྩོད་དགོས་པ་ལས། གང་ཟག་ལ་དམའ་འབེབས་བྱས་ན་དེ་རིག་པ་ལྡན་པའི་རྩོད་སྟངས་ཤིག་མ་ཡིན་པར། སྲང་ལམ་མདོའི་ཨ་ཕ་ར་བོ་ཚོས་རྩོད་སྟངས་རེད།

    Reply
  19. བྱ་གཞུང་དཔལ་རྡོར། says:
    ལོ་ 12 སྔོན།

    མང་གཙོ་རྩོད་ཀྱི་མེད་གསུངས་པ་དེ་རྒྱ་ནག་གི་རྩ་ཁྲིམས་འོག་གི་མི་རིགས་རང་སྐྱོང་བཅའ་ཁྲིམས་ལ་གཞི་བཞག་པ་ཏན་ཏན་རེད། རྒྱ་ནག་གིས་བརྗོད་བཞིན་པ་ལྟར་ནུབ་ཕྱོགས་རང་མོས་རང་ལུགས་ཀྱི་མང་གཙོ་དེ་ཁོང་ཚོའི་མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱིས་ཁས་ལེན་གྱི་མེད་པ་རེད། བྱས་ཙང་བོད་རྒྱ་འབྲེལ་མོལ་དེ་མི་རིགས་བཅའ་ཁྲིམས་རང་སྐྱོང་ལ་གཏུགས་པ་ལས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་རེ་བ་བརྒྱབ་ན་དོན་དང་མཐུན་པ་མ་ཟད། མང་གཙོ་ཡང་ཡོད་ཡོད་པ་རེད།

    Reply
  20. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    ཆབ་བྲག་ལྷ་མོ་ལགས། སྤྱིར་ན་ཁྱོད་ཉིད་ནི་བོད་མི་མང་གི་སྤྱི་ཟུར་ཞིག་ཡིན་པའི་ཆ་ནས་རྒྱ་བོད་ཆབ་སྲིད་ཀྱི་གནས་བབས་སྐོར་གང་འཚམ་ངེས་ཤེས་སྐྱེས་དགོས་ངེས་ཀྱང་། སླར་ཡང་ད་ལན་ཁྱོད་ཀྱིས་དབུ་མའི་དགོངས་དོན་གྱི་སྐོར་མགོ་མེད་མཇུག་བསྡོམས་ཀྱི་ཨུ་ཚུགས་ཀྱིས་ཡང་ཡང་བཀྲལ་བ་དེ་དག་ལ་བལྟས་ན། ཁྱོད་ཀྱིས་མ་མཐར་ཡང་དབུ་མའི་ནང་དོན་གྱི་འགྱུར་འགྲོས་སྤྱི་དང་། ཁྱད་པར་ད་ལྟའི་དབུ་མའི་ཚད་ཐིག་གི་གནས་བབས་གང་ཞིག་ཏུ་སླེབས་ཡོད་མེད་དང་། དེ་ལྟར་སླེབས་དོན་ཕྱི་ནང་གི་རྒྱུ་རྐྱེན་གང་དང་གང་ལ་ཐུག་སྐོར་སླར་ཡང་བློ་རྣམ་བབ་པའི་སྒོ་ནས་བསྐྱར་ཞིབ་གཏིང་ཟབ་ཅིག་གནང་རན་སྙམ། དེ་མིན་གཞུང་ལུགས་དང་གནས་ལུགས་གང་དང་ཡང་མི་མཐུན་པའི་འཆལ་གཏམ་དེ་དག་རེ་ཞིག་མི་སྨྲ་བརྟུལ་བཞུགས་སུ་གནས་ན། ད་ཟད་ཁྱེད་ཉིད་མཛེས་ལས་སྐྱོན་དུ་མི་འགྲོ་བར་སེམས།

    Reply
  21. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དང་པོ་དམར་གཞུང་གི་ཐོབ་ཐང་དེ་རྩོད། དེ་ནས་རྒྱ་ནག་རྒྱལ་ཡོངས་མང་གཙོའི་ཞོར་ལ་རང་མི་རིགས་ཀྱི་མང་གཙོའི་ཐོབ་ཐང་དེ་རྩོད་པ་ཡིན་ན། གོ་རིམ་མ་འཆོལ་བ་རེད་སྙམ། དེ་མིན་དམིགས་བེན་གང་དུ་ཡང་མི་འཁྱོལ་བར་ལུས་སྲིད་པ་མ་རེད་དམ།

    Reply
  22. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    རྒྱ་ནག་ཕྱི་ནང་མཐོང་བའི་མིག་མེད་ན།
    རྒྱལ་ཁ་རྩོད་པའི་དམག་བྱུས་ཕམ་ངེས་པ།
    ན་ནིང་ད་ལོར་ཇེ་གསལ་ཇེ་གསལ་རེད།

    ཀླུ་མིང་ཅན་གྱི་ལྕེ་རྩེ་་མ་འཁྱུག་ན།
    ལྷ་མིང་ཅན་ལ་འགྲན་ཡ་མ་མཆིས་པ།
    མཆན་བུ་དག་ལ་བལྟས་ན་ཇེ་གསལ་རེད།

    ཀུ་རེ་དང་བཅས་པའི་ངལ་གསོའི་ཚིགས་སུ་བཅད་པ་ཙམ་མོ།

    Reply
  23. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་རང་བཙན་དང་། མང་གཙོ་མི་དགོས་ནས། མ་རྩོད་པ་མིན་པར། རྩོད་ན་ཕན་ལས་གནོད་ཆེ་བར། དགོངས་ནས་མ་རྩོད་པ་རེད་དོ།། །།

    Reply
  24. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མ་འོངས་བོད་ཀྱི་རང་སྐྱོང་དེ་དམངས་གཙོའི་ལམ་ལུགས་ཅན་ཞིག་ཡིན་དགོས་པ་ནི་ང་ཚོའི་འཐབ་རྩོད་ཀྱི་རྩ་དོན་གཙོ་བོ་ཞིག་ཡིན་པ། རང་སྐྱོང་བསམ་འཆར་གྱིས་དེ་གསལ་བོ་མཚོན་ཐུབ། ལྷག་པར་དོན་ཚན་དྲུག་པའི་རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞིའི་ནང་ལ།
    “མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་ དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང་། གཞུང་གི་སྒྲིག་འཛུགས་ཁག དེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་༼ རང་སྐྱོང་གི་གནད་དོན་གོང་དུ་གསལ་བ་རྣམས་ལ་གོ ༽ཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང་། རང་སྐྱོང་གཞུང་གི་ལས་ཁུངས་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོག་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན།”ཞེས་བཀོད་ཡོད།

    Reply
  25. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ‘དམངས་གཙོ་མེད་ན་ཅི་ཡང་མེད། དམངས་གཙོ་ཡོད་ན་ཅི་ཡང་འཐོབ།’
    ང་རང་ཆབ་སྲིད་རིག་པ་ཆེད་སྦྱོང་བྱེད་མཁན་དང་སྲིད་དོན་གྱི་བྱ་བ་སྒྲུབ་མྱོང་མཁན་ཞིག་ཀྱང་མིན་ལ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་ཞིག་ཀྱང་ག་ལ་ཡིན། ཡིན་ན་ཡང་ང་རང་༸གོང་ས་མཆོག་གི་བཀའ་སློབ་ཅི་ཕེབས་ལ་སློབ་སྦྱོང་གང་ཐུབ་བྱེད་མཁན་ཞིག་ཡིན། ལྷག་པར་གྲོས་ཚོགས་ཀྱི་འཐུས་མི་ཞིག་བྱས་པས་དམངས་གཙོ་དང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་དམིགས་བསལ་དོ་སྣང་དང་བསམ་བློ་བཏང་མྱོང། ༢༠༠༦་ལོར་ང་སྐབས་བཅུ་བཞི་བའི་སྤྱི་འཐུས་སུ་སླེབས་པའི་ཚོགས་དུས་དང་པོར་༸གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་དེའི་ནང་སྤྱི་འཐུས་རྣམ་པས་དམངས་གཙོ་ཡར་རྒྱས་གཏོང་བཏང་ནས་མ་འོངས་བོད་ལ་དམངས་གཙོའི་ལེགས་སྐྱེས་འབུལ་དགོས་པའི་ལམ་སྟོན་གནང་བ་དེ་དུས་དེ་ནས་བཟུང་ངའི་སེམས་ལ་གསལ་བོར་ངེས་ཡོད། དེ་བས་༢༠༡༡ལོར་བཅའ་ཁྲིམས་བསྐྱར་བཅོས་ཆེན་པོ་གནང་དགོས་པའི་གསུང་འཕྲིན་ཕེབས་སྐབས་ཀྱང་བཀའ་དགོངས་ལེགས་པར་འགྲུབ་སླད་གྲོས་ཚོགས་ནང་ལ་ནུས་པ་གང་ཐུབ་བཏོན་པ་ཡིན། དབུ་མའི་ལམ་གྱི་བོད་རང་སྐྱོང་གི་ཚད་གཞི་ཅི་ཙམ་ཞིག་ཡིན་པ་དང་དེ་ཐོབ་ན་ཁེ་ཕན་གང་དག་ཡོད་མེད་གསལ་བོ་ཤེས་བཞིན་དུ་མ་རྟོགས་ལོག་རྟོག་གི་རིགས་ལ་གསལ་བཤད་བྱེད་ཀྱིན་ཡོད། འདི་ང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་འགུལ་བ་ཞིག་ཡིན་པའི་འོས་འགན་ཡང་ཡིན།

    Reply
  26. བསྟན་ཆོས། says:
    ལོ་ 12 སྔོན།

    འདིར་ཕེབ་རྣམ་པ་ཚོ་ལ་ཆེད་དུ་ཞུ་རྒྱུ་ཞིག་ནི། མང་གཙོ་རྩོད་ཀྱི་མེད་དང་མང་གཙོ་མི་དགོས་གཉིས་ལ་ཁྱེད་ཡོད་མཁྱེན་པ་གནང་རོགས་གནོངས། སྐབས་འདིའི་སྲིད་སྐྱོང་མཆོག་གིས་ཀྱང་དེ་གསུང་རྩིས་ཡིན་པ་དང། བསམ་འཆར་ཡིག་ཆའི་དགོངས་དོན་ཡང་དེ་ཡིན་པ་ཚོགས་གཙོའི་གསུང་བབ་ལས་རྟོགས་ནུས་སོ།།

    Reply
  27. བསྟན་ཆོས། says:
    ལོ་ 12 སྔོན།

    ངས་མང་གཙོ་ཚོགས་པའི་བགྲོ་གླེང་དེའི་བར་ནས་ཤོར་སོང་བས་མཆན་དེ་བྲིས་པ་ཡིན། ཆབ་རྩོམ་ཡང་དེ་ལས་བྱུང་བ་འདྲ། ཚོགས་གཙོས་གསལ་བོར་བཟོས་ཟིན་འདུག ངས་དེ་ལས་བརྐུས་པ་འདྲ་བོ་ཆགས་འདུག དོན་ལ་སྲིད་སྐྱོང་མཆོག་གིས་གསུང་སྟངས་ཏོག་ཙམ་མ་འགྲིག་པ་རེད་འདུག ངའི་ངོ་ནས་འདིའི་ཐད་ནས་བློ་སེང་ལ་བསམ་ཤེས་གནང་རོགས་ཞུ རྗེས་ཕྱོགས་ཁོས་གང་གཟབ་བྱེད་ངེས་རེད།

    Reply
  28. སྙིང་མིག says:
    ལོ་ 12 སྔོན།

    ཡུལ་གངས་ཅན་གྱི་རྩོམ་པ་པོ། ཆེས་མཐོའི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཟུར་པ། དུས་རབས་ཀྱི་བསམ་བློ་བ་ཆེན་པོ་ལྷ་མོ་སྐྱབས་ཀྱིས་
    “དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་མིན།”
    ཞེས་པའི་རྩོམ་ཡིག་ལ་སྔོན་ཆད་ཁོ་བོས་མཆན་དེའི་ལེན་དུ། “སྙིང་བོ་མི་རྟོགས་པའི་སྙིང་མེད་པ། ལམ་མདུན་མི་མཐོང་བའི་མིག་མེད་པ་དག་ལ་ཁྱི་ཁ་གཙེ་འདོད་མེད།།” ཅེས་བཀའ་ཕེབས་ཚུལ་ལ་བལྟས་ན་ཁོང་ཁྲོ་ནས་མེ་འབར་ཡོད་པ་འདྲ་མོད། འོན་ཀྱང་བདག་ལ་ངན་སྨྲས་ནི་བྱེད་མ་ཤེས་ནས་
    “སྙིང་བོ་མི་རྟོགས་པའི་སྙིང་མེད་པ་”ཞེས་བརྗོད་པ་ནི། དོན་ལ་
    “སྙིང་པོ་རྟོགས་པའི་སྙིང་མེད་པ”་བརྗོད་འདོད་པ་ལོས་ཡིན། འོན་ཀྱང་རང་ཉིད་ལ་ཤེས་བྱའི་ཡོན་ཏན་གྱི་ཆུ་ཚད་མེད་པ་ཤེས་བཞིན། གཡས་སྐོར་གཡོན་སྐོར་བྱེད་ཆེ་ན་རང་མཚང་ཟངས་མར་སྟོན་པ་དེ་འདྲ་ལས་ཅི་འོང་།
    ཁྱི་ཁ་གཙེ་འདོད་མེད་གསུངས་སྟངས་ལ་བལྟས་ན་སློབ་དཔོན་ཞིག་གི་རང་གཤིས་རྗེན་ཅེར་དུ་མངོན་འོང་གིན་འདུག
    འདིར་བཤད་འདོད་པ་ནི། ཐེངས་འདིའི་རྩོམ་ཡིག་དེ་ལ་མགོ་མཇུག་དང་། བང་རིམ་སོགས་ཅིའང་མེད་པར་ཁྱི་རྒན་དག་གིས་རྡོ་ལ་གཅིན་འདེབས་པ་བཞིན་བྱས་འདུག དྲང་མོར་བཤད་ན་བློ་རྣལ་དུ་གནས་མཁན་ཞིག་གིས་བལྟས་ན་དགོད་རྒྱུ་ཧ་ཅང་ཆེ། སྐབས་སྐབས་སུ་ཀྲུང་གོ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ཁབ་ཅིག་རེད་ཅེས་དང་། མཚམས་མཚམས་སུ་སྤྱི་ཚོགས་རིང་ལུགས་དེ་དམངས་གཙོའི་སྲིད་དབང་ཅན་ཞིག་རེད་ཅེས་དང་། བར་བར་དུ་ང་ཚོའི་བཅའ་ཁྲིམས་ནང་ལ་དམངས་གཙོ་ཞེས་བཀོད་ཡོད་སོགས་བླ་བརྡོལ་གྱི་སྐད་ཆ་དེ་ཚོ་ལ་བདག་ལྟ་བུས་ལྟ་རིན་དང་ཉན་རིན་མེད་ན། སྲིད་སྐྱོང་དང་ཚོགས་གཙོས་ལྟ་ཅི། དེ་བས་རང་ཕོར་དང་། རྡོག་སྣ་དེ་སྔར་བཞིན་སྲུང་སྐྱོབས་མཛད་ན་མི་ལེགས་སམ།

    Reply
  29. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    སུ་དག་དབུ་མའི་ལམ་ལ་འཁྱོག་བརྗོད་དང། གང་དག་དབུ་མའི་ལམ་ལ་མགོ་འཁོར་བ།
    དེ་ཀུན་བདག་གིས་འདུལ་ནུས་མ་ཡིན་ཡང། རང་གི་འོས་འགན་དང་དུ་ལེན་ལ་སྤྲོ
    གོང་གསལ་རྩོམ་ཡིག་ལ་ཁ་སྣོན་ཅུང་དང་བཅས་པའི་མ་རྩོམ་བདག་གི་དྲ་ཐག་འདིར་ཡོད།
    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84/%E0%BD%A2%E0%BD%84-%E0%BD%A2-%E0%BD%98-%E0%BD%82%E0%BD%A6%E0%BD%A2-%E0%BD%A4-%E0%BD%A6-%E0%BD%81%E0%BD%82/

    Reply
  30. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    སྟོང་བཙན་་་ཧ་ཅང་་་་་་་བདེན་པ་ཡིན་རྒྱུ་རེད། ཡིན་ཡང་། སློབ་སྦྱོང་མང་སི་གནངས། དེ་སྔ་ཨ་རིས་བོད་(བོད་རང་སྐྱོང་ལྗོངས།)རྒྱ་ནག་གི་ཤ་ཆས་ཡིན་པ་ལ་ངོས་ལེན་བྱེད་ཟེར་བ་འདིའང་། ཁྱོད་ཚོ་བུ་གུ་མིན་པ་དག་གིས་༼ཨ་རིས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་གྱི་འདུག་༽ཟེར་ནས་གོ་བ་བླངས་པ་རེད།
    ཧ་ལོག་པ་མིན་ན།

    Reply
  31. སྟོང་བཙན། says:
    ལོ་ 12 སྔོན།

    སྐུ་ཞབས་ཆབ་བྲག་དང་མི་རེ་འགས་གླེན་ནག་སྣོག་ཅན་ཚོར་ལན་བསྐྱོན་ནས་དཀའ་ལས་ཁག་འདུག ཧཧཧཧཧ

    དཔའ་ཆེན་འབོད་པའི་བུ་གུ་ཆུང་ཆུང་ལགས། ཁྱེད་ཀྱིས་ ”དེས་( དེའི་)ནང་༼ད་ལྟའི་བོད་རང་སྐྱོང་ལྗོངས་ལས་ལྷག་པའི་ཆ་རྐྱེན་༽ཞེས་པ་ཞིག་ཡོད་མ་རེད། ” ཟེར། འོ་ན་བོད་རིགས་ཡོངས་ལ་ཟེར་དགོས་དོན་ཅི་རེད། བསམ་འཆར་གྱི་ནང་དོན་ཕར་ཞོག མིང་ཙམ་གྱི་གོ་བ་ལེན་ཐུབ་ཀྱི་མེད་བཞིན་དུ་ག་རེ་ལབ་རྩིས་ཡོད་དམ།། ཧཧཧཧཧ

    Reply
  32. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    དབུ་མའི་ལམ་གྱི་དགོངས་དོན་ཁ་ཤས་ཡོད་རེད། གསར་ཤོས་དང་གསལ་ཤོས་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་གསལ་བཤད། ཆགས་ཀྱི་ཡོད་རེད། དེས་ནང་༼ད་ལྟའི་བོད་རང་སྐྱོང་ལྗོངས་ལས་ལྷག་པའི་ཆ་རྐྱེན་༽ཞེས་པ་ཞིག་ཡོད་མ་རེད། ༼བོད་རིགས་ཡོངས་༽ཟེར་དུས་མདོ་དབུས་ཁམས་གསུམ་ལ་ཁྱབ་པའི་རྒྱ་ནག་གི་རྩ་ཁྲིམས་ཀྱི་ཚིག་བརྗོད་དང་མཐུན་པའི་སྐད་ཆ་རེད། འདི་གོ་བ་གྱིས།
    དེ་ནས་མི་མང་གི་འོས་འདེམས་སོགས་མང་དུ་གསུངས་པ་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་ལེའུ་འམ་དོན་ཚན་གང་རུང་གི་ཆ་རྐྱེན་འོག་འགྲོ་རྒྱུ་ཡིན་པ་གསལ་ཁ་བཏོན་ཡོད་རེད། གལ་སྲིད་། བསམ་འཆར་རྩ་འཛིན་ལ་བརྩི་གནང་གི་ཡོད་པ་ཡིན་ན་ཡོང་རེ་ཡོད་མ་རེད། ༼སྤྱི་འཐུས་ལྷན་ཚོགས་ལ་རང་སྐྱོང་ཁྲིམས་སྲོལ་གཏན་འབེབས་ཀྱི་གཞི་རྩའི་དབང་ཚད་ལྡན་དགོས། དང་། འཛིན་སྐྱོང་ལས་ཁུངས་དང་ཁྲིམས་ཞིབ་ཁང་སྤྱི་འཐུས་གྲོས་ཚོགས་བརྒྱུད་དེ་གཏན་ལ་འབེབས་དགོས། ༽ ཞེས་བཀའ་ཕེབས་འདུག འདི་ལ་བསམ་འཆར་ལྟར་ན་དབུས་གཞུང་ནས་ཆོག་མཆན་ལྟར་གཏན་འབེབས་དགོས་ཟེར་དགོས་པ་རེད། དེ་མིན་ཚེ། རང་བཙན་རྒྱལ་ཁབ་དང་ཁྱད་ཅི། མདོར་ན། ཁྱོད་ཀྱིས་གསུངས་པ་དག་རྒྱལ་སྤྱིའི་སྒང་གཏན་འཇགས་ཀྱི་གོ་དོན་མ་རྙེད་པའི་༼རང་སྐྱོང་༽རེད་འདུག་པས། བསམ་འཆར་གྱི་དགོངས་དོན་དང་མཐུན་པོ་མི་འདུག

    Reply
  33. བསྟན་ཆོས། says:
    ལོ་ 12 སྔོན།

    མདོར་བསྡུས་ན་བརྩོད་མི་དགོས་པ་ཞིག་བརྩད་ནས་སྡད་འདུག ང་ཚོས་བརྩོད་རྒྱུ་དེ་་་ཚད་མཐོའི་རང་སྲིད་རང་སྐྱོང་ལས་མང་གཙོ་མ་རེད་ཅེས་པ་ལས། མང་གཙོ་མི་དགོས་ཤེས་པ་ག་ལ་ཡིན། གང་ཞེ་ན། ང་ཚོས་བཤད་པའི་རང་སྐྱོང་རེག་ན། འགྲོ་ལུགས་མང་གཙོ་ལས་མེད་པ་ནམ་ལང་ཉི་ཤར་རེད།

    Reply
  34. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ༄༅།ལས་སྐལ་གཅིག་ཀྱང་དམིགས་འདུན་གཅིག་པའི་སྤུན་ཟླ་རྣམས། ཁྱོད་ཚོས་ངོ་མ་ཅང་ཤེས་ཀྱིན་མེད་པ་འདྲ། ངས་འདིར་གོ་བདེའི་གསལ་བཤད་ཅིག་བྱེད་དགོས།
    དབུ་མའི་ལམ་གྱི་དགོངས་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འདི་ལ་ད་ལྟའི་བོད་རང་སྐྱོང་ལྗོངས་ལས་ལྷག་པའི་ཆ་རྐྱེན་གལ་ཆེན་འགའ་ཞིག་ལྡན་དགོས།
    ༡༽ སྨྲ་བརྗོད་རང་དབང། གསར་འགོད་རང་དབང། ཆོས་ལུགས་དད་མོས་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་རྣམས་ལྡན་དགོས།
    ༢༽ སྐད་ཡིག་གིས་གཙོས་པའི་བོད་ཀྱི་རིག་གཞུང་དར་སྤེལ་གྱི་དབང་ཚད་དང། ཁོར་ཡུག་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དབང་ཚད་ལྡན་དགོས།
    ༣༽ གཞི་རིམ་གྱི་མང་མོས་འོས་འདེམས་ཀྱི་རང་དབང་དགོས།
    ༤༽ མི་དམངས་ཀྱིས་འོས་འདེམས་གནང་བའི་སྤྱི་འཐུས་ལྷན་ཚོགས་དགོས།
    ༥༽ སྤྱི་འཐུས་ལྷན་ཚོགས་ལ་རང་སྐྱོང་ཁྲིམས་སྲོལ་གཏན་འབེབས་ཀྱི་གཞི་རྩའི་དབང་ཚད་ལྡན་དགོས།
    ༦༽ རང་སྐྱོང་དབུ་ཁྲིད་དང་པོ་(སྲིད་སྐྱོང) མི་དམངས་ཀྱིས་འོས་འདེམས་བྱེད་དགོས།
    ༧༽ འཛིན་སྐྱོང་ལས་ཁུངས་དང་ཁྲིམས་ཞིབ་ཁང་སྤྱི་འཐུས་གྲོས་ཚོགས་བརྒྱུད་དེ་གཏན་ལ་འབེབས་དགོས།
    ༨༽ གོང་གསལ་འཛིན་སྐྱོང་དེ་ཡང་ཆོལ་ཁ་གསུམ་ཡོངས་སུ་ཁྱབ་པ་ཞིག་ཡིན་དགོས།
    ཆ་རྐྱེན་དེ་དག་མ་ཚང་བའི་རང་སྐྱོང་ཞིག་ང་ཚོར་དགོས་དོན་མེད། དེ་དག་ཡོངས་སུ་ལྡན་ན་དེ་ནི་དམངས་གཙོའི་ལམ་ལུགས་ཅན་གྱི་རང་སྐྱོང་ཞིག་ཡིན་ཡིན་པ་རེད།

    ཁྱོད་ཚོའི་འཆར་སྣང་གི་རང་སྐྱོང་བསམ་འཆར་དེ་ག་འདྲ་ཞིག་ཡིན་ནམ། འདི་དག་ལས་ལོགས་པ་ཞིག་མིན་ནམ། གསལ་བོ་ཞིག་ཧ་གོ་གི་མེད་ན་སློབ་སྦྱོང་ཡག་པོ་བྱོས།

    སྙིང་བོ་མི་རྟོགས་པའི་སྙིང་མེད་པ། ལམ་མདུན་མི་མཐོང་བའི་མིག་མེད་པ་དག་ལ་ཁྱི་ཁ་གཙེ་འདོད་མེད། གནས་ལུགས་རྒྱུ་མཚན་ཞིབ་གསལ་འགོད་རྒྱུ་མེད་ན་འདིར་ཨུ་ཚུགས་ཀྱིས་མཆན་བྲིས་ནས་རང་མཚང་སྟོན་དགོས་པ་མ་རེད།

    Reply
  35. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    གད་མོ་ཤོར་ཡ་རང་རེད། ༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།༽ ༼བསམ་འཆར།༽ ༼བསམ་འཆར།༽ ༼བསམ་འཆར།༽ ༼བསམ་འཆར།༽ འདི་༼རྩ་འཛིན་༽མ་རེད་དཱ།

    དཔལ་ལྡན་ཚོགས་གཙོ་མཆོག་དང་། སྲིད་སྐྱོང་རྣམ་པ་གཉིས་ཀྱིས་མང་གཙོ་རྩོད་གནང་གི་ཡོད་མ་རེད་གསུངས་པ་དེ་བདེན་པ་རེད། བསམ་འཆར་ལྟར་ནའང་དེ་རྩོད་གནང་གི་ཡོད་མ་རེད། ༸གོང་ས་མཆོག་གི་དགོངས་པ་ལྟར་ནའང་དེ་རྩོད་གནང་གི་ཡོད་མ་རེད། གང་རྩོད་ཀྱི་ཡོད་རེད་ཟེར་ན་༼རང་གི་མི་རིགས་རང་གི་འདོད་བློ་དང་མཐུན་པའི་ཡར་རྒྱས་གཏོང་ཐུབ་པ་ཞིག་༽རྩོད་གནང་གི་ཡོད་རེད།

    དེ་ནས་གཞན་ཞིག་ནི། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་གསུངས་ཡོད་པ་རེད་པ། དེ་ཡིན་དུས་སྒྲོམ་གཞི་ནི་མ་ཁེ་སིའི་མི་རིགས་རང་ཐག་རང་གཅོད་ཀྱི་ལྟ་བའི་སྒྲོམ་གཞིར་འབྲེལ་ཡོད་རེད། ཧ་བ་གྱིས།

    Reply
  36. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    རང་སེམས་རང་གིས་གསོས་ན་དགའ་ཀྲོག་ཀྲོག།
    རང་མགོ་རང་གིས་གཡོགས་ན་དོབ་ཀྱི་ལི་ལི།། ཞེས་པའི་གཏམ་འདི་བོད་པ་ཚང་གི་ངོ་གདོང་རྗེན་པར་སྟོན་པའི་སྡོམ་ཚིག་ཚ་ཡེར་བ་ཞིག་ཡིན།

    Reply
  37. ལུང་རྟོགས། says:
    ལོ་ 12 སྔོན།

    རྒན་ཆབ་བྲག་ལགས། གོང་ས་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིས་འོག་ནས་ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རྩོད་ཀྱི་ཡོད་ཅེས་ཐེང་མང་གསུང་ཡོད། རྒྱ་ནག་གི་རྩ་ཁྲིམས་ནང་དམངས་གཙོ་ཞེས་པའི་མིང་ཚིག་ཙམ་ཡོད་ཀྱང་དེ་ནི་ང་ཚོར་དགོས་པའི་དམངས་གཙོ་དེ་མིན་པ། རྒྱ་གཞུང་གི་དཔོན་རིགས་ཚོས་ང་ཚོར་དམངས་གཙོ་ཡོད། འོན་ཀྱང་ནུབ་ཕྱོགས་པའི་དམངས་གཙོ་དེ་ང་ཚོར་འཚམས་པོ་མེད་པས་མི་དགོས་ཤེས་བཤད་བཞིན་པ་འདི་ནས་རྟོགས་ཐུབ། དེས་ན་གོང་ས་མཆོག་གིས་འདས་པའི་དུས་སུ་བོད་པའི་སྤྱི་ཚོགས་འདི་དམངས་གཙོའི་ལམ་སྲོལ་ཅན་ཞིག་ལ་བསྒྱུར་རྒྱུའི་ཕྱག་ལས་གནང་བ་དེ་རྒྱུ་མཚན་དུ་བྱས་ནས། གོང་ས་མཆོག་གིས་དམངས་གཙོའི་ལམ་སྲོལ་ཅན་གྱི་རང་སྐྱོང་ཞིག་རྩོད་ཀྱི་ཡོད་པ་སྒྲུབ་མི་ཐུབ། གཉིས་ནས་ཟམ་གདོང་རིན་པོ་ཆེས་ཀྱང་གོང་ལྟར་ཡང་ནས་བསྐྱར་དུ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་གསུང་ཡོད་པས། གོང་ལྟར་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་དམངས་གཙོ་ཙམ་ཞིག་གསུང་གི་ཡོད་ན་ལས། དམངས་གཙོ་མཚན་ཉིད་པ་ཞིག་རྩོད་ཀྱི་མེད་པ་གསལ་པོ་མ་རེད་དམ། གཞན་ཡང་དབུ་མའི་ལམ་ནི་རང་སྐྱོང་སྒྲུབ་བྱེད་ཀྱི་ཐབས་ལམ་དང་། རང་སྲིད་རང་སྐྱོང་ནི་དེའི་སྒྲུབ་བྱ་ཡིན་པས། དབུ་མའི་ལམ་དེ་མཐའ་གཉིས་ལ་མ་ལྷུང་པའི་དམངས་གཙོ་ཅན་ཞིག་ཡིན་པའི་རྒྱུ་མཚན་གྱིས་རང་སྲིད་རང་སྐྱོང་དེ་ཡང་དམངས་གཙོ་ཅན་ཞིག་ཡིན་པ་སྒྲུབ་མི་ཐུབ། 

    Reply
  38. སྟོང་བཙན། says:
    ལོ་ 12 སྔོན།

    ཧཧཧཧ རེད་རེད། ད་ཀླུ་མཁར་བྱམས་ལ་ལས་ཀ་ཞིག་དགོས་ཀྱི་ཡོད་པ་རེད་ཝ། ཆབ་བྲག་ལགས་ནས་ཀར་ཆོས་དང་མི་འདི་ཚོར་ལན་ལྡོན་པ་ནི་དངོས་གནས་བྱས་ན་གོང་ཚད་རྒྱག་མ་ཤེས་པས་རེད། བདག་པོ་མ་རྒྱབ་པར་གཡུག་བཞག་ན་ཏག་ཏག་མ་རེད་དམ།

    རེད་རེད། ཀླུ་མཁར་བྱམས་ནས་གནམ་གྲུའི་གླ་ཆ་དང་དེ་ཚོ་རྩིས་གཙང་མ་ཞིག་སྤྲོད་རོགས། ཧཧཧཧཧ

    Reply
  39. བསྟན་ཆོས། says:
    ལོ་ 12 སྔོན།

    མང་གཙོ་དགོས་ཞེས་དངོས་སུ་ལབ་མི་འདུག་ཅེས་བཤད་མ་ཤེས་པ་འམ་བཤད་ནོར་ཐེབ་ནས་མི་དགོས་གསུང་བ་རེད།

    Reply
  40. ཀླུ་མཁར་བྱམས། says:
    ལོ་ 12 སྔོན།

    ངས་སྐུ་ཞབས་ཆབ་བྲག་གི་རྩོམ་ཡིག་འདིར་ལན་ཞིག་འབྲི་གི་ཡིན། འོན་ཀྱང་། ཉི་མ་འདི་ཚོར་དགུ་བཅུ་གསུམ་ཀྱི་རྩིས་སྤྲོད་རྩིས་ལེན་བྱེད་བཞིན་པའི་སྒང་ཡིན་སྟབས་བྲེལ་བ་ཅུང་འདུག འདི་ནས་ཅིག་འཁྱོལ་ན་་་་་

    Reply
  41. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    ང་ལ་རྩམ་པ་སྣུམ་པོ་ཞིག་དགོས་ཞེས་བ་དེ་རྩམ་པའི་ནང་དུ་མར་ཆེན་པོ་ཞིག་དགོས་ཞེས་བའི་དོན་རེད།

    Reply
  42. སྙིང་མིག says:
    ལོ་ 12 སྔོན།

    <<འདི་ནའང་“མ་བིན་གཉིས་”དང་“ཁྲམ་པ་”གཉིས་འདུག>>
    ལྷ་མོ་སྐྱབས་ལས་མེད་དོན་གཉེར་བ་ཡིན་མིན་མི་ཤེས་མོད། འོན་ཀྱང་དེ་ལྟར་རེད་ཅེས་ཤོད་མཁན་ཤར་ཁུ་ག་པའི་སེམས་ཁམས་ལ་དཀྲུག་གཞི་བསླང་རྐྱེན་གྱི་བསམ་གནག་ལས་མེད་སོང་བ་དངོས་ཡོད་རེད། བསམ་འཆར་ཡིག་ཆའི་ནང་ལ་གང་གསལ་བ་ལས་ལྐོག་ལྐོག་སུད་སུད་དུ་གསང་བའི་གཏེར་རྒྱ་ཞིག་སྦས་ཡོད་ཚོད་མི་འདུག བསམ་འཆར་ཡིག་ཆའི་ནང་ལ་མ་བཤད་པའི་རྒྱབ་གཟུགས་ན་གྲིབ་མ་ནག་རིལ་ཞིག་ཡོད་པ་སྨྲ་བའི་ཆབ་བྲག་ལྷ་མོ་ཚང་མ་དང་། དེའི་རྗེས་འབྲང་ཤར་ཁུག་གཉིས་པོའི་གཏམ་ལ་ལུང་དང་། ལུང་ལ་འཛིན་ས་ཞིག་ཡོད་སོང་ན། སྔོན་ཆད་ཀརྨ་ཆོས་འཕེལ་གྱིས་རྒྱལ་བ་རིན་པོ་ཆེའི་ཐུགས་ལ་རང་བཙན་ཡོད་རབས་བཤད་པའི་ཉག་ཉེས་ལས་བརྒྱ་ཚོགས་སྟོང་འདུས་ཀྱི་ཆེ་བ་ཞིག་འདི་ན་བཤད་འདུག རྒྱལ་བ་རིན་པོ་ཆེའི་རྗེས་སུ་གནང་བའི་བཀའ་བསམ་འཆར་ཡིག་ཆའི་ནང་ལོགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་རྭ་བ་ལས་བརྒལ་བའི་བོད་ལ་དམངས་གཙོ་ཞིག་དགོས་ཞེས་དངོས་སུ་གསུངས་མེད་ཀྱང་། བཀའ་དེའི་རྒྱབ་ལྗོངས་གོ་བ་གཏིང་གནག་ཅིག་ཡོད་རབས་བཤད་མཁན་ལྷ་མོ་སྐྱབས་ཀྱིས་རྒྱལ་བ་རིན་པོ་ཆེ་
    “མ་བིན”་དངོས་སུ་བཟོས་འདུག་ལ། དེ་ཉིད་ལ་བཀའ་ཚད་མ་ལུང་ཚད་མ་བརྩི་མཁན་ཤར་ཁུག་པས་ཀྱང་། རྒྱལ་བ་རིན་པོ་ཆེ་“ཁྲམ་པ་”བཟོས་འདུག དེ་ནི་ལོས་ཡིན་ཏེ་སྔོན་ཆད་ཀར་ཆོས་ཀྱི་“མ་བིན་”དེ་ཉིད་“ཁྲམ་པ་”ལ་གོ་དགོས་ཞེས་ཨུ་ཚུགས་ཀྱིས་བསྒྱུར་མཁན་ཤར་ཁུག་རང་ཉིད་ཡིན་པས་སོ། སྔོན་ཆད་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཅིག་ཏུ་“ངས་ག་དུས་ཡིན་ནའང་ཕྱི་གསལ་ནང་གསལ་དང་། ཁ་ཁོག་གཉིས་མེད་ལས་རྩ་བ་ནས་བཤད་མྱོང་མེད།”ཅེས་གསུངས་འདུག་པ་མཐོང་ཡོད་ཤག་དང་། བསམ་འཆར་ཡིག་ཆ་རྒྱལ་བ་རིན་པོ་ཆེའི་བཀའ་ཡིན་པ་ཟམ་གདོང་རིན་པོ་ཆེས་སྔར་ནས་བསྒྲུབས་ཟིན་པའི་ཕྱིར་རོ།

    Reply
  43. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    རྒན་ལགས་ལ་ལས་ཀ་མེད་པ་རང་རེད། འདི་ཚོ་ལན་འདེབས་བྱེད་དགོས་པ་མ་རེད། སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀའི་༼ བསམ་འཆར་༽གྱི་དགོངས་དོན་དང་དེའི་འཆད་ཕྱོགས་མ་ཤེས་པས། མང་གཙོ་ཞེས་པའི་ཡིག་འབྲུ་འདི་འབུར་དོད་ཅིག་མེད་ན་མང་གཙོ་རྩོད་ཀྱི་ཡོད་པ་མ་རེད་དགོངས་ཡོད་ཀྱི་རེད། མང་གཙོ་ཟེར་བ་གསལ་བཏོན་གྱིས་བསམ་འཆར་ནང་གསལ་དགོས་པའི་རྒྱུ་མཚན་ཅི་རེད། དེའི་ཚིག་དེ་མེད་ན་མང་གཙོ་མེད་པའི་རྒྱུ་མཚན་དུ་འགྲོ་འམ། འོ་ན་༼ བསམ་འཆར་༽གྱི་འབྲུ་དོན་དང་འདུན་མར་བཞག་པའི་གྲོས་གཞི་ཁག་གིས་བོད་མིའི་མངོན་འདོད་སྐོང་ཐུབ་ཀྱི་མེད་དམ། སྔོན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་གྲོས་ཚོགས་ནང་བཅའ་ཁྲིམས་དང་སྦྲེལ་ནས་མང་གཙོ་ཟེར་བའི་ཚིག་གཅིག་མི་འདུག་ཅེས་༼ བསམ་འཆར་༽་ལ་ཀླན་ཀ་བཙལ་བ་རེད། དེ་འབྲེལ་གསལ་བཤད་གནད་འདྲོངས་ཐོན་པ་གནང་བས་འཇལ་ཡལ་བ་ལྟར་ཕྱིན་ཡོད་ཀྱང། དེང་སང་ཨིན་བོད་རྩོན་འབྲི་པ་མང་པོས་སྲིད་སྐྱོང་གི་ཤེས་ཚད་ལ་གཞིགས་ཏེ་གཟས་ནས་འཁྱོག་འདྲི་དང་སྐད་ཆ་བཟོ་བ། དཀྲུགས་དཀྲུགས་གཏོང་རྩིས་བྱེད་ཀྱི་ཡོད་པ་དེ་གསལ་བོ་རེད། བོད་མི་ཚོ་བོད་མིའི་མངོན་འདོད་དང་མཐུན་པའི་རང་དབང་གི་གནས་བབ་ཅིག་བྱུང་ན་འགྲིག་པ་འདི་རྩ་དོན་རེད་ལ། འཐབ་རྩོད་ཀྱི་ནུས་པ་དང་ཆིག་སྒྲིལ་གྱི་འབྱུང་ཁུངས་ཀྱང་རེད་འདུག་པ་ལས། བློ་མིག་མ་རྒྱས་པའི་ཁྲོད་དོགས་པ་ཐེ་ཚོམ་སྟེར་བ་འདི་རིགས་ཀྱི་གཏམ་འཆལ་ལ་བདག་པོ་རྩ་བ་ནས་རྒྱག་དགོས་པ་མ་རེད་ལ། སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་ནས་ཀྱང་ལར་ནས་འདིའི་སྐོར་ལ་གཏམ་བཤད་གནང་དུས། ༼ བསམ་འཆར་༽གྱི་མདུན་རྒྱབ་ཆ་ཚང་རྟོགས་པ་དང་༸གོང་ས་མཆོག་གི་དགོངས་གཞི་ཤེས་པའི་སྟེང་ནས་ཚིག་འགྲོས་ཚུན་ཆད་ནོར་མེད་གནང་རྒྱུ་གལ་ཆེན་རེད་བསམས། དེ་བཞིན་ང་ཚོའི་བཙན་བྱོལ་ནང་གི་རང་བཙན་ངྷ་རམ་ས་ལ་ནས་བཙན་བྱོལ་སྒྲིག་འཛུགས་དང་༸རྒྱལ་བ་རིན་པོ་ཆེར་རྩོད་མཁན་ཚོའི་གཏམ་ལ་བདག་པོ་རྒྱབ་ན་དོན་མེད་རང་རེད་ལ། དེ་ཚོའི་བརྒྱུད་ལམ་སྤྱི་འཐུས་བང་ཚུལ་སོགས་ཁ་ཤས་ཡོད་པ་དེ་ཚོར་ལན་འདེབས་བྱས་ཚེ་དེ་བས་ཀྱང་དོན་མེད་དོན་སྟོང་རང་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese