མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགན་འཁྲི་མེད་པའི་བསམ་ཚུལ་འཁུར་བསྡད་པ་དེ་སྤྱི་ཚོཊ་ཀྱི་དཀའ་ངལ་ཆེ་ཤོས་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་མིག་དམར་ཉིན་གྱི་སྔ་དྲོ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་སྟེང་ཤོད་གཉིས་དང་དགེ་རྒན་ཕ་མའི་ཚོགས་ཆུང་ཐུན་མོང་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི་གནང་བ་དང་།  བཀའ་བློན་ཁྲི་ཟུར་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་མ་འོངས་དོ་སྣང་བྱེད་ཕྱོགས་ཐོག་བཀའ་སློབ་གནང་སོང་། 

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠།༠༠ ཐོག གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་། མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་སྟེང་ཤོད་གཉིས་དང་དགེ་རྒན་ཕ་མའི་ཚོགས་ཆུང་ཐུན་མོང་གི་གོ་སྒྲིག་འོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ། བཀའ་བློན་ཁྲི་ཟུར་མཆོག་གིས་ཤེས་ཡོན་སྲིད་བྱུས་སྐོར་གྱི་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་རིམ་ཞིག་གོ་སྒྲིག་གནང་སོང་ལ། དེར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས་དང་། སློབ་སྤྱི་བསྟན་འཛིན་རྡོ་རྗེ་གཉིས་གཙོས་པའི་དགེ་ལས་སློབ་ཕྲུག་དང་། དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི། སློབ་ཕྲུག་གི་ཕ་མ་བཅས་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྦྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། སྔར་ལོའི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དུས་ཆེན་སྐབས་དཔེ་སྟོན་སྟེང་ཤོད་གཉིས་ཀྱིས་གསོ་རིག་འགྲེམས་སྟོན་གོ་སྒྲིག་གིས་འཁྲུངས་སྐར་སྲུང་གཙི་དང་། འདི་ལོ་དགེ་རྒན་ཕ་མའི་ཚོགས་ཆུང་གི་མཐུན་འགྱུར་དང་རྒྱབ་སྐྱོར་འོག་འཁྲུངས་སྐར་སྲུང་གཙི་ཐུབ་པ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྷག་པར་འདས་པའི་ལོ་དེ་དག་རིན་རིན་པོ་ཆེ་མཆོག་གིས་བསྟན་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་བའི་ཞོར་དུ་སློབ་གྲྭའི་འཛིན་སྐྱོང་རེ་སྐུལ་ལྟར་སློབ་གྲྭར་ཆིབས་བསྒྱུར་གྱིས་སློབ་ཕྲུག་ཚོར་ཐུག་ཉེ་པོའི་བཀའ་བསྡུར་དང་། སློབ་ཕྲུག་གི་ཤེས་ཡོན་བཟང་སྤྱོད་དང་འབྲེལ་བའི་བཀའ་སློབ། དགེ་ལས་རྣམ་པར་ཤེས་ཡོན་སྲིད་བྱུས་ཀྱི་སྙིང་དོན་དང་སློབ་ཁྲིད་ལག་ལེན་སོགས་ཀྱི་ཐོག་བཀའ་སློབ་བཅས་གནང་བར་ཐུགས་རྗེ་ལེགས་གསོལ་དང་། རིན་པོ་ཆེ་མཆོག་སྐུ་གཟུཊ་གསལ་ཐང་དང་བསྟན་སྲིད་ཀྱི་བྱ་བ་མཐའ་དག་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཆེད་ཡིན་སྐོར་ངོ་སྤྲོད་བཅས་གནང་རྗེས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད། སློབ་ཕྲུག་རྣམས་ཀྱིས་འཁྲུངས་སྐར་རྟེན་འབྲེལ་གྱི་བསྟོད་གཞས་ཕུལ་བ་དང་མཉམ་དུ་དགེ་ལས་རྣམ་པའི་སྐུ་ཚབ་དང་སློབ་ཕྲུག་གི་སྐུ་ཚབ། ཕ་མའི་སྐུ་ཚབ་བཅས་ནས་རྟེན་འབྲེལ་མཇལ་དར་སྒྲོན་འབུལ། སློབ་ཕྲུག་ཚོས་འཁྲུངས་སྐར་ལ་ཆེད་དུ་བྲིས་པའི་དབྱིན་བོད་གཉིས་ཀྱི་སྙན་རྩོམ་གྱེར་འདོན་དང་སྲོལ་རྒྱུན་གྱི་གཞན་སྣ་འཁྲབ་སྟོན། གཞས་པ་བློ་བརྟན་རྣམ་གླིང་ལགས་ཀྱིས་འབྲས་གར་གཟིགས་འབུལ་བཅས་གནང་རྗེས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་སྐོར་གྱི་བཀའ་སློབ་དང་། ཉིན་རྒྱབ་རིན་པོ་ཆེ་མཆོག་གིས་འཛིན་གྲྭ་གསུམ་པ་ནས་ལྔ་བའི་བར་གྱི་སློབ་མར་གླེང་མོལ་གནང་སོང་།

མཛད་རིམ་ཁག་གྲུབ་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཐད་བཀའ་སློབ་གནང་སྟེ། སྲིད་ཇུས་གང་འདྲ་ཞིག་ཡིན་ཡང་བརྒྱ་ཆའི་བརྒྱ་ལག་ལེན་འཁེལ་ཐུབ་མིན་ཕྱི་ནང་གི་འཆར་གཞི་མང་པོ་ཞིག་ལ་རག་ལས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་མགོར་དེར་བཀའ་ཤག་གི་ཆེད་བརྗོད་ཅིག་བཀོད་དེ་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་དགོས་དོན་དང་། ཡིག་ཐོག་ལ་བཀོད་དགོས་པ་དེ་བྱུང་རབས་ལ་འགན་འཁུར་བ་ཙམ་ལས། ནང་དོན་ཡོངས་རྫོགས་ཇི་བཞིན་ལག་ལེན་བསྟར་ཐུབ་མེད་ཕྱི་ནང་གི་མཐུན་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད་སྟབས། ཐག་བཅད་ནས་ལབ་ཐུབ་པ་མིན་སྐོར་བྲིས་ཡོད་པ་དང་། བྱུང་རབས་ལ་འགན་འཁུར་ཟེར་བ་དེ་ཡང་ད་ལྟའི་ཛ་དྲག་གི་གནས་བབ་འདི་འདྲའི་སྐབས་སུ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོས་འཛིན་རྩ་བརླག་འགྲོ་བའི་གནས་བབ་ཅིག་ཏུ་བསླེབ་བསྡད་ཡོད་པ་དང་། བོད་ཅེས་པའི་རྒྱལ་སྤྱིའི་ནང་རླབས་ཆེན་གྱི་ལག་རྗེས་དང་ངོས་འཛིན་ཡོད་པའི་མི་རིགས་ཤིག་གི་གཞི་རྩའི་ངོས་འཛིན་དེ་བརླག་འགྲོ་བའི་ཉེན་ཁ་བྱུང་བའི་སྐབས། མི་བརླག་པའི་ཐབས་ཤེས་ཡོད་རྒུ་རྩལ་སྦྲུགས་དང་མ་ལན་མ་འགྱོད་པ་ཞིག་བྱེད་པའི་ཐབས་ཤེས་མ་བྱས་པ་ཡིན་ན། ད་ལྟའི་གནས་སྐབས་ལ་ཡོད་པའི་མི་རབས་ཚོ་འབྱུང་འགྱུར་གྱི་བྱུང་རབས་ལ་འགན་མ་འཁུར་བའི་སྲོལ་ཆགས་འགྲོ་བ་དང་། ཐབས་ཤེས་བཏོན་ཏེ་ནུས་པ་ཐོིན་མིན་ཕྱོགས་མང་པོ་ཞིག་ལ་རག་ལས་ཡོད་སྐོར་དང་། ཤེས་ཡོན་སྲིད་བྱུས་དེ་སློབ་ཚན་སློབ་སྟངས་དང་རྒྱུགས་སྤྲོད་བྱེད་སྟངས། འཛིན་གྲྭ་ཚོགས་སྟངས། དགེ་རྒན་མང་ཉུང་སོགས་པ་གཙོ་བོ་མིན་པར་སློབ་སྦྱོང་གི་དམིགས་ཡུལ་དང་ཐབས་ལམ་གཉིས་པོ་གལ་ཆེ་ཤོས་ཆགས་ཡོད་སྟབས། ན་གཞོན་ཚོར་སློབ་སྦྱོང་སྤྲོད་སྐབས་དམིགས་ཡུལ་གང་འདྲ་བཟུང་མིན་སོགས་གསལ་བོ་མེད་པ་ཡིན་ན། སློབ་སྦྱོང་སྤྲོད་པའི་རྒྱུ་དངོས་རྗེས་གསུམ་གྱི་བྱ་བ་ཡོངས་སུ་རྫོགས་པ་རྨི་ལམ་ལྟ་བུ་ཞིག་ཆགས་འགྲོ་གི་ཡོད་སྟབས།  ཤེས་ཡོན་སྲིད་བྱུས་ཀྱིས་ཤེས་ཡོན་གྱི་དགོས་པ་དང་དམིགས་ཡུལ་གང་འདྲ་ཞིག་སྲུང་དགོས་མིན་གཙོ་བོ་འཛིན་གྱི་ཡོད་སྐོར་གསུངས་བྱུང་།  

བོད་ཕྱི་ནང་གཉིས་ཀྱི་མི་རིགས་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་ཐད་ཁོང་གིས། “ བོད་ནང་བཙན་དབང་འོག་ཡོད་པའི་བོད་མི་ཚོ་ཧ་ཅང་གཟི་བརྗིད་ཆེན་པོ་དང་རླབས་ཆེན་པོ། སྙིང་སྟོབས་ཆེན་པོ་རེད། སྲོག་གི་ཉེན་ཁ་ཡོད་ཀྱང་རང་གི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་བྱས་པར་འཛེམས་ཟོན་བྱེད་ཀྱི་ཡོད་པ་མ་རེད། བཙན་བྱོལ་ནང་སྐྱིད་དྲགས་པའི་དབང་གིས་རང་གི་སྐད་ཡིག་དང་། རང་མི་རིགས་ཀྱི་ངོས་འཛིན་དག་ལ་བོད་ནང་སྲོག་ལ་བརྟེན་ནས་སྲུང་སྐྱོབ་བྱེད་ཀྱིན་པ་མཐོང་བཞིན་དུ་ང་ཚོས་དགའ་སྤོབས་ངང་བློས་གཏོང་དང་། བསམ་བློའི་ཁྱེར་ཕྱོགས་ཀྱི་དབང་གིས་སོ་སོའི་སྐད་ཡིག་དང་ལེགས་བྱང་དེ་གལ་ཆེན་མ་ཡིན་པ་དང་། མི་ཚེའི་ནང་ཕན་ཐོགས་མེད་པ། ང་ཚོའི་སྐད་ཡིག་དང་ལེགས་བྱང་རྗེས་ལུས་ཐེབས་པའི་རྣམ་པ་ཡོད་པ། དུས་རབས་ ༢༡ ནང་འཇིག་རྟེན་ཁྱོན་ཡོངས་དང་མཉམ་དུ་དཔུང་པ་མཉམ་གཤིབ་བྱས་ཏེ་འགྲོ་དགོས་ཚེ། ངེས་པར་དུ་ཕྱི་རྒྱལ་གཞན་གྱི་སྐད་ཡིག་སྦྱོང་བ་དང་དེ་ཚོའི་གོམ་ཚད་རྒྱག་ན་མ་གཏོགས། བོད་པའི་ཆོས་དང་རིག་གཞུང་གིས་འདང་གི་མེད་པ། བསམ་ཚུལ་ཡང་དག་པ་མིན་ཡང་། བོད་པའི་ཁྲོད་དེ་འདྲ་ཞིག་བསླེབས་བསྡད་ཀྱི་ཡོད་པ་རེད། བསམ་ཚུལ་དེ་མཆོག་ཞན་ཚང་མའི་ནང་བསླེབས་ཀྱི་ཡོད་པ་རེད། ཡིན་ནའང་། དཔལ་འབྱོར་གྱི་མཐུན་རྐྱེན་མེད་མཁན་ཚོས་སོ་སོའི་ཕྲུ་གུ་བོད་ཡིག་སློབ་སར་མི་མངགས་རང་མངགས་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གྱི་སློབ་གྲྭ་ཆེན་མོར་གཏོང་བའི་དཔལ་འབྱོར་འདང་གི་ཡོད་པ་མ་རེད། དཔལ་འབྱོར་ཡོད་མཁན་ཚོས་རང་གི་ཕྲུ་གུ་བོད་ཀྱི་སྐད་ཡིག་དང་ལེགས་བྱང་ལ་འབྲེལ་བ་གཅིག་ཀྱང་མེད་པའི་སློབ་གྲྭ་ཁག་ལ་བཏང་བ་དེས་ག་རེ་མཚོན་གྱི་འདུག་ཅེ་ན། ང་རང་ཚོའི་སྐད་ཡིག་དང་ལེགས་བྱང་དེས་མ་འོངས་པའི་ཕྲུ་གུའི་མདུན་ལམ་ལ་ཕན་ཐོགས་མེད་པ་ཞིག་དང་ཕྲུ་གུ་དེའི་མདུན་ལམ་གྱི་ཁོ་རང་གི་མི་ཚེ་རྐྱང་མ་གཏོགས། བོད་རྒྱལ་ཁབ་དང་བོད་མི་རིགས་ལ་འགན་འཁྲི་གང་ཡང་མེད་པའི་བསམ་ཚུལ་འཁུར་ནས་འགྲོ་བསྡད་ཀྱིན་པ་དེ་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་རེད། ” ཅེས་གསུངས་སོང་། 

ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་ཐད་རིན་པོ་ཆེ་མཆོག་གིས། “ སྤྱི་ཚོགས་ཀྱི་དཀའ་ངལ་དེར་གདོང་ལེན་བྱ་བར་སྲིད་ཇུས་ཤིག་ཡོད་པ་ཡིན་ན། སྲིད་ཇུས་དེའི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་སུ་རྫོགས་པའི་བསམ་བློའི་གནས་ཚད་ལ་འགྱུར་བ་གཏོང་མ་ཐུབ་ཀྱང་། རྣམ་དཔྱོད་ཡོད་མཁན་མི་ཉུང་བ་ཞིག་གིས་གནས་ཚད་དང་བསམ་ཕྱོགས་ལ་འགྱུར་བ་གཏོང་ཐུབ་པ་ཞིག་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་སློབ་གྲྭ་ཁག་གི་ནང་རང་གི་དགོས་མཁོ་དང་འཚམ་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཐུབ་པ་ཡིན་ན། བཙན་བྱོལ་བོད་ཕྲུག་ནང་ནས་བརྒྱ་ཆ་མི་ཉུང་བ་ཞིག་བོད་པ་རང་བཟོ་ཐུབ་པ་ཞིག་དང་། མ་འོངས་པར་བོད་མིའི་ངོས་འཛིན་མི་བརླག་པ་ཞིག རྗེས་མར་སོ་སོ་བོད་ལ་ལོག་ཐུབ་པ་བྱུང་ཡང་སྐད་བསྒྱུར་བྱེད་མི་དགོས་པ་ཞིག་བཟོ་རྒྱུའི་དམིགས་ཡུལ་ཤེས་ཡོན་སྲིད་བྱུས་ཀྱི་དོན་དག་སྙིང་པོ་རེད། རྩ་དོན་གྱི་ཐོག་ནས་ཀྱང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྲོལ་མིན་པར་འདུ་ཤེས་དང་ངོ་བོ་གཉིས་ཐོག་ནས་བོད་མི་ཡིན་ན་བལྟ་ས་ཡོད་པ་རེད། དེ་མིན་སྐྱེས་སུ་འབྱུང་ཁུངས་བོད་མི་ཡིན་ཡང་། ཤེས་ཡོན་སློབ་གསོ་དང་གཤིས་རྒྱུད་ཀྱི་ཆ་ནས་བོད་མི་མིན་པ་ཞིག་ཆགས་པ་ཡིན་ན། བོད་ཀྱི་རྩ་དོན་ཐོག་ལས་ཀ་བྱས་ཀྱང་། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྟ་བུ་ཆགས་རྒྱུ་ལས། བོད་རིགས་རང་གིས་རང་ཉིད་ཀྱི་དོན་དུ་བྱས་པའི་སྲོལ་ཆགས་རྒྱུ་ཁག་པོ་རེད། དེར་བརྟེན། ཤེས་ཡོན་སྲིད་ཇུས་ཀྱི་དམིགས་ཡུལ་བོད་ཕྲུག་ཚོ་མ་འོངས་པར་བོད་པ་ཆགས་རྒྱུའི་དམིགས་ཡུལ་བཟུང་། དེའི་དོན་དུ་ཐབས་ལམ་གང་དང་གང་དགོས་མིན་གསལ་འདོན་བྱས་ཡོད་པ་རེད།” ཅེས་གསུངས་བྱུང་།  

མ་འོངས་པར་སློབ་ཕྲུག་ཚོའི་ངོས་ནས་བོད་པའི་ངོ་བོ་སྲུང་སྐྱོབ་བྱེད་ཕྱོགས་ཐད་ཁོང་གིས། “ སློབ་ཕྲུག་ཚོའི་ངོས་ནས་ ཤེས་ཡོན་སྲིད་བྱུས་དེ་ཕ་མ་དང་སློབ་ཕྲུག་གང་གི་ཐོག་ལའང་བཙན་ཤུགས་ཀྱི་ཐོག་ནས་འགེལ་ཐུབ་པ་མ་རེད། ཚང་མ་རང་དབང་རེད། སློབ་གྲྭ་གང་དུ་གཏོང་མིན་དང་སློབ་སྦྱོང་ག་རེ་གནང་མིན་རང་དབང་རེད། ཡིན་ནའང་། རང་དབང་གི་གནས་བབ་དེའི་འོག་ནས་བྱུང་རབས་ལ་འགན་འཁུར་དགོས་སྟབས། ཕ་མ་དང་སློབ་ཕྲུག་གཉིས་ཀས་གནས་ཚུལ་གསལ་བོ་མ་ཤེས་པར་ལུས་པ་ཡིན་ན། དེ་བྱུང་རབས་ལ་འགན་མ་འཁུར་བ་ཞིག་ཆགས་ཀྱི་ཡོད་སྟབས། སློབ་ཕྲུག་དང་ཕ་མ་གཉིས་ཀས་བོད་མི་ཚད་ལྡན་ཞིག་དང་བོད་མིའི་ངོས་འཛིན་མ་བརླག་པ་ཞིག་བཟོ་རྒྱུའི་འདོད་པ་ཡོད་པ་ཡིན་ན། ཤེས་ཡོན་སྲིད་ཇུས་འདི་འདྲ་ཞིག་ཡོད་པ་རེད། སློབ་ཕྲུག་ཚོའི་ངོས་ནས་ཀྱང་རྗེས་མ་མི་ཚེ་གང་འདྲ་ཞིག་བསྐྱལ་མིན་དང་། ངོས་འཛིན་གང་འདྲ་ཞིག་གི་ཐོག་འགྲོ་མིན་ད་ལྟ་ནས་གསལ་བོ་མཁྱེན་དགོས་པ་རེད། དེ་མཁྱེན་པའི་ཐོག་ནས་སོ་སོའི་ལམ་ཕྱོགས་གཏན་འཁེལ་བ་ཡིན་ན། མི་ཚེ་ཚད་དང་ལྡན་པ་ཡོང་བའི་རེ་བ་ཡོད་པ་རེད།  བོད་པ་ཚད་ལྡན་ཞིག་དང་བོད་ཀྱི་བརྟེན་སའི་ཆོས་དང་རིག་གནས། ང་ཚོའི་མི་རབས་གོང་མ་ཚོས་སྲོག་ལས་གཅེས་བར་བཟུང་སྟེ་བདག་གཅེས་བྱས་པའི་རིག་པའི་གཞུང་ལུགས་དེ་དག་འཇིག་རྟེན་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་དོན་དུ་མཉམ་སྤྱོད་བྱེད་པའི་ནུས་པ་ཡོད་པའི་བོད་མི་ཞིག་ཆགས་རྒྱུའི་འདོད་པ་ཡོད་པ་རེད། སྐྱེས་ས་འབྱུང་ཁུངས་བོད་པ་ཡིན་ཡང་། སློབ་སྦྱོང་དང་གཤིས་སྤྱོད་སོགས་ནུབ་ཕྱོགས་པ་བྱེད་པའི་འདོད་པ་ཡོད་མིན་སོ་སོའི་འདེམས་ཀ་རྒྱག་རྒྱུ་རེད། ནུབ་ཕྱོགས་པ་ཞིག་བྱེད་པའི་འདོད་པ་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ཤེས་དགོས་པ་རེད། ནུབ་ཕྱོགས་པ་ཡག་པོ་ཞིག་ཆགས་པའི་ལྟོས་ཚུལ་དེ་བོད་མི་རིགས་ལ་ཡོད་མེད་སྟབས། ག་ཚོད་བྱས་ཀྱང་ལད་ཟློས་བྱེད་མཁན་ཞིག་ལས་དངོས་ཡོད་གཤིས་ལུགས་དེ་ནུབ་ཕྱོགས་པ་ཆགས་ཁག་པོ་རེད།  ”ཅེས་གསུངས་བྱུང་།

མཇུག་ཏུ་ཁོང་གིས་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོར་སློབ་སྦྱོང་བྱས་པའི་མཐའ་མར་སོ་སོའི་མི་ཚེ་སྐྱེལ་དགོས་སྟབས། མི་ཚེ་སྐྱིེད་པོ་སྐྱེལ་བ་ལ་དང་པོ་གཟུགས་གཞི་བདེ་ཐང་དང་། གཉིས་པ། བསམ་བློ་བདེ་ཐང་། གསུམ་པ། འཚོ་ཐབས་ཡང་དག་པ་བཅས་ཆ་རྐྱེན་གསུམ་ཚང་དགོས་པ་དང་། ཆ་རྐྱེན་དེ་དག་ལག་བསྟར་བྱ་མིན་སོ་སོའི་ལག་ཏུ་ཡོད་པ་ཞིག་ཡིན་སྟབས། མི་ཚེའི་ནང་རང་ཉིད་ཁོ་ནར་མིན་པར་དང་འཚེ་བ་མེད་པ་དང་རྒྱུན་གནས་ཐུབ་པ། ཁོར་ཡུག་ལ་མི་གནོད་པའི་ཐོག་རང་གི་མི་རིགས་ཀྱི་ལས་དོན་ཐོག་རང་གི་རིག་གནས་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་ན་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་བ་དང་། མི་ཚེ་དོན་དང་ལྡན་པ་ཡོང་ཐབས་སུ་གོང་གསལ་ཆ་རྐྱེན་གསུམ་གྱི་ཐོག་ནང་དོན་རིག་པའི་བསམ་ཚུལ་བཅས་ཆ་རྐྱེན་བཞིའི་ཐོག ཆུང་དུས་ནས་གཟུགས་པོའི་རྨང་གཞིའི་སྟེང་དང་བསམ་བློ། འཚོ་ཐབས་བཅས་ཀྱི་ཐོག་སོ་སོ་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ངོ་རང་གི་ཤེས་པར་བྱ་རྒྱུ་དང་། རང་ཉིད་ཀྱི་མདུན་ལམ་ཐག་གཅོད་ཐུབ་པའི་ལམ་ཁར་བསྙེགས་པ་ཡིན་ན་མི་ཚེ་དོན་དང་ལྡན་པ་ཞིག་ལ་བསྙེགས་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་བྱུང་།

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 7

  1. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    གསེར་གྱི་ཟམ་ཆེན་བརྐྱངས་པའི་གཏམ་གདོང་ལྔའི་གད་རྒྱངས།

    གཞས་ཚིག་རྩོམ་པ་པོ། མགོ་ལོག་ཟླ་བྷེ།

    ༧རྒྱལ་དབང་ཐུགས་དང་འགལ་བ་མེད།།
    བླ་མའི་བཀའ་ལས་འདའ་བ་མེད།།
    ཁས་བླངས་དམ་བཅར་འགྱུར་བ་མེད།།
    མདོར་ན་གཤིས་ལ་གཡོ་བ་མེད།།

    ཆོལ་ཁ་གསུམ་ལ་ཕྱོགས་ཞེན་མེད།།
    ཆོས་བརྒྱུད་ཁག་ལ་ཆགས་སྡང་མེད།།
    གཞིས་བྱེས་གཉིས་ལ་དམར་ལོད་མེད།།
    མདོར་ན་འབངས་ལ་ཉེ་རིང་མེད།།

    སྣ་མང་སྐད་ལ་འགགས་པ་མེད།།
    ཐབས་མང་ཆོས་ལ་འཁྲུལ་བ་མེད།།
    བྱུས་མང་སྲིད་ལ་ནོར་བ་མེད།།
    མདོར་ན་མཁྱེན་རབ་ཐོགས་པ་མེད།།

    ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་ལ་སྲུང་གཙིའི་གཞས་ཚིག་ཙམ་པོ་བ་འདི། ནུབ་ཕྱོགས་ཡུ་རོབ་གླིང་ནས་ཕྲན་མགོ་ལོག་ཟླ་བྷེ་རུ་འབོད་པས་བོད་རྒྱལ་ལོ༢༡༤༠ཆུ་སྦྲུལ་ཟླ་༩ཚེས་༥ལ་གུས་པ་ཆེན་པོས་ཕུལ་བ་ལགས་ན། གང་ཉིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྲིན་ལས་ཉིན་བྱེད་དབང་པོའི་གསེར་གྱི་ཤིང་རྟ་འདྲེན་པའི་ཁ་ལོ་བ་དང་། བོད་གཞིས་བྱེས་མི་འགྱུར་སྲོག་གི་ཀ་ཆེན་བརྟན་པའི་སྐྱོར་མ།བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་སོགས་ཀྱི་ཆེད་དུ་སྐུ་ཚེ་བརྟན་ཞིང་ཐུགས་བཞེད་འགྲུབ་པའི་རྒྱུར་གྱུར་ཅིག། །།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    སྐུ་གཟི་བརྗིད་ཅན་པོ། གསུང་བྱིན་རླབས་ཅན་པོ། ཐུགས་དཀྱེལ་ཡངས་ཅན་པོ། རྗེ་བླ་མ་ཟམ་གདོང། སྐུ་བར་ཆད་མེད་པར། དོན་ཕུན་ཚོགས་ལྷན་འགྲུབ།

    Reply
  3. བློ་སྤེན། says:
    ལོ་ 12 སྔོན།

    ང་ཚོའི་འདིའི་དཀའ་ངལ་ཆེས་ཤོས་དེ་གང་ཟག་སྒེར་གྱི་སྣང་བ་མི་འགྲོ་དང་མི་འགྲོ་ལ་བལྟ་བ་ལས་སྤྱི་པའི་རྩ་དོན་དང་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་ལ་ཕན་ཐོགས་དང་་བྱས་རྗེས་ག་ཚོད་ཡོད་མེད་དེ་བསམ་གཞིགས་བྱེད་མཁན་ཆེས་ཉུང་ཉུང་རེད་འདུག་པས་དེ་སྤྱི་ཚོགས་འདིའི་ཆེས་ཚབ་ཆེན་བའི་སྐྱོ་གནས་ཤིག་རེད། ད་དུང་ཁ་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་སྐོར་སོགས་བརྒྱུད་ལམ་ཁག་དང་། མཛད་སྒོ། ཚོགས་འདུ་ག་བར་ཡིན་ན་སྡུག་སྐད་གང་མང་རྒྱག་གི་ཡོད་རེད་ལ། དོན་དུ་བོད་ཀྱི་སྐད་ཡིག་འཛིན་སྐྱོེང་སྤེལ་གསུམ་བྱེད་མཁན་རླབས་ཆེན་སྐྱེས་བུ་བོད་མི་རིགས་ཀྱི་ཤེས་རབ་དང་རྣམས་དཔྱོད་ཀྱི་རིག་རྩལ་ངོམ་སུ་ཆོག་པའི་གནའ་དེང་ཤེས་རིག་གི་གཏེར་མཛོད་སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཁས་དབང་ཟེར་བའི་ཐ་སྙད་འདི་བེད་སྤྱོད་གཏོང་འདོད་མེད་མཁས་གང་མང་ཡོད་ལ་གསར་འགྱུར་བརྒྱུད་ལམ་འདྲ་པོ་ལ་ཆ་མཚོན་ན་བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གི་རྩ་དོན་འདི་དམ་བཅའ་བརྟན་པོ་ཟིན་མཁན་ཞིག་རེད། ཡིན་ནའང་དེ་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་བསམ་གྱི་ཡོད།

    Reply
  4. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 12 སྔོན།

    བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་ནས་མི་མང་པོས་གུས་བརྩི་དང་། ཡང་ན་འགའ་ཞིག་གིས་སྐྱོན་བརྗོད་བྱེད་པའི་ཟམ་གདོང་འདི། ཅི་འདྲ་ཡིན་མིན་དང་། གང་ཞིག་དྲན་མིན། ཇི་ལྟར་བྱའམ། ནམ་ཞིག་འགྲོ་བར་སོགས་ནི་བཤད་མི་དགོས་སོ། དེ་ལས་གཞོན་སྐྱེས་རྣམས་ཀྱིས་ཇི་ལྟར་འཇོན་གི་འདུག་གམ། གང་ཞིག་ཤོད་ཀྱི་འདུག ག་ཚོད་ཙམ་གྲུབ་སོང་ངམ་བཅས་གཟིགས་ན། ཕན་ཐོགས་ཆེན་པོར་མི་འདུག་གམ། དྲྭ་གྲོགས་ཚོ། ངས་བྱས་ན་རྒན་པའི་རྒན་རབས་ཀྱི་གྲུབ་འབྲས་དང་། ཕྱི་རབས་ཀྱི་མི་རྒྱུད་རྣམས་ཀྱི་འཆར་གཞི་གཉིས་གདང་ང་བྱས་ན། བོད་ཀྱི་རྩ་བའི་གནས་ལ་ལྟོས་ན་ཕྱི་རབས་ཀྱི་འཆར་གཞི་རྒྱུ་ཙམ་ལས། རྒན་རབས་རྣམས་ཀྱིས་འཇོན་བཞག་དང་འགྲུབ་བཞག་གང་ཡོད།

    Reply
  5. ཟུར་ཁང་བློ་བཟང་། says:
    ལོ་ 12 སྔོན།

    རིན་པོ་ཆེ་མཆོག་གིས་བཀའ་སློབ་གནད་དུ་འཁེལ་བ་གསུངས་གནང་འདུག ལྷག་པར་དུ་བཀའ་ཤག་གསར་པ་དང་ཤེས་རིག་ལས་ཁུངས་ལ་གོ་རྒྱུ་མང་པོ་ཡོད་པ་ཞིག་གསུངས་གནང་འདུག ཤེས་རིག་བཀའ་བློན་དང་ཤེས་རིག་དྲུང་ཆེ་གཉིས་ཀྱི་རྐུབ་ནང་ལ་སྒྲོན་མེ་སྦར་དགོས་པ་དུས་ཐོག་ཆར་པ་རེད། དེ་ནས་གསར་འགོད་པ་དོན་གོ་ལགས་ཀྱིས་ཀྱང་དོ་སྣང་མ་སྤྲད་པའི་ནོར་འཁྲུལ་ཤོར་འདུག ཚིག་དོན་ལ་བསམ་བློ་བཏང་ན་བཀའ་ཟུར་དང་བཀའ་བློན་ཁྲི་ཟུར་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རེད། གསར་ཁང་ཚད་ལྡན་ཞིག་ཡིན་ཚེས་གསར་འགྱུར་གྱི་ཁ་ཕྱོགས་གཙོ་བོ་ཆབ་སྲིད་ཡིན་པ་དང་། ཆབ་སྲིད་མཚན་ཉིད་རིག་པའི་ནང་། ཆབ་སྲིད་ཀྱི་གནས་ཚུལ་དང་རྩོམ་ཡིག་གཏམ་བཤད་གང་ཞིག་ཡིན་ཡང་མིང་ཚིག་བེད་སྤྱོད་གཏོང་ཕྱོགས་ཧ་ཅང་གནད་འགག་ཅིག་ལ་འཛིན་གྱི་ཡོད་པ་རེད།

    Reply
  6. བསྟན་ཆོས། says:
    ལོ་ 12 སྔོན།

    ང་ཚོའི་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ནི། ཕྱི་རྒྱལ་ཡུ་གྲུ་ཁག་གི་བོད་པ་ཚོ་སྨྲས་ཅི། དཔེ་སྟོན་སློབ་གྲྭ་གཙོས་འབྱུང་ཕྲུ་གུ་ཚོར་ཁ་མིག་ཡར་བལྟ་བྱེད་པར་བསྐུལ་འདེད་གནང་སའི་དཔེ་མཚོན་གསོན་པོ་ཞིག་གོ།

    Reply
  7. ཇོ་སྲས། says:
    ལོ་ 12 སྔོན།

    ང་ཚོའི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཉིས་རྒྱབ་སྐྱོར་ཚོགས་པ་དེའི་མགོ་གཙོ་དང་དྲུང་ཆེར་བདམས་པ་ཡིན་ན་ཞེ་དྲག་ཡག་པོ་ཡོང་ས་རེད།།

    དེ་ནས་གསར་འགོད་པ་དོན་ཁོ་ལགས་སུ་ཞུ་ཡ་གཅིག་ནི། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་རེད། བཀའ་ཟུར་དང་བཀའ་བློན་ཁྲི་ཟུར་གཉིས་ལ་ཁྱད་པར་ཡོད་པ་རེད། གཉིས་ནས་སློབ་དཔོན་ཁོང་མཁས་དབང་ཡིན་པ་ཁྱེད་ནས་ཀྱང་རྟོགས་མེད་ཀྱང་གོ་ཡོད་ངེས་རེད། སོང་ཙང། བོད་རང་གི་ཐ་སྙད་བྱིན་ཅན་དེ་ཚོ་འཇུག་ཡུལ་ངོ་མ་ཞིག་ལ་སྦྱར་ནས་བེད་སྤྱོད་ཚུལ་བཞིན་གཏོང་རྒྱུ་དེ་བརྡ་སྤྲོད་མཁན་ཞིག་ལ་ཚང་དགོས་ཀྱི་མེད་འགྲོ་བསམས་པས་དགོངས་བཞེས་གནང་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese