མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་དང་དབུཊ་སྦྱོང་ལ་སློབ་སྦྱོང་བྱོས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གཏན་འབེབས་ལྟར། ༢༠༠༦ ལོའི་མཇུག་ནས་བཟུང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༢ ཀྱི་དགེ་ལས་སློབ་ཕྲུག་ཚོར་རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་དང་། དབུགས་སྦྱོང་རིགས་ལག་བསྟར་གནང་གིན་ཡོད་སྟབས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་དུ་ཕྱག་ལས་གནང་བཞིན་པའི་ལུས་དབུགས་སྦྱོང་བརྡར་དགེ་རྒན་ཆོས་དར་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། ཐོག་མར་རྒན་ལགས་ཀྱིས་རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་དང་དབུགས་སྦྱོང་ལ་མྱོང་གོམས་གནང་བའི་བརྒྱུད་རིམ་མདོར་བསྡུས་ཤིག་གསུངས་རོགས།

        ལན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སློབ་ཕྲུག་ཚོར་བོད་སྲོལ་རྒྱུན་གྱི་རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་དང་དབུགས་སྦྱོང་རིགས་ལག་བསྟར་བྱེད་དགོས་པའི་གཏན་འབེབས་གནང་ཡོད་པ་ལྟར། ༢༠༠༦ ལོའི་ཕྱི་ཟླ་ ༩ པའི་ནང་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས། རྒྱ་གར་གྱི་ཨུ་ཌར་ཁན་མངའ་སྡེའི་གྲོང་ཁྱེར་ཧཱ་རི་ཝར་གྱི་ལུས་སྦྱོང་བསྟི་གནས་ (Patanjali Yogpeeth Hardwar)སུ་སཾ་བྷོ་ཊའི་ཁྱབ་ཁོངས་གཏན་སློབ་ཁག་ ༥ ཡི་ལུས་རྩལ་དགེ་རྒན་རྣམ་པ་བཅས་ང་ཚོ་མི་ ༧ ཆེད་མངགས་ཀྱིས། རྒྱ་གར་ལུས་སྦྱོང་(Yoga)སློབ་དཔོན་སུ་ཝཱ་མཱི་རམ་ཌི་ཇི་ (Swami Ramdevji) ཡི་དྲུང་ནས་ལུས་སྦྱོང་དང་དབུགས་སྦྱོང་སྐོར་སློབ་སྦྱོང་བྱས་ཏེ་མཐར་ཕྱིན་རྗེས། ༢༠༠༦ ལོའི་ལོ་མཇུག་ནས་བཟུང་ཐོག་མའི་དམིགས་ཡུལ་ལྟར་སཾ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁང་གི་དགེ་ལས་སློབ་ཕྲུག་ཚོར། ལུས་དབུགས་སྦྱོང་བརྡར་གྱི་ཐབས་ལམ་ངོ་སྤྲོད་དང་འབྲེལ་ལག་ལེན་གནང་མགོ་བརྩམས་ཡོད་པ་དང་། ང་རང་ལྟ་བུ་ཡིན་ན། སློབ་མཐར་ཕྱིན་པ་དང་སཾ་བྷོ་ཊའི་ཁྱབ་ཁོངས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་གངས་སྐྱིད་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག སྨན་རྩིས་ཁང་མཐོ་སློབ་ཀྱི་དགེ་སློབ། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་མ་ཚབ་རྣམ་པ་དང་། བདེ་སྐྱིད་གླིང་ས་གནས་མི་མང་དང་ས་གནས་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག ཀམ་རའོ་དང་སྦན་ད་ར་ནོར་རྒྱས་གླིང་སོགས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་རེ་སྐུལ་ལྟར། དྭང་བླངས་ཀྱིས་ལུས་སྦྱོང་དང་དབུགས་སྦྱོང་གི་ཐབས་ལམ་ངོ་སྤྲོད་དང་འབྲེལ་སྦྱོང་བརྡར་ཕུལ་བའི་ཞབས་ཞུ་ཞུས་དང་ཞུ་མུས་ཡིན།

དྲི་བ། ལུས་དབུགས་སྦྱོང་བརྡར་ལ་རྩ་བའི་རྣམ་པ་མི་འདྲ་བ་ཅི་ཙམ་ཡོད་པ་དང་།  དེ་དག་གི་ཕན་ནུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། སྤྱིར་བཏང་ལུས་སྦྱོང་ལ་རིགས་མང་པོ་ཞེ་དྲག་ཡོད་ཀྱང་། ང་ཚོར་དུས་ཚོད་མེད་སྟབས་ལུས་སྦྱོང་ ༧ དང་དབུགས་སྦྱོང་ ༧ སྦྱོང་གི་ཡོད་པ་དང་། ལྷག་པར་དུ་དབུགས་སྦྱོང་གལ་ཆེ་ཤོས་ཡིན་སྟབས། དཔེར་ན། ཆུ་ཚོད་གཅིག་རིང་སྦྱོང་བརྡར་བྱས་པ་ཡིན་ན། སྐར་མ་ ༤༥ དབུགས་སྦྱོང་ལ་གཏོང་བ་དང་། སྐར་མ་ ༡༥ ལུས་སྦྱོང་ལ་གཏོང་གི་ཡོད་པ་རེད། དབུགས་སྦྱོང་ལ་རྣམ་པ་མི་འདྲ་བ་ ༧ ཡོད་པ་ལས། དང་པོ། བདུད་རྩི་འབེབ་སྦྱོང་ནི་སྣ་བུག་གཉིས་ལས་དབུགས་ཆེན་པོ་རྔུབ་རྗེས། ཅུང་ཙམ་རིང་དབུགས་ཁོག་པའི་ནང་དུ་ཉར་ནས་ག་ལེར་སྣ་བུག་གཉིས་ལས་ཕྱིར་འདོན་དགོས་ལ། དབུགས་སྦྱོང་འདིས་ཆམ་པ་དང་གློ་ལུད། ཟས་རིགས་མི་འཕྲོད་པའི་ནད་རིགས། དབུགས་གཏོང་ལེན་དང་འབྲེལ་བའི་ནད་རིགས་སོགས་བཅོས་ཐུབ་པ་མ་ཟད། གློ་བའི་སྟོབས་རྒྱས་ཤིང་སྙིང་དང་མགོ་བོའི་རྩ་འཁོར་ལ་རླུང་གི་ནུས་པ་འདང་ངེས་ཐོབ་པར་ཕན་པ་དང་། དེ་བཞིན། མིད་པ་དང་འབྲེལ་བའི་ནད་རིགས་དང་། རླུང་མཁྲིས་བད་གསུམ་གྱི་ནད་གཞི་སྙོམས་པར་བྱེད་པ། ཁྲག་གཙང་མ་བཟོ་བ། རླུང་གི་ཚད་གཞི་ཆ་སྙོམས་པར་བྱས་ཏེ་སེམས་རྒྱུད་ཞི་ཞིང་བདེ་བ་སོགས་ལ་ཕན་གྱི་ཡོད། དབུགས་སྦྱོང་འདི་སྐར་མ་ ༢ ནས་ ༣ བར་སྦྱོང་དགོས་ཀྱང་། ཁྲག་ཤེད་མཐོ་བའི་ནད་རིགས་དང་སྙིང་ནད་ཡོད་མཁན་ཚོར་དབུགས་སྦྱོང་འདི་ཡག་པོ་ཡོད་པ་མ་རེད། དབྱར་དུས་ཚ་བ་ཆེ་སྐབས་སྦྱོང་བརྡར་གྱི་དུས་ཡུན་ཐུང་དགོས། དབུགས་སྦྱོང་འདི་ལ་དལ་འབྲིང་མགྱོགས་གསུམ་བཅས་མྱུར་ཚད་རིམ་པ་གསུམ་ཡོད་སྟབས། དང་ཐོག་དལ་བོ་ནས་མགོ་བཙུགས་ཏེ་རིམ་གྱིས་ཇེ་མགྱོགས་སུ་གཏོང་དགོས་པ་རེད།  གཉིས་པ། དབུགས་ལེན་གཟི་འབར་དབུགས་སྦྱོང་གི་ནང་ནས་ནད་རིགས་གསོ་བཅོས་དང་སྔོན་འགོག་ལ་ཆེས་ཕན་ཤོས་ཤིག་ཡིན་ལ། ངེས་པར་དུ་གསོལ་གྲོད་སྟོང་པ་ཡིན་སྐབས་སྦྱོང་བརྡར་བྱེད་དགོས། གང་ཡིན་ཟེར་ན། སྣ་བུག་གཉིས་ལས་དབུགས་འབྱིན་པ་དང་བསྟུན་ཏེ་གསོལ་གྲོད་ཡར་སྐུམ་པ་དང་། དབུགས་རྔུབ་པ་དང་གསོལ་གྲོད་མར་གློད་དགོས་ཀྱི་ཡོད་པ་རེད། དུས་ཚོད་ཡོད་ན་སྔ་དགོང་གཉིས་ལ་སྐར་མ་ ༡༠ ནས་ ༡༥ བར་སྦྱོང་དགོས་ལ། དུས་ཚོད་གཏན་ནས་མེད་ཀྱང་སྔ་དགོང་གཉིས་སུ་སྐར་མ་ ༥ རེར་རྒྱུན་ལྡན་གྱིས་སྦྱོང་ཐུབ་པ་ཡིན་ན། ལུས་ཀྱི་བཀྲག་མདངས་རྒྱས་པ་དང་། བཤང་འགགས་ཀྱི་དཀའ་ངལ་དང་ཁྲག་རྩ་འཁོར་རྒྱུག་སྙོམས་པ། ལུས་ཀྱི་ལྗིད་ཚད་མར་ཆགས་པར་ཕན་པ་མ་ཟད། རྒྱུ་ལོང་དང་ཕོ་བའི་འཇུ་སྟོབས་རྒྱས་པར་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་། ཚ་བ་ཆེ་བའི་དབྱར་དུས་སུ་སྐར་མ་ ༢ ལྷག་ལས་རྩེ་མི་རུང་། གསུམ་པ། ཕྱིའི་རླུང་སྦྱོང་ལ་གནོད་སྐྱོན་གྱི་ཆ་གང་ཡང་མེད་ལ། སྣ་བུག་གཉིས་ལས་དབུགས་ཡར་རྔུབ་རྗེས། དབུགས་ཆ་ཚང་ཕྱིར་འབྱིན་པ་དང་གསོལ་གྲོད་ཡར་སྐུམ་དགོས། དེ་ནས་སྐར་ཆ་ ༡༠ ཙམ་གྱི་རྗེས་ནས་སླར་ཡང་དབུགས་རྔུབ་དགོས་པ་རེད། དབུགས་སྦྱོང་འདི་ཉིན་རེར་ཐེངས་ ༣ ནས་ ༤ སྦྱོང་ཐུབ་པ་ཡིན་ན། སེམས་པ་བག་ལྷོད་དང་བློ་རིག་བཀྲ་བ། ཕོ་བའི་འཇུ་སྟོབས་རྒྱས་ཤིང་ལུས་སྟོབས་འཕེལ། སྐྱེས་པའི་ཁུ་བ་འཕེལ་བ་སོགས་ལ་ཕན་ནུས་ཆེན་པོ་ཡོད། བཞི་པ། གཏོང་ལེན་རླུང་སྦྱོང་ནི་སྣ་བུག་གཡས་པ་ནས་དབུགས་རྔུབ་རྗེས། སྣ་བུག་གཡོན་པ་ནས་དབུགས་མར་འབྱིན་པ་དང་།  དེ་ནས་ཡང་སྣ་བུག་གཡོན་པ་ནས་དབུགས་རྔུབ་སྟེ་སྣ་བུག་གཡས་པ་ནས་མར་འབྱིན་པ་བཅས་རེས་མོས་ཀྱིས་ཉིན་རེར་ཉུང་མཐར་སྐར་མ་ ༥ ལ་སྦྱོང་བརྡར་བྱེད་ཐུབ་པ་ཡིན་ན། གྲུམ་བུ་དང་དྲེག་ནད། གཅིན་པ་དང་མཁལ་མའི་ནད་རིགས། ཆམ་པ། མིག་འགྲིབ། ཡ་མ་སོགས་ཀྱི་ནད་གཞི་རྙིང་པ་དང་། རླུང་མཁྲིས་བད་གསུམ་གྱི་ནད་རིགས་བཅོས་ཐུབ་པ་མ་ཟད། ཟླ་བ་ ༣ ནས་ ༤ བར་རྒྱུན་མཐུད་དེ་སྦྱོང་ཐུབ་པ་ཡིན་ན། ཁྲག་རྩ་འགགས་པའི་ནད་རིགས་བརྒྱ་ཆ་ ༣༠ ནས་ ༤༠ བར་གཙང་བཟོ་ཐུབ་སྟབས། གསོལ་གྲོད་སྟོང་པ་ཡིན་མིན་ལ་མ་ལྟོས་པར་ཉིན་གཅིག་གི་དུས་གསུམ་ལ་སྦྱོང་ཐུབ་ན་ཡག་པོ་ཡོད་པ་རེད། ལྔ་པ། བུང་བའི་སྙན་འཇོ་ནི་དམིགས་བསལ་གྱིས་སྒོམ་སྒྲུབ་དང་འབྲེལ་བ་ཡོད་པ་རེད། དཔེར་ན་བྱམས་སྙིང་རྗེ་དང་སྟོང་ཉིད་སྒོམ་པ།  རྩ་བའི་བླ་མ་སོགས་སྒོམ་ནས་མིག་གཉིས་དང་ཁ་བཙུམ་ཏེ། ལག་པའི་མཐེ་བོང་གཉིས་ཀྱིས་རྣ་གཡས་གཡོན་བཀབ། མཛུབ་མོ་གཞན་བཞི་ཡིས་དཔྲལ་བ་དང་མིག་གཉིས་ཡང་པོ་མནན་རྗེས། སྣ་བུག་གཉིས་ནས་དབུགས་ཤུགས་ཆེན་རྔུབ་སྟེ་ཅུང་ཙམ་འགོར་རྗེས། དལ་བུར་ངང་དབུགས་མར་གཏོང་བ་དང་མཉམ་དུ་ཨྂ་ཞེས་སྦྲང་བུའི་སྒྲ་ལྟར་སྣ་བུག་ནས་འདོན་དགོས་ལ། འདི་ཡིས་དྲན་ཤེས་བརྟན་ཞིང་ཤེས་རབ་འཕེལ་བ། ཁྲག་ཤེད་སྙོམ་པ་སོགས་ལ་ཕན་པ་མ་ཟད། སྒོམ་སྒྲུབ་ཀྱི་ཉམས་ལེན་ཚུལ་བཞིན་དུ་ཡོང་བར་ཕན་པ་དང་། དབུགས་སྦྱོང་འདི་ཉིན་རེར་ཐེངས་ ༡༡ ནས་ ༢༡ བར་སྦྱོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། དྲུག་པ། མགྲིན་བརྒྱུད་རླུང་སྦྱོང་ནི་མགྲིན་པ་བརྒྱུད་ནས་རླུང་ཡར་རྔུབ་སྟེ་ཅུང་ཙམ་བཀག་རྗེས། སྣ་བུག་གཡོན་མ་ནས་དབུགས་ཕྱིར་འབྱིན་དགོས་ལ།  དེ་སྔུར་པ་ཆེན་པོ་འཐེན་པ་དང་དབུགས་འཚང་གི་ན་ཚ་སོགས་ལ་ཕན་པ་ཆེན་པོ་ཡོད་པ་རེད། བདུན་པ། ལྕེ་བརྒྱུད་རླུང་སྦྱོང་ནི་ལྕེའི་སྣེ་བུ་གའི་ཚུལ་དུ་བཀུག་སྟེ་དབུགས་རྔུབ་ནས་ཅུང་ཙམ་བསྡད་རྗེས། སྣ་བུག་གཉིས་ལས་དབུགས་འབྱིན་དགོས་པ་དང་། དེ་ཡིས་མིད་པ་དང་མཚེར་པའི་ནད། ཟས་མི་འཇུ་བ། བཀྲེས་སྐོམ་གྱི་ནད། ཁྲག་ཤེད་མཐོ་བ་དང་ཁྲག་གཙང་མ་མེད་པ། མཁྲིས་ནད་སོགས་མ་སྙོམས་པ་ལས་བྱུང་བའི་ཚ་བ་དང་འབྲེལ་བའི་ནད་རྣམས་སེལ་བར་ཕན་ཐོགས་ཆེན་པོ་ཡོད་ལ། སྦྱོང་བརྡར་དེ་ཚ་བ་ཆེ་ས་རུ་དུས་ཡུན་རིང་བ་དང་གྲང་ངར་ཆེ་ས་རུ་དུས་ཡུན་ཐུང་དགོས་པ་རེད། ཡིན་ནའང་། ཆམ་པ་དང་གློ་རྒྱག་པ། ལྕེའི་རྨེན་བུའི་ནད་སོགས་ཡོད་རིགས་ཚོར་མི་བཟང་། གོང་ནས་བརྗོད་པའི་ལུས་དབུགས་སྦྱོང་བརྡར་རིགས་བྱས་ཀྱང་ཟས་སྤྱོད་བསྟེན་སྟངས་ནོར་བ་ཡིན་ན་རྐང་རྗེས་ལག་བསུབ་ལྟ་བུ་ཆགས་འགྲོ་བའི་ཉེན་ཁ་ཡོད་སྟབས། སྨན་པར་བསྟེན་གཏུག་གིས་སོ་སོའི་ལུས་ཁམས་ཀྱི་རང་བཞིན་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལུས་དབུགས་སྦྱོང་བརྡར་དང་མཉམ་དུ་ཟས་སྤྱོད་ཚུལ་བཞིན་བསྟེན་ཐུབ་པ་ཡིན་ན། ལུས་ཁམས་བདེ་ཞིང་ཚེ་རིང་བ་ལ་ཕན་ཐོགས་ངེས་ཅན་ཡོད་པ་རེད། 

དྲི་བ། ཧབ་ཆ་རྒྱག་པའི་དབུགས་སྦྱོང་དེས་གཙོ་བོ་ག་རེ་ལ་ཕན་པ་རེད།

ལན། སྤྱིར་བཏང་རྒྱུན་དུ་གད་མོ་ཤོར་མཁན་ཚོར་གཟུགས་པོ་ཐང་པོ་འདྲ་བོ་ཡོད་ལ། གད་མོ་བགད་ན་སྙིང་གི་ན་ཚ་དང་རྩ་བུག་གསེང་ནས་ལུས་སེམས་བདེ་བོ་ཡོང་བར་ཞེ་དྲག་ཕན་པོ་ཡོད་སྟབས། སྙིང་གི་ན་ཚ་ཡོད་མཁན་ཚོས་ངེས་པར་དུ་ཧབ་ཆ་མང་པོ་རྒྱག་དགོས་པ་རེད།

དྲི་བ། སྦྲུམ་མས་དབུགས་སྦྱོང་རིགས་ག་རེ་བྱས་ན་མ་དང་སྦྲུམ་བུའི་འཕྲོད་བསྟེན་ལ་ཕན་པ་རེད། 

ལན། སྦྲུམ་ལྡན་མའི་སྐབས་སུ་དབུགས་ལེན་གཟི་འབར་ལྟ་བུ་ཁྱོན་ནས་སྦྱོང་རྒྱུ་ཡོད་པ་མ་རེད། སྐབས་དེར་བདུད་རྩི་འབེབ་སྦྱོང་དང་གཏོང་ལེན་རླུང་སྦྱོང་། བུང་བའི་སྙན་འཇོ། མགྲིན་པའི་རླུང་སྦྱོང་། ལྕེ་བརྒྱུད་རླུང་སྦྱོང་། ཧབ་ཆ་རྒྱག་པའི་དབུགས་སྦྱོང་བཅས་སྔ་དགོང་ལ་གནང་ཐུབ་ཚེ་ཡག་པོ་ཡོད་སྟབས། དབུགས་སྦྱོང་འདི་རིགས་སྦྲུམ་ལྡན་མས་ངེས་པར་དུ་སྦྱོང་དགོས་པ་རེད། དེ་དང་མཉམ་དུ་ཤ་སྨན་དང་སི་པེན་མང་པོ་མི་ཟ་བ་དང་། ཆུ་ཤིན་ཏུ་གྲང་མོ་མི་འཐུང་བ་སོགས་ཟས་སྤྱོད་ལའང་ཧ་ཅང་གཟབ་གཟབ་བྱེད་དགོས་པ་རེད།

དྲི་བ། ལས་ཁུངས་ཀྱི་སྲི་ཞུ་བ་ཚོར་སྟབས་བདེའི་ལུས་དབུགས་སྦྱོང་བརྡར་རིགས་ག་རེ་བཟང་བ་རེད།

ལན། ལས་ཁུངས་ནང་ཕྱག་ལས་གནང་མཁན་ཞིག་ཡིན་ཚེ་ཉིན་གང་བཞུགས་བསྡད་པར་བརྟེན། ཁོག་སྟོད་ན་བ་དང་ཁྲག་གི་འཁོར་རྒྱུག་འགགས་པ། རྐང་ལག་གི་ནད་གཞི་བྱུང་བ་སོགས་ནད་རིགས་མང་པོ་ཞིག་རིམ་གྱིས་འབྱུང་བཞིན་ཡོད་སྟབས། དེ་ལ་གསོ་བཅོས་དང་སྔོན་འགོག་གི་ཆེད་དུ་དབུགས་སྦྱོང་ཡང་བོའི་རིགས་དབུགས་ལེན་གཟི་འབར་དང་གཏོང་ལེན་རླུང་སྦྱོང་གཉིས་སྔ་དགོང་ལ་སྐར་མ་ ༥ རིང་སྦྱོང་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད། སྤྱིར་བཏང་དབུགས་སྦྱོང་རིགས་མང་པོ་ཡོད་ཀྱང་། གོང་དུ་བརྗོད་པའི་དབུགས་སྦྱོང་དེ་གཉིས་རྒྱུན་དུ་གནང་ཐུབ་ན་སྐར་མ་ ༥ ལས་མི་འགོར་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད།

དྲི་བ། དེང་སང་སྤྱི་ཚོགས་ཐོག་རང་དགར་ལུས་དབུགས་སྦྱོང་བརྡར་རིགས་རྩེ་མཁན་མང་པོ་ཡོད་སྟབས། གལ་སྲིད་སྦྱོང་བརྡར་གྱི་བྱེད་ཐབས་ནོར་བ་ཡིན་ན་གནོད་སྐྱོན་ཡོད་དམ།

ལན། དྲི་བ་དེ་ཧ་ཅང་གལ་གནད་ཆེན་པོ་ཞིག་རེད། དཔེར་ན། དབུགས་ལེན་གཟི་འབར་ལྟ་བུས་ལུས་ཀྱི་ནད་རིགས་གསོ་བཅོས་དང་སྔོན་འགོག་གི་ཕན་ནུས་ཆེན་པོ་ཡོད་ཀྱང་། སྦྱོང་བརྡར་བྱེད་སྟངས་ནོར་བ་ཡིན་ན། ཕན་པའི་ཚབ་ལ་གནོད་ཀྱི་ཡོད་པ་རེད། དབུགས་ལེན་གཟི་འབར་དབུགས་འབྱིན་པ་དང་གསོལ་གྲོད་ཡར་སྐུམ་དགོས་པ་རེད། ཡིན་ནའང་བྱེད་སྟངས་མ་ཤེས་པར་གསོལ་གྲོད་སྐུམ་པ་དང་དབུགས་རྔུབ་ཚེ་གནོད་ཀྱི་ཡོད་པ་རེད། དེ་དང་དེ་ལྟ་བུའི་གནོད་སྐྱོན་མང་པོ་འབྱུང་སྲིད་སྟབས། ངེས་པར་དུ་ལུས་དབུགས་སྦྱོང་བརྡར་སྐོར་ཡག་པོ་ཤེས་མཁན་ཞིག་ནས་ལམ་སྟོན་དགོས་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༦ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 2

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    རྣལ་འབྱོར་ལུས་སྦྱོང་ངམ་ yoga ཞེས་པ་འདི་དེང་སྐབས་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་ཁྱབ་ཆེ་ཞིང་མིའི་ལུས་སེམས་གཉིས་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་པ་ཡོངས་གྲགས་རེད། ནད་ཚ་རྙིང་པ་མང་པོ་ཞིག་ལུས་སྦྱོང་འདི་ལ་བརྟེན་ཏེ་དྲེག་སྐྱེད་བྱུང་སོང་ཟེར་མཁན་མང་པོ་འདུག ལུས་སྦྱོང་འདི་ཉམས་ལེན་བྱེད་མཁན་ཚོ་སྣང་བ་དྭངས་མོ་དང་སེམས་ཁམས་སྐྱིད་པོ་ཡིན་པ་ཞིག་ངས་དངོས་སུ་ཚོར་སོང་། བོད་པ་ཚོས་འདི་ལ་དེ་ཙམ་དོ་སྣང་སྤྲོད་ཀྱི་མི་འདུག ངས་ཚོད་དཔག་བྱས་ན། བོད་པ་ཚོའི་སེམས་པའི་ཟུར་ཞིག་ན་ལུས་སྦྱོང་འདི་ཆོས་ལུགས་གཞན་ཞིག་ལ་ཉམས་ལེན་བྱེད་ཀྱི་ཡོད་པ་དང་། ཡང་ན་དྲག་རྩལ་ལམ་རྩེད་རིགས་ཤིག་སྦྱོང་གི་ཡོད་པ། དེ་མིན་ན། སྙིང་ཁམས་བདེ་བོ་མིན་མཁན་ཚོས་ནད་བཅོས་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་བག་ལ་ཞ་བའི་ཚུལ་དུ་གནས་ཡོད། ཁག་ཅིག་གིས་ལུས་སྦྱོང་བྱེད་སྟངས་དེ་སྤྱོད་པ་ཁྱད་མཚར་ཡ་མ་བརླ། མཛེས་པོ་མེད་པའམ་གུས་ཞབས་མེད་པ། ཡང་ན་ཏོག་ཙམ་ངོ་ཚ་དགོས་པ་ཞིག་ཏུ་མཐོང་གི་ཡོད་ཤེས་ཀྱང་ཆེ། འདི་ནི་རྙིང་ཞེན་ནམ་རང་ལྟ་མཆོག་འཛིན་ཤུགས་ཆེ་དྲགས་ཏེ་གཞན་གྱི་དགེ་ལ་ལྟ་བའི་མིག་གཉིས་ལྐོག་ནས་ལོང་བས་རེད།
    ལུས་སྦྱོང་འདི་བོད་པའི་སྤྱི་ཚོགས་ནང་དར་ཁྱབ་འགྲོ་རྒྱ་ཧ་ཅང་གལ་ཆེན་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འདི་ཉམས་ལེན་བྱེད་པའི་གོམས་གཤིས་འཇགས་རྒྱུ་གལ་ཆེན་རེད། བོད་པའི་སློབ་གྲྭ་ཁག་ཏུ་ཉིན་ལྟར་ཆད་མེད་ཀྱིས་ཞལ་འདོན་ཆུ་ཚོད་གཅིག་གཉིས་རེར་སྐྱོར་འཇུག་རྒྱུའི་ཚབ་ཏུ་རྣམ་འབྱོར་ལུས་སྦྱོང་འདི་ཉམས་ལེན་བྱེད་འཇུག་ཐུབ་ན། འདིས་ན་གཞོན་ཚོའི་ལུས་སེམས་གཉིས་ཀར་ཕན་ཐོགས་འབྱུང་བ་མ་ཟད་སློབ་སྦྱོང་གི་ནུས་པ་ཡར་སྐྱེད་དང་། ལུས་སེམས་བདེ་ཐང་གི་སྤྱི་ཚོགས་ཤིག་འཚར་ལོངས་འབྱུང་བར་ཕན་ནུས་ཆེན་པོ་འཐོན་ངེས་ཡིན། བོད་པའི་ཆོས་རྒྱུད་གྲུབ་མཐའ་ཁག་ཅིག་ནང་འདིའི་སྐོར་གྱི་ཉམས་ལེན་བྱེད་སྟངས་དང་། དེའི་ཕན་ཡོན་སོགས་ཡོད་རབས་འདུག་པས་དེ་དག་གསང་བ་སྔགས་ཀྱི་ངོ་བོར་མི་འཇོག་པར་མང་ཚོགས་ནང་རྒྱུན་ཤེས་ཤིག་གམ། སྤྱི་ཚོགས་རིག་གནས་ཤིག་གི་ངོ་བོར་ཁྱབ་བརྡལ་གཏོང་གལ་ཤིན་ཏུ་ཆེའོོ།།

    Reply
  2. བྱ་ཐུང་། says:
    ལོ་ 13 སྔོན།

    ལུས་ཁམས་གསོ་བའི་རླུང་སྦྱོར་རམ་དབུབགས་སྦྱོང་གིས་ལུས་ཁམས་གསོ་བའི་བཅོས་ཐབས་འདི་ནི་རིན་པ་སྤྲོད་མི་དགོས་པར་རང་གིས་རང་ལ་སྨན་བཅོས་བྱ་བའི་ཐབས་ལམ་ཡག་ཤོས་ཤིག་རེད། གལ་རྣམ་པ་ཚོས་རང་གི་བདེ་ཐང་ལ་ཐུགས་འཁུར་བཞེས་ཏེ་ལུས་ཁམས་གསོ་བའི་རླུང་སྦྱོར་རམ་དབུགས་སྦྱོང་བྱ་འདོད་ན་YouTube དྲ་བརྙན་དུ་རྒན་བློ་བཟང་སྟོབས་ལྡན་གྱིས་དབུགས་སྦྱོང་གི་ཕན་ཡོན་དང་སྦྱོང་བརྡར་བྱ་ཚུལ་སོགས་ཀྱི་ཐད་ལ་ལམ་སྟོན་བྱས་འདུག་ན་དྲ་བརྙན་གྱི་འཚོལ་བཤེར་རེའུ་མིག་ནང་Tibetan Yoga # 1་དང་Tibetan Yoga # 2 ་བྲིས་ནས་གཟིགས་པར་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese