ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནག་ཆུ་འབྲི་རུ་རྫོང་གི་བོད་མི་ ༩ ལ། ཏཱ་ལའི་རུ་ཚོགས་ལ་ལྐོག་འབྲེལ་བྱས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག དུས་ཡུན་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
འདི་གར་གནས་ཚུལ་འབྱོར་བ་ལྟར་ན། གོང་གསལ་མི་དེ་དག་ལས་རང་ལོ་ ༢༨ ཡིན་པའི་འབྲི་རུ་ཚྭ་ཆུ་ཞང་རྔ་གཡང་གྲོང་ཚོའི་གྲྭ་དཀོན་མཆོག་ཆོས་འཕེལ་ལགས་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཤིང་། ཐེངས་འདིར་ལོ་ ༦ གི་ཁྲིམས་ཐག་བཅད་ཡོད་པ་དང་། རང་ལོ་ ༣༤ ཡིན་པའི་འབྲི་རུ་ཤག་ཆུ་གྲོང་རྡལ་གྲོང་ཚོ་བཞི་པའི་བསྟན་འཛིན་རང་གྲོལ་ལགས་ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་འཛིན་བཟུང་གིས་ཐེངས་འདིར་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་པད་འཛོམས་དང་རང་ལོ་ ༢༦ ཡིན་ལ་ཁོང་གཉིས་ལ་བུ་ཕྲུག་གསུམ་ཡོད་འདུག རང་ལོ་ ༣༠ ཡིན་པའི་འབྲི་རུ་ཤག་ཆུ་གྲོང་རྡལ་གྲོང་ཚོ་བཞི་པའི་སྟོབས་ལྡན་ལགས་ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་འཛིན་བཟུང་བྱས་ཤིང་། ཐེངས་འདིར་ཁོང་ལ་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་ཟླ་དཀར་ཟེར་ལ་ཁོང་བཟའ་མི་གཉིས་ལ་བུ་ཕྲུག་གསུམ་ཡོད་འདུག
གོང་གསལ་མི་གསུམ་ལས་གཞན་དག་གི་མིང་དང་ནང་མིའི་གནས་ཚུལ། དེ་བཞིན་ཁྲིམས་ཐག་དུས་ཡུན་སོགས་གསལ་བོ་ཤེས་རྟོགས་ཐུབ་མེད་ཅིང་། ཕྱི་ཟླ་ ༩ ཚེས་ ༢༣ ཉིན་འབྲི་རུ་རབས་བརྟན་དགོན་པའི་གྲྭ་བློ་བཟང་བཀྲ་ཤིས་ལགས་སྔགས་རྒྱུན་གྱི་མཚམས་ལ་བཞུགས་ཡོད་སྐབས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་ཁོང་གི་ཁ་པར་དང་གློག་ཀླད་སོགས་བཙན་འཕྲོག་བྱས་འདུག