ཕྱི་ཚེས་ཉེར་དྲུག་ཉིན་རྒྱ་ནག་གི་སྲིད་འཛིན་འདས་པོ་མའོ་ཙེ་ཏུང་གི་སྐྱེས་སྐར་ཐེངས་ ༡༢༠ པ་དེ་གཞུང་འབྲེལ་ཐོག་ནས་ཁོང་གི་སྐྱེས་ཡུལ་ཧྭོ་ནན་དུ་སྲུང་གཙི་བྱ་འཆར་ཡོད་འདུག
ཉིན་འདི་འགར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནང་གནས་ཚུལ་འཐོན་བཞིན་པ་ལྟར་ན། ཟླ་འདིའི་ཚེས་ ༢༦ ཉིན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་ཀྱི་མེས་པོ་དམ་པར་ངོས་འཛིན་བྱེད་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་དང་པོ་མའོ་ཙེ་ཏུང་གི་སྐྱེས་སྐར་ཐེངས་ ༡༢༠ དེ་སྲུང་གཙི་ཞུ་རྒྱུ་ཡིན་པ་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཡོད་འདུག
༡༩༩༣ ལོའི་མའོ་ཡི་སྐྱེས་སྐར་ཐེངས་ ༡༠༠ ཐམ་པ་སྲུང་གཙི་བྱས་པའི་སྟེང་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ཕེབས་ཏེ་གཏམ་བཤད་སྤེལ་ཡོད་པ་དང་། ༢༠༠༣ ལོའི་མའོ་ཡི་སྐྱེས་སྐར་ཐེངས་ ༡༡༠ པའི་སྟེང་སྲིད་འཛིན་ཧུའུ་ཅིན་ཐའོ་བཅས་ཕེབས་ཏེ། ཕྱིས་འབྱུང་རྒྱ་ནག་གི་མི་རབས་གསར་པ་དང་མགོ་ཁྲིད་ཚོས་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་མཆོག་གི་ཡང་དག་པའི་ལམ་སྟོན་དང་མའོ་ཡི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད་པ་དང་། ཁོང་ནི་རྒྱ་ནག་མེས་རྒྱལ་གོང་བུ་གཅིག་གྱུར་བཟོ་མཁན་རླབས་ཆེན་བྱས་རྗེས་ཅན་ཞིག་ཡིན་སྐོར་སོགས་བརྗོད་ཡོད་ཅིང་། ཐེངས་འདིའི་མའོ་ཡི་སྐྱེས་སྐར་ཐེངས་ ༡༢༠ པའི་སྟེང་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་བསྐྱོད་དེ། མགོ་ཁྲིད་སྔོན་མ་ཚོའི་གཏམ་བཤད་ནང་དོན་ཁག་བསྐྱར་ཟློས་བྱེད་སྲིད་སྐོར་ཚོད་དཔག་བྱེད་ཀྱིན་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཞི་ཅིན་ཕིན་གྱིས་ཀྲུང་དབྱང་སྲིད་གྲོས་ཚོགས་ཀྱི་འདུ་ཞིག་གི་སྟེང་། རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གིས་བཞག་པའི་རྨ་མེད་རིང་ལུགས་ཀྱི་གྲུབ་འབྲས་དག་ལ་མི་རབས་གསར་པའི་ཏང་གི་མགོ་ཁྲིད་ཚོས་རྐང་རྗེས་ལག་གསུབ་མ་བཏང་བར། དུས་རབས་དང་འཚམ་པའི་མདུན་སྐྱོད་བྱེད་རྒྱུ་ནི་སྐབས་བབ་ལས་འགན་གལ་ཆེན་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་། ཕྱི་ཟླ་ ༥ པའི་ནང་འདོན་སྤེལ་བྱས་པའི་རྒྱ་ནག་གི་གསར་ཤོག་ཅིག་ཏུ། ཞི་ཡིས་ཏིན་ཞོ་ཕིན་གྱིས་གཏམ་བཤད་ཅིག་ལུང་འདྲེན་བྱས་ཏེ་མའོ་ཙེ་ཏུང་གིས་གསར་གཏོད་བྱས་པའི་ཏང་གི་སྲིད་ཇུས་བཟང་པོའི་འོག་ཤར་སྐྱོད་མ་ཐུབ་ན་རྒྱ་ནག་ནང་ཟློག་ཏུ་མེད་པའི་ཟིང་འཁྲུག་ཅིག་ལངས་རྒྱུའི་ཉེན་ཁ་ཡོད་སྐོར་སོགས་བརྗོད་ཡོད་འདུག
ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ཞི་ཅིན་ཕིན་གྱིས་མའོ་ཡི་བྱས་རྗེས་ཁག་ལ་གདེང་འཇོག་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་ནང་གི་མཁྲེགས་འཛིན་ལྟ་བ་འཁྱེར་མཁན་མའོ་ཡི་རྗེས་འབྲང་ཚོ་དང་། ལྟ་བ་གུ་ཡངས་འཛིན་མཁན་མི་རབས་གསར་པ་གཉིས་བར་ནང་འཁྲུག་མི་འབྱུང་ཆེད་དང་། ཉེར་ཆར་གྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྟེང་གི་དཔལ་འབྱོར་བཅོས་བསྒྱུར་གཙོས་པའི་གྲོས་ཆོད་ཁག་དོན་འཁྱོལ་ཡོང་ཆེད། དེ་བཞིན། མའོ་ཡི་རྗེས་འབྲང་ཚོས་རྒྱ་ནག་མགོ་ཁྲིད་ཚོར་མའོ་ཡི་སྐྱེས་སྐར་སྲུང་གཙི་བྱེད་དགོས་པའི་བསམ་ཤོག་གཅིག་མཇུག་གཉིས་མཐུད་དུ་འབྱོར་པ་བཅས་ལ་བརྟེན། ཞི་ཅིན་ཕིན་གྱིས་མའོ་ཡི་སྐྱེས་སྐར་སྲུང་གཙི་གྲ་རྒྱས་པོ་གོ་སྒྲིག་དང་། ཁོ་རང་དངོས་སུ་ཕེབས་ཏེ་གཏམ་བཤད་མི་སྤེལ་ཐབས་མེད་ཆགས་ཡོད་སྐོར་བརྗོད་འདུག
རྒྱ་གཞུང་གིས་ཨ་སྒོར་ཐེར་འབུམ་ ༢།༥༤ ཙམ་བཏང་སྟེ་ཁོང་གི་སྐྱེས་ཡུལ་ཧྭོ་ནན་ཞིང་ཆེན་ཧྲོ་ཤན་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་བཞིན་ཡོད་ཅིང་། དེར་མགྱོགས་ཚད་ལྡན་པའི་མེ་འཁོར་ལྕགས་ལམ་དང་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས། མའོ་ཡི་དྲན་རྟེན་ཁང་། ཆུ་འགྲོ་སའི་ཡུར་བ། གྲོང་སྡེའི་ཚོགས་ཁང་གསར་རྒྱག དེ་བཞིན་མའོ་ཡི་རང་ཁྱིམ་ཉམས་གསོ་སོགས་ལས་གཞི་ཁག་ ༡༦ ཙམ་ཚུད་ཡོད་འདུག རྒྱ་གཞུང་གིས་མའོ་ཕ་ཡུལ་འཛུགས་སྐྲུན་ཐོག་ཨ་སྒོར་ཐེར་འབུམ་མང་པོ་གཏོང་གི་ཡོད་པའི་ཐད། རྒྱ་ནག་གི་གུ་ཡངས་རིང་ལུགས་པ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་སྤྱི་ཚོགས་དྲ་རྒྱ་ཝེ་པོ་(Weibo)ཞེས་པའི་སྟེང་གི་མི་སྣ་ཞིག་གིས། སྲིད་གཞུང་གིས་འདས་གྲོངས་སུ་ཕྱིན་པའི་མི་ཞིག་གི་ཆེད་དུ་དངུལ་དེ་འདྲ་ཕོན་ཆེན་པོ་གཏོང་པ་ལས་རྒྱ་ནག་མི་མང་གི་སྨན་བཅོས་ལྟ་སྐྱོང་དང་དཔལ་འབྱོར་དཀའ་ངལ་ཅན་དག་གི་ཐོག་འགྲོ་གྲོན་བཏང་ན་ལེགས་ཚུལ་བརྗོད་འདུག ཡང་ཝེ་པོ་དྲ་བའི་སྟེང་རྗེས་འབྲང་པ་ ༦༤༠༠༠༠ ཙམ་ཡོད་པའི་སེ་མ་ཎན་ལགས་ཀྱིས། རྒྱལ་སྤྱི་རྒྱལ་ནང་དུ་ངོ་རྒོལ་བྱེད་མཁན་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར་མའོ་ཙེ་ཏུང་ལ་དགའ་ཞེན་བྱེད་མཁན་ཚོས་ཐེངས་འདིའི་སྐྱེས་སྐར་དེ་ཧ་ཅང་གཟབ་རྒྱས་ཤིག་དང་འཐུས་སྒོ་ཚང་པ་ཞིག་སྲུང་གཙི་ཞུ་དགོས་སྐོར་བརྗོད་ཡོད་འདུག
འདི་ལྟར་བོད་རིགས་འགའ་རེའི་བསམ་ཚུལ་ལ་བལྟས་ན་ནི། ལ་ལ་སྲིད་དོན་ལ་སློབ་སྦྱོང་གང་ཡང་བྱེད་མ་མྱོང་བ་མ་ཟད། རང་ས་རང་ལ་དབང་ངེས་པའི་འཇིག་རྟེན་གྱི་རང་གཤིས་ཙམ་ཡང་མ་རྟོགས་པར་རྒྱ་མིས་བོད་ལ་བཙན་བཟུང་བྱས་པར་དགའ་བསུ་བྱེད་འདོད་པ་དང་། ལ་ལ་ནི་འཛམ་གླིང་མིའི་རིགས་ཀྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་དང་གོ་རྟོགས་ཕྲན་ཙམ་ཡང་མེད་པ་མ་ཟད། རང་གི་མི་རིགས་ལ་འཇོན་ཐང་དང་ཤེས་ཡོན་གྱི་རིན་ཐང་གང་ཡང་ཤེས་རྒྱུ་མེད་པའི་མི་རིགས་ཤིག་ལ་ཆ་འཇོག་བྱེད་ཀྱིན་འདུག
གལ་ཏེ་ཁྱོད་ཅག་གི་རེ་འདུན་འགྲུབ་པ་དང་། མའོའི་རིང་ལུགས་པས་བོད་བཙན་བཟུང་བྱས་ནས་ཁྱོད་ཅག་ལ་འདོད་པའི་བདེ་སྐྱིད་དང་དགོས་པའི་མཚན་སྙན་འཛམ་གླིང་ལ་ཁྱབ་ནས་དགའ་བསུ་བྱེད་པའི་གནས་སྟངས་ཆགས་ཡོད་ན།
བདེ་སྐྱིད་ཐོབ་ཡུལ་དང་བདེ་སྐྱིད་སྤྲད་མཁན་གྱི་མའོའི་རིང་ལུགས་ལ་སྐྱབས་བཅོལ་མ་བྱས་པར་ཕྱི་གླིང་དུ་འཚོ་སྡོད་བྱེད་པ་དེ་ཁེ་ཕན་གང་གི་ཆེད་དུ་ཡིན་ནམ།
ཁྱོད་ཅག་གིས་ཉིན་ཞིག་བོད་ཁྲི་སྟོང་མང་པོ་བཙོན་དུ་བཅུགས་དང་འཇུག་བཞིན་པ་དང་། བོད་རིགས་འབུམ་ཁྲག་དུ་མ་བཙན་བཤེད་ཀྱིས་བསད་དང་གསོད་མུས་ཡིན་པ་དེ་དག་ལའང་ཐུགས་རྗེ་ཆེ་ཞེས་བཤད་འདོད་པར་མཐོང་།
ད་ནི་མང་པོ་བཤད་པས་ཅི་ཕན། དམར་གསོད་ལག་དམར་བའི་སྐྱེས་སྐར་ལ་ཤིན་ཏུ་ནས་སྐྱུག་བྲོ་བའི་དགའ་བསུ་བྱེད་པ་དང་། དགའ་གུས་དང་འབྲེལ་བའི་བསམ་ཚུལ་སྤེལ་མཁན་ཚོར་དུས་ཚོད་ཀྱི་ཁོམ་པ་རེ་ཡོད་པ་དང་། རང་གི་མི་རིགས་ཀྱི་གནས་སྟངས་དང་ད་ལྟའི་བོད་ལྗོངས་ཀྱི་དུས་བབས་དངོས་ཤེས་འདོད་ན། བོད་དུ་བཙན་ཤུགས་ཀྱིས་བསྐུལ་ནས་ཕྱི་གླིང་ལ་འདྲིལ་བསྒྲགས་བྱེད་པའི་མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་དུ་སྟོན་པའི་རྫུན་གཏམ་ཁོ་ནར་ཡིད་ཆེས་མ་བྱས་པར།
༧ རྒྱལ་དབང་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞེས་པ། མདོ་ཁམས་པ་སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་བརྩམས་པའི་བོད་མི་གསར་བརྗེ་བ་ཞིག་ཅེས་པ་དང་། ལྷ་ས་བ་སྐུ་སྐྱེད་མ་འོད་ཟེར་ལགས་ཀྱིས་བརྩམས་པའི་གསར་བརྗེ། ཞེས་པ་དང་། མདོ་སྨད་པ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བརྩམས་པའི་གནམ་ས་གོ་འབྱེད་ཅེས་པ་བཅས་ལ་བལྟ་ཀློག་ཐེངས་འགའ་བྱས་ཚེ། མའོ་དང་མའོའི་རིང་ལུགས་པས་བོད་ས་ཡོངས་དང་བོད་རིགས་ཀུན་ལ་ལས་ངན་ཇི་ཙམ་བྱས་དང་བྱེད་མུས་ཡིན་པ་ཤེས་ནུས་ལ། ཁྱོད་ཅག་གི་དགའ་བསུ་ལ་བོད་རིགས་མི་དམངས་དང་ལྷག་པར་བོད་རིགས་དཔའ་བོ་དཔའ་མོས་བློ་ཕམ་ངང་མིག་ཆུ་གཏོང་གིན་ཡོད་པ་ཤེས་མི་ཐུབ་པ་ཅི་ལ་སྲིད།།
མ་འོ་ཡི་སྐྱེས་སྐར་ལ་ངས་འཁྲུངས་སྐར་ཞེས་མི་འབོད་ལ། ཁོར་རླབས་ཆེན་གྱི་གཙོ་འཛིན་ཞེས་དེ་བས་མི་འབོད། ཁོ་ནི་འཛམ་གླིང་ནང་ལག་དམར་བ་ནག་ཉེས་ཅན་ཆེ་ཤོས་ཞིག་ཡིན་པ་དང་ ཁོ་དང་ཁོ་འདྲ་བའི་ལག་དམར་བ་ར་ཤི་ཡ། འཇར་མ་ནི། སོགས་ལ་བྱུང་ཡོད་ཅིང་ད་ལྟ་རང་དབང་ལུང་པར་མི་འདི་ཚོ་ལ་འཛམ་གླིང་ནང་ལག་དམར་བ་མི་ས་ཡ་མང་པོ་དམར་གསོད་བྱེད་མཁན་གྱིས་བྱེད་ཏེར་ངོས་འཛིན་པ་ལས་གོང་གི་མཆན་ལྟར་ངོས་འཛིན་བྱེད་པ་མེད་ཞེས་ལབ་ཐུབ། ད་ལྟ་དམར་པོའི་སྟོབས་ཤུགས་འཛམ་གླིང་ནང་རྩ་བ་སྟོང་མེད་པ་བརྟེན་ཁོར་བསྔགས་བརྗོད་ཐོབ་པ་ལས་ནམ་ཞིག་ཁོས་མུན་ནག་གི་ལམ་དེ་སྟོང་རྗེས་གཞིགས་ནས་ཁོར་ངན་བརྗོད་བྱེད་ངེས་རེད། གལ་ཏེ་བོད་པ་ཞིག་ནས་ཁོར་བསྔགས་བརྗོད་བྱེད་ཀྱི་ཡོད་ཚེ་དེ་གོང་ས་མཆོག་གི་བཀའ་དྲིན་ལས་ཁོ་བཟའ་བ་ཉལ་བའི་གོ་སྐབས་རག་པ་སེམས་ནང་མེད་པ་གསལ་པོ་རེད། དེ་ཡིན་དུས་གཞན་པ་ཆེ་སའི་གོ་སྐབས་རག་པ་རྣམས་བརྗོད་མི་དགོས་པ་རེད། གལ་དེ་མང་གཙོའི་ལུང་པ་ནང་བོད་མི་རང་དབང་དུ་སྡོད་པ་གཅིག་གིས་ལག་དམར་བ་ལ་བསྔགས་བརྗོད་བྱས་ཚེ་དེ་ཁོས་འོག་སྡུག་སྦྱོང་མྱང་མཁན་གཅིག་གིས་ངོས་ནས་འགན་འཁུར་མེད་པ་དང་ མི་རིགས་ལ་ ལ་རྒྱ་མེད་པ་ ཧ་ལས་ཧང་སང་མི་གཅིག་ཡིན་པ་སེམས་ནང་ངོས་འཛིན་བྱེད་ཀྱི་རེད དེ་བོད་པ་ཚོའི་སེམས་ནང་ཉལ་དགོས་པ་རེད།།།། ??? བོད.???
མའོ་ཙེ་ཏུང་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ནི་དུས་རབས་ཤིག་གི་རླབས་ཆེན་གྱི་སྐྱེས་བུ་དང་། རྒྱལ་ཁབ་ཅིག་གི་གསར་སྐྲུན་གྱི་བདག་པོ་ཡིན་ལ། བོད་མི་རིགས་ལ་མཚན་ནའང་སྤྱི་ཚོགས་རྙིང་པའི་ཆེས་མུན་ནག་དང་ཆེས་དབུལ་ཕོངས། ཆེས་སྡུག་རྩུབ་ཆེ་བ་དང་ཆེས་གཉའ་གནོན་བཙན་པའི་ལམ་བུ་ཞིག་ནས་བདེ་སྐྱིད་དང་འབྱོར་ཕྱུག་ལྡན་པའི་སྤྱི་ཚོགས་ཤིག་ལ་སྣེ་འཁྲིད་མཁན་གྱི་དེད་དཔོན་ཆེན་པོ་ཡིན།
གལ་སྲིད་རླབས་ཆེན་གྱི་སྐྱེས་བུ་ཁྱེད་རང་མེད་པ་ཡིན་ན་བོད་པའི་སྤྱི་ཚོགས་འདི་ད་དུང་ཧ་ཅང་ཐབས་སྡུག་གི་གནས་སྟངས་ཤིག་གི་འོག་ཏུ་ལུས་ཡོད་ངེས་ཡིན་ལ། མི་ལ་མིའི་རིན་ཐང་དང་འཇིག་རྟེན་ལ་འཇིག་རྟེན་གྱི་རིན་ཐང་། འཚོ་བ་ལ་འཚོ་གནས་ཀྱི་སྙིང་བོ་སོགས་མེད་པར་བཙན་པོས་སྙོམས་ཆུང་ལ་ཐུབ་ཚོད་གཏོང་རྐྱང་དང་། ཕྱུག་པོས་དབུལ་ཕོངས་ལ་ཞུ་གཞོག་གཏོང་རྐྱང་། དབང་ཆེན་གྱིས་དབང་མེད་ལ་གཉའ་གནོན་བྱེད་རྐྱང་། ཁྲམ་པས་དྲང་བདེན་ཅན་ལ་མགོ་བསྐོར་གཏོང་རྐྱང་གིས་སྤྱི་ཚོགས་ཁྱོན་ཡོངས་ལ་མགོ་རྔ་མེད་པར་ཧ་ཅང་ཐབས་སྐྱོ་བོ་ཞིག་གི་འོག་ཏུ་ཡོད་ངེས་ཡིན།
ལྷག་པར་དུ་ཁྱོད་ཀྱིས་དབུ་འཁྲིད་དེ་བོད་ཁྱོན་ཡོངས་ལ་བཅིངས་བགྲོལ་བཏང་མེད་པ་ཡིན་ན། ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་མ་སྤྲུལ་སྐུ་དང་། གྲུབ་ཐོབ་ཆོས་དཔོན་སོགས་ལ་དབང་ཐང་དར་ཞིང་། མང་ཚོགས་ལ་གཉའ་གནོན་དང་བརྙས་བཅོས་དང་། ཞུ་གཞོག་མཐོང་ཆུང་། མགོ་བསྐོར་བསླུ་བྲིད་སོགས་བཏང་སྟེ། དད་ལྡ་མང་ཚོགས་རྣམས་ཀྱང་རྨོངས་དད་དང་ལོག་ཆོས་ཀྱི་དབང་དུ་སོང་སྟེ། དེང་གི་དུས་ཚོད་འདིའི་ནང་ལ་འཛམ་གླིང་མི་མང་ཚོས་བོད་ཡུལ་མཐོ་སྒང་ཟེར་བ་དེ་གཏམ་རྒྱུད་དང་གློག་བརྙན་བཟོ་སའི་མཐའ་ཁོབ་བདུད་སྲིན་གྱི་ཡུལ་ཞིག་ཏུ་གྱུར་ཡོད་ངེས་རེད།
བོད་པའི་སྲོལ་རྒྱུན་གྱི་ངན་གཤིས་དེའི་འོག་ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་དུའང་སྐུ་དྲག་མི་དྲག་དང་བླ་སྤྲུལ་ཆོས་དཔོན་སོགས་ལ་དབང་ཤུགས་ཆེ་བ་དང་། ཕྱི་རྒྱལ་སོགས་སུ་ཆོས་པ་རྫུན་མ་དག་གིས་མགོ་བསྐོར་བསླུ་བྲིད་གཏོང་བཞིན་ཡོད།
གླང་དར་དང་བོད་དགའ་སོགས་ཀྱི་བསམ་ཚུལ་ནི་དུས་ཀྱི་འགྱུར་བ་རང་བཞིན་དང་། མི་ཐོག་མི་རབས་ཀྱི་འགྱུར་བ་རང་བཞིན་ལ་བསམ་བློ་བཏང་ནས་བཤད་ཀྱིན་མེད་པར་ཕྱོགས་རྐྱང་པའི་བསམ་ཕྱོགས་ཁོ་ན་ཙམ་དུ་ཟད།
དཔེར་ན་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོ་ཡང་དེ་སྔོན་རྒྱལ་པོའི་ལམ་ལུགས་དང་བྲན་གཡོག་ལམ་ལུགས། ཚེ་གཡོག་ལམ་ལུགས་སོགས་ཧ་ཅང་གདུག་རྩུབ་རང་བཞིན་གྱི་ལམ་ལུགས་འོག་ཡོད་པ་རེད་ལ། དུས་རབས་ཉི་ཤུ་པའི་ནང་གཞི་ནས་དམངས་གཙོའི་ལམ་ལུགས་མགོ་བུས་པ་ཞིག་ཕལ་ཆེར་རེད། མ་ཟད་དམག་ཆེན་གཉིས་པའི་སྐབས་རྒྱལ་ཁབ་མང་པོར་བསམ་ཡུལ་ལས་འདས་པའི་མི་གསོད་ཁྲག་སྦྱོར་དང་། ནད་ཡམས་མུ་གེ་སོགས་ཀྱིས་དམྱལ་བ་དང་ཡི་དྭགས་ཀྱི་གྲོང་འཁྱེར་ལྟ་བུ་གྱུར་པའི་ཚེ། བོད་དེ་ཟ་རྒྱུ་རྩམ་པ་ལས་མེད་ན་ཡང་པི་ཝང་དང་སྒྲ་སྙན་སོགས་བཏང་ནས་བསྡོད་རྒྱུ་བྱུང་ཡོད་པ་རེད།
དེ་དེ་བཞིན་དབྱིན་ཇིའི་རྒྱལ་རབས་ལོ་རྒྱུས་ལ་ཅིག་གཟིགས་དང་རྒྱལ་པོའི་ལམ་ལུགས་འོག་བྲན་གཡོག་ལམ་ལུགས་དང་ཚེ་གཡོག་ལམ་ལུགས། ད་དུང་དྲང་སྙོམ་མེད་པའི་མི་སེར་རྣམས་མནར་གཅོད་ཚད་ལས་བརྒལ་བ་མྱང་དགོས་བྱུང་ཡོད་ཀྱང་། ད་དུང་དབྱིན་ཇིའི་རྒྱལ་རིགས་ལ་མི་དམངས་ཀྱིས་བརྩི་མཐོང་ག་ཚོད་ཅིག་མི་འདུག་གམ། འདིས་ག་རེ་བསྟན་རེད་ལབ་ན་རྒྱལ་རྒྱུད་ལམ་ལུགས་འོག་གདུག་རྩུབ་ཇི་ལྟར་ཆེ་ན་ཡང་དབྱིན་ཡུལ་གྱི་རྒྱལ་ཁབ་དེ་གཅིག་སྒྲིལ་བཟོ་ཐུབ་པ་མ་ཟད། རང་བཙན་གྱི་རྒྱལ་ཁབ་གཅིག་ཏུ་གནས་ཐུབ་པ་དེས་ད་ཆ་དམངས་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་གི་ཆ་རྐྱེན་ཡོད་ན་མེད་ན་གཅིག་ཡིན་པ་ངེས་ཤེས་བརྙེད་ཡོད་པ་རེད།
དེས་ན་བོད་དེ་མའོ་ཡིས་དབང་བསྒྱུར་བྱེད་ཐུབ་མེད་ན་ད་ཆ་འཛམ་གླིང་ལས་ལོགས་སུ་གནས་ཐབས་ཡོད་པ་མ་རེད་ལ། འབྲུག་རྒྱལ་ཁབ་ཆུང་ཆུང་དེ་ལ་དཔེ་ལོངས་དང་། འོན་ཀྱང་ཡ་ང་བ་དང་སེམས་སྐྱོ་དགོས་པ་ཞིག་ལ་མའོ་ཡིས་བཙན་བཟུངས་བྱས་པ་དེས་བོད་དང་བོད་མི་རིགས་འདི་ལྷུངས་ས་གཅིག་ལ་ལྷུངས་ནས་ལངས་ས་མེད་པ་ཆགས་ཚར་བ་རེད། འོན་ཀྱང་ཡ་མཚན་སྐྱེས་དགོས་པ་ཞིག་ལ་ཀླད་རྒྱ་བྱ་སྡེའི་རྐུབ་ཙམ་ལས་མེད་པའི་མི་བུ་ཡ་མ་བརླ་འདི་ཚོས་མའོ་ཡིས་དབང་བསྒྱུར་བྱས་པ་དེ་བཟང་རབས་དང་། དོན་སྙིང་སྤུ་ཙམ་ཡང་མེད་པའི་ཡུལ་བགྱར་བ་ཚོར་མིང་གྲགས་སྟོང་པ་ཙམ་དང་རྒྱབ་སྐྱོར་སྟོང་པ་ཙམ་གྱིས་འདོད་པ་ཡོངས་སུ་ཚིམས་བསྡད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས།
ཧཧཧ་་་་གླང་དར་ཟེར་བ་འདི་འདྲའི་སྐྱུག་བྲོ་ལ།
འཛམ་གླིང་ནང་མི་་གསོད་ལག་དམར་ཨང་ཀི་དང་པོའི་ཁོངས་སུ་གཏོགས་པའི་ཞབས་འདྲེན་པའི་མིང་གནས་ཡོོད་པ་དེར་སྐྱེས་སྐར་དྲན་གསོ་བྱེད་པ་ནི། རྒྱ་ནག་དམར་པོའི་རིགས་ལུགས་ཀྱི་མི་མང་གི་ངོ་གདོང་ཆུ་ལ་བསྐྱུར་བ་མ་ཟད། ཤར་གླིང་མི་རིགས་ཀྱང་འཛམ་གླིང་ལོ་རྒྱུས་ཐོག་ངོ་གནོངས་དགོས་པ་བཟོས་ཡོད། མི་ངན་དེ་ཡི་སྐྱེས་སྐར་ལ་རྒྱབ་སྐྱོར་བྱེད་མི་རྣམས་ནི་མི་གསོད་ཁྲག་སྦྱོར་ལ་དགའ་བ་དང་། ཡང་ན་རང་དབང་སྤུ་ཙམ་མེད་པའི་མིའི་རིིགས་ཤ་སྟག་ཡིན་པར་འདོད།
མི་རིགས་རང་ལུགས་པ་ཞིག་གི་ངོས་ནས་བཤད་ན་མོའོ་ལྟ་བུའི་དྲིན་ཆེན་རྒྱ་རིགས་མི་དམངས་ལ་མེད། ཁོས་མི་རིགས་ང་བཞི་ས་ཆ་དང་བཅས་རང་གི་རྒྱལ་ཁུངས་སུ་བཅུག་པ་རེད། ང་ཚོས་མེས་དབོན་རྣམ་གསུམ་བརྗེད་ཀྱིན་མེད་པ་དང་གཅིག་པ་རེད། མི་རིགས་གཞན་པས་བལྟས་ན་ཁོམ་ལྟ་བུའི་འདྲེ་ནག་ཅིག་ཀྱང་མེད། དེ་བས་རྒྱ་རིགས་མི་དམངས་ཀྱི་བསྟོད་པ་དང་མི་རིགས་གཞན་པས་སྨད་པ་ལོས་བཤད།
ངས་ཀྱང་གླང་དར་མ་དང་འཆི་མེད་གཉིས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། གལ་སྲིད་མའོ་ཡིས་ཇུས་འགོད་དང་རྒྱ་ནག་གིས་བོད་ཟས་མེད་ན། ད་ལྟའི་༸གོང་ས་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་གཙོས་སྲིད་ན་རིན་ཐང་དཀོན་པའི་གཟེངས་རྟགས་གང་མང་ཞིག་འབུལ་མི་སྲིད། དེ་བཞིན་ཁོང་གི་མཚན་སྙན་དང་ཞི་བདེའི་ཕྱག་ལས་དེ་ཚོའི་རྒྱུད་བོད་ཅེས་པ་དང་བོད་ཀྱི་རིག་གཞུང་ཞེས་པ་འཛམ་གླིང་མི་ཚོས་དོ་སྣང་གནང་ས་ཞིག་ཏུ་འགྱུར་རྒྱུ་ཡང་ཐེ་ཚོམས་རེད།
དཔོན་ངན་མི་གྲགས་གཞུང་འཛིན་པ་དེ་ཚོས་མི་སེར་ལ་ཐུབ་ཚོད་འདྲ་གཏོང་། ཁོ་ཚོའི་འཁོར་དང་རྩ་ལག་རྣམས་རྒྱལ་སྤྱིའི་སྒང་དུ་མི་རིགས་གཞན་གྱི་མི་སེར་དུ་གྱུར། (འདི་དག་ད་ལྟ་ཡང་ཕལ་ཆེར་གྱུར་ཟིན) བོད་སྟོད་སྨད་བར་གསུམ་དུ་ཕྱུག་དབུལ་དང་ཆོལ་ཁ་ཆོས་ལུགས་སོགས་ཀྱི་དམག་འཁྲུག་རྒྱག་བཞིན་པའི་སྒང་ཡིན་རྒྱུ་རེད།
ཡང་ན་དབྱིན་ཇི་དང་ཨ་རི་ལ་སོགས་རྒྱལ་ཁབ་གཞན་ཞིག་གིས་ཟས་ཚར་ཡོད་ན་འཇམ་ཐིང་ངེར་རེད། སྐབས་དེར་འཛམ་གླིང་སྒང་ད་ལྟ་འདྲ་བའི་བོད་ཀྱི་གནས་སྟངས་ལ་རྒྱབ་སྐྱོར་བྱེད་མཁན་མི་ཡོང་ལ། ༸གོང་ས་ཆེན་པོ་མཆོག་ལ་ད་ལྟ་འདྲ་བའི་མཚན་སྙན་ཡང་ཡོང་རྒྱུ་ཁག་པོ་རེད། རྒྱུ་མཚན་ནི། གལ་སྲིད་རྒྱབ་ཁབ་གཞན་གྱི་འོག་ཏུ་སོང་ཡོད་ན་རྒྱབ་ཁབ་དེ་དག་གིས་ད་ལྟའི་རྒྱ་ནག་ནང་བཞིན་བོད་མིའི་ཐོག་མི་གསོད་ཁྲག་སྦྱོར་གཏན་ནས་བྱེད་མི་སྲིད་ལ་བོད་པའི་རིག་གཞུང་རྩ་གཏོར་ཡང་དེ་བས་གཏོང་མི་སྲིད།
རླབས་ཆེན་མོའོ་ཡི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་་་ཡེ་ཤིས་སྟོན་པའི་འཁྲུངས་སྐར་དང་ཉེ་འདུག་ཀ་་་་
ངས་འཁྲུངས་སྐར་ལས་འདས་མཆོད་སྲུང་བརྩི་ཞུ་གི་ཡིན་་་་་མར་མེ་བརྒྱ་ཚར་གཅིག་དང་བཅས
གླང་དར་མ་ལགས་ཀྱི་བཤད་སྟངས་ལ་ང་རང་མོས་མཐུན་ཡོད། ༧གོང་ས་མཆོག་གིས་ཀྱང་ང་དགུ་ལོར་རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་པ་དེ་རྐྱེན་ངན་གྲོགས་ཤར་ཆགས་ཏེ་ངོས་རང་དང་བོད་མི་མང་པོ་ཞིག་ཕྱི་ལོགས་སུ་ཡོང་སྟེ་རྒྱལ་སྤྱིའི་གནས་སྟངས་གང་ལ་གང་འཚམས་ཧ་གོ་བ་དང་བོད་མི་མང་ལའང་གོ་རྟོགས་སད་དེ་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྗེས་ཟིན་ཙམ་བྱུང་ཡོད་པ་རེད་ཅེས་གསུང་གི་ཡོད་པ་རེད། རླབས་ཅེན་གཙོ་འཛིན་མའོ་ཙེ་ཏུང་མེད་པ་ཡིན་ན་བོད་པའི་སྐུ་དྲག་མི་དྲག་དང་སྡེ་དཔོན་ཚོ་དཔོན། བླ་མ་དཔོན་པོ། ཕྱུག་བདག་རྒྱུ་ཆེན་དག་གིས་མང་ཚོགས་ལ་ཞུ་གཞོག་དང་གཉའ་སྣོན་བྱས་ཏེ་བོད་མི་རྣམས་སྡུག་བསྔལ་གྱི་འོབ་ནང་དུ་ཚུད་ཡོད་ངེས་པ་རེད།
འཛམ་གླིང་སྟེང་གི་ལག་དམར་ཨང་དང་པོ་ལ་དེ་འདྲའི་སྐྱེས་སྐར་གཟབ་རྒྱས་བྱེད་དགོས་དོན་ཨེ་ཡོད།
གླང་དར་ཟེར་བས་བཤད་པར་ལྟོས་དང་། འདི་ཙམ་གྱིས་འུད་བསྟོད་མ་བྱས་ཀྱང་། ད་ལྟ་ང་ཚོ་རང་དབང་ལུང་པ་ན་ཡོད་ཕྱིར། ད་དུང་མའོ་ལ་ཞེད་སྣང་དེ་ཙམ་བྱེད་དགོས་དོན་མེད་པ་རེད། འོན་ཀྱང་རྒྱ་ནག་དམར་གཞུང་གི་ས་ནས་སྒོར་གཅིག་ཁ་ཤས་རེ་ཁྱོད་ཀྱིས་རེག་གི་ཡོད་ན། ཁྱོད་ཀྱིས་སྐད་ཆ་འདི་འདྲ་བཤད་ལོས་དགོས། མའོ་མེད་ན་ང་ཚོའི་ཕ་ཡུལ་གངས་ལྗོངས་སུ་དཔའ་བོ་བརྒྱ་དང་ཉེར་གསུམ་གྱིས་རང་ལུས་མེར་བསྲེགས་དོན་རྐྱེན་སོགས། ཐབས་སྡུག་འདི་འདྲ་ཡོང་མི་སྲིད།
རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་སྐུ་འཁྲུངས་ཏེ་བགྲང་བྱ་བརྒྱ་དང་ཉི་ཤུ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ། གལ་སྲིད་ཁྱེད་རང་མེད་པ་ཡིན་ན་ང་ཚོའི་བོད་པའི་གནས་སྟངས་དེ་ད་དུང་ཧ་ཅང་ཐབས་སྡུག་གི་གནས་སྟངས་འོག་ཏུ་ནང་འཁྲུག་དང་ཆོས་ལུགས་དང་སྐུ་དྲག་མི་དཔོན་དག་གི་དབང་བསྒྱུར་འོག་ཏུ་དཀའ་སྡུག་མྱོང་བཞིན་ཡོད་ངེས་ཡིན།
ཡ་སྐྱེས་སྐར་་ཕར་ཞོག་ཡང་སྐར་ཏང་ཀྱང་དགའ་མེད་དོ་་་