མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་འདོད་པའི་ཆབ་སྲིད་ཀྱི་ཆོད་སེམས་མེད་ན་འཐུས་ཤོར་འགྲོ་སྲིད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་རིག་ཚོགས་ཆེན་སྟེང་གསུང་བཤད་གནང་སྟེ། ཤེས་ཡོན་སྲིད་བྱུས་ལག་ལེན་བྱེད་རྒྱུར་དགེ་རྒན་དང་ཕ་མ་སློབ་ཕྲུག་གསུམ་གལ་ཆེ་ཤོས་ཆགས་ཡོད་པ་དང་། ཁོང་གསུམ་རྡོག་སྒྲིལ་བ་ཡིན་ན་འཛིན་སྐྱོང་ལ་འདོད་མོས་མེད་ཀྱང་བྱེད་ཐབས་ཆེན་པོ་མེད་སྐོར་གསུངས་སོང་།  

དེ་རིང་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཉིན་མཐའ་མའི་སྟེང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ངྷ་ཤོས་བོད་ཁྱིམ་ཚོགས་ཁང་དུ་ཕེབས་ཏེ། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་མཛད་གཙོ་རྣམ་པ་དང་། བོད་སློབ་འཛིན་ཚོགས་དང་བོད་ཁྱིམ་གཉིས། བལ་ཡུལ། སམ་བྷོ་ཊ། སྒེར་གྱི་སློབ་གྲྭ་ཁག་བཅས་ནས་ཕེབས་པའི་ཚོགས་བཅར་བ་ ༢༡༥ ལྷག་ལ། ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་སློབ་ཁྲིད་ལག་བསྟར་གནད་སྨིན་ཡོང་ཐབས་སྐོར་ལ་གསུང་བཤད་གནང་སོང་།

ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་། ཤེས་ཡོན་གྱི་དགོས་པ་དང་ཤེས་ཡོན་བསྐྲུན་པའི་དམིགས་ཡུལ། ཤེས་ཡོན་གྱི་ངོས་འཛིན་བཅས་གསལ་བོ་སྟོན་པའི་ཐབས་ཤེས་གནང་ཡོད་པ་དང་། རང་དབང་དང་གཞན་ཕན། རྒྱུད་འཛིན། གསར་གཏོད་བཅས་ནུས་པ་ ༤ ཆ་ཚང་བ་མི་ཞིག་གི་གཤིས་རྒྱུད་ལ་འཇགས་པ་ཡིན་ན། སློབ་སྦྱོང་བྱས་པའི་དམིགས་ཡུལ་ཚང་ཡོད་པ་དང་། དེ་ཡང་ཐོག་མར་སློབ་ཚན་གྱི་འཆར་གཞི་དང་འཛིན་གྲྭའི་ནང་གི་སློབ་ཁྲིད། ཕྲུ་གུ་གསོ་སྐྱོང་བྱེད་སྐབས། ཕ་མའི་ལས་འགན་བཅས་གསལ་བོ་ཆགས་པ་ཡིན་ན། ཤེས་ཡོན་དེ་དགོས་པ་ཡོད་པ་ཞིག་ཆགས་ཀྱི་ཡོད་སྟབས། ཤེས་ཡོན་སློབ་སྦྱོང་ཐོན་པའི་མི་ཞིག་ལ་བཟང་སྤྱོད་དང་ཡ་རབས་ཀྱི་སྤྱོད་སྟངས་དེ་ཟུར་དུ་བསླབ་དགོས་པ་ཞིག་ཆགས་པ་ཡིན་ན། མི་དེའི་རང་བྱུང་གི་ཁམས་དང་འབྲེལ་བ་ཞིག་ཡོང་རྒྱུ་ཁག་པོ་ཡིན་སྐོར་གསུངས་སོང་།  

ཡང་ཤེས་ཡོན་སྲིད་བྱུས་ལག་ལེན་ཁྲོད་དགེ་རྒན་ཚོས་ཐབས་ལམ་ག་རེ་བསྟེན་དགོས་མིན་ཐད། “ང་ཚོའི་སྲོལ་རྒྱུན་ནང་ཐབས་ལམ་མང་པོ་གསུངས་ཡོད་པ་རེད། དེ་དག་ལས་གལ་ཆེ་ཤོས་འདུལ་བའི་དངོས་པོ་བཞིའི་ནང་ནས་དོན་མཐུན་པ་དང་དོན་སྤྱོད་པ་ཞེས་པ་དེ་ཆགས་ཡོད། ཕྲུ་གུར་རང་དབང་ཡོད་པའི་སློབ་སྦྱོང་ཞིག་སྤྲོད་དགོས་ན། དགེ་རྒན་རང་ཉིད་བསམ་སྤྱོད་རང་དབང་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད། ཕྲུ་གུ་ལ་གཞན་ཕན་གྱི་ནུས་པ་སྤྲོད་དགོས་ཀྱི་ཡོད་ན། དགེ་རྒན་རང་ཉིད་རང་ལ་གཞན་གཙོ་བོར་འཛིན་མཁན་དང་ལྷག་བསམ་རྣམ་དག་ཡིན་མཁན་ཞིག་དགོས་ཀྱི་ཡོད་པ་རེད། དེ་བཞིན། སྲུང་སྐྱོབ་དང་དམིགས་ཡུལ་གཞན་ཚང་མ་ཡང་དགེ་རྒན་རང་གི་མི་ཚེ་ནང་འགྲུབ་མེད་པ་ཡིན་ན། སློབ་ཕྲུག་ལ་དེ་དགོས་པ་རེད་ཅེས་ལབ་པ་ཡིན་ན་ཨ་ཅོག་ལ་འགྲོ་བ་ཞིག་ཆགས་ཀྱི་མེད་སྟབས། དོན་མཐུན་པ་དང་དོན་སྤྱོད་པ་ཞེས་གང་གཞན་ལ་བདག་སྤྲོད་བྱས་པ་དེ་རང་ཉིད་ཀྱི་ཉམས་ལེན་དུ་ཡོད་པ་རེད། གང་གཞན་ལ་བདག་སྤྲོད་བྱས་པ་དེ་དང་མཐུན་པར་རང་གི་མི་ཚེ་སྐྱེལ་སྟངས་མཐུན་པ་དགོས་པ། དེ་འདྲ་མ་བྱུང་བ་ཡིན་ན། རང་ཉིད་གང་སློབ་སྟོན་བྱས་པའི་ཡོན་ཏན་དེའི་ནང་དམིགས་པ་ཞིག་མ་བྱུང་བ་ཡིན་ན། བུམ་པ་སྟོང་པ་ནས་བུམ་པ་གཞན་ལ་ལྡུག་རྒྱུ་ལྷག་གི་མེད་སྟབས། གལ་ཆེ་ཤོས་དོན་མཐུན་པ་དང་དོན་སྤྱོད་པའི་གནས་སྟངས་ཀྱི་ཆ་ཤས་ལེན་རྒྱུ་དང་། རྒྱུན་དུ་སློབ་ཕྲུག་དང་འདུ་ཤེས་ལེན་པའི་སྐབས་སུ། ཐོག་མར་སློབ་ཕྲུག་གི་སེམས་ལ་ཞུམ་པ་མེད་པ་བཟོ་རྒྱུ་དང་། དེའི་རྗེས་སུ་སློབ་ཚན་བསླབ་རྒྱུ། བསླབ་པའི་རྗེས་སུ་དགེ་ཕྲུག་ལ་དོགས་པ་དང་དཀའ་ངལ་ཡོད་པ་ཡིན་ན། དེ་དག་འཛིན་གྲྭའི་ནང་སློབ་ཚན་བསླབ་ཚར་བ་ཙམ་གྱི་འཐུས་པར་མ་གཟིགས་པར། ག་དུས་ཡིན་ཡང་དེའི་རྒྱུན་འཁྱོངས་ཀྱི་དཀའ་ངལ་སེལ་ཐུབ་པ་ཡིན་ན། རྣམ་པ་ཀུན་ཏུ་དགེ་རྒན་གྱི་མཚན་ཉིད་ཚང་བ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་པ་རེད་ལ། ཤེས་ཡོན་སྲིད་བྱུས་ནང་དམིགས་ཡུལ་བཞག་པ་ལྟར། འགྲུབ་ཐུབ་པའི་གནས་བབ་ཀྱང་ཡོད་པ་རེད། རེ་བ་ཡང་རྒྱག་ཆོག་གི་རེད། ” ཅེས་གསུངས་བྱུང་།

དྲི་བ་དྲིས་ལན་སྐབས་ཁོང་གིས། ཤེས་ཡོན་སྲིད་བྱུས་དེ་ཐབས་ལམ་ཚང་མ་ཡོད་པའི་ལམ་སྟོན་གྱི་སྒྲོམ་གཞི་ཡིན་པའི་ཁུལ་རེད། དེ་བརྒྱ་ཆ་ཁ་ཤས་ལག་ལེན་བསྟར་ཐུབ་པ་ཡིན་ན་གྲུབ་འབྲས་བརྒྱ་ཆ་ཁ་ཤས་དང་། བརྒྱ་ཆའི་བརྒྱ་ལག་ལེན་བསྟར་ཐུབ་པ་ཡིན་ན་གྲུབ་འབྲས་བརྒྱ་ཆའི་བརྒྱ་ཐོན་ངེས་པ་རེད། ལམ་སྲོལ་གང་ཞིག་ཡིན་ཡང་བརྒྱ་ཆའི་བརྒྱ་ལག་ལེན་བསྟར་རྒྱུ་ཧ་ཅང་ཁག་པོ་ཡིན་ནའང་།  གཞན་དབང་སྟབས་བསྟུན་བྱེད་མི་དགོས་པའི་གནས་བབ་ལ་བསླེབ་སྐབས། ང་རང་ཚོར་སྲིད་བྱུས་ལག་ལེན་བསྟར་བའི་འདུན་པ་ཡོད་པ་ཡིན་ན། གཞི་རྩ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ། གཞན་དབང་སྟབས་བསྟུན་བྱེད་མི་དགོས་པའི་སྐབས་སུ་གང་འདྲ་ཞིག་ལག་ལེན་བསྟར་ཐུབ་མིན་དང་། གཞན་དབང་སྟབས་བསྟུན་བྱེད་མི་དགོས་པ་ཙམ་གྱིས་བརྒྱ་ཆའི་བརྒྱ་བསྟར་ཆོག་ཆོག་ཆགས་ཀྱི་རེད་དམ་ཅེ་ན། དེ་ལ་ཕྱོགས་མང་པོར་བལྟ་དགོས་པ་ཞིག་རེད། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་མ་བསྟར་ཟེར་བ་དེ་འཛིན་སྐྱོང་ལ་རག་ལས་བ་རེད་དེ། རག་ལས་ས་གཙོ་བོ་དེ་དགེ་རྒན་དང་ཕ་མ། ཕྲུ་གུ་གསུམ་རེད། དགེ་རྒན་དང་སློབ་ཕྲུག་གི་མངོན་འདོད་ཆ་མཉམ་པ་བྱུང་བ་ཡིན་ན། ཕ་མའི་མངོན་འདོད་མ་མཐུན་པ་ཡིན་ནའང་། ཉེན་ཁ་ཆུང་བ་ཡོད་པ་རེད། ཕ་མ་དང་ཕྲུ་གུའི་མངོན་འདོད་གཅིག་པ་ཆགས་ཏེ། དགེ་རྒན་གཅིག་པུས་དེའི་ཁ་གཏད་གཅོག་དགོས་འཁེལ་ན་དཀའ་ལས་ཁག་པོ་ཡོད་པ་རེད། དགེ་རྒན་དང་སློབ་ཕྲུག་གཉིས་གཅིག་པ་ཆགས་པ་ཡིན་ན། མཉམ་རུབ་ཐོག་ཕ་མར་ཁ་གཏད་གཅོག་བདེ་བ་ཡོད་པ་རེད། དེ་གསུམ་གྱི་ནང་ནས་དགེ་རྒན་གཙོ་བོ་རེད། དགེ་རྒན་ཚད་ལྡན་ཞིག་དང་འདང་ངེས་ཤིག་བྱུང་བ་ཡིན་ན། དགེ་རྒན་གྱིས་སློབ་ཕྲུག་གི་ཁ་ལོ་བསྒྱུར་ཐུབ་ཀྱི་རེད། དེ་བསྒྱུར་ཐུབ་པ་ཡིན་ན་ཕྲུ་གུས་ཕ་མའི་ཁ་ལོ་བསྒྱུར་ཐུབ་ཀྱི་རེད་བསམ་གྱི་འདུག  ད་ལྟའི་གནས་སྐབས་སུ་དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུའི་འདུན་པ་ཡོད་ནའང་། དེ་དང་མཐུན་པ་ཞིག་སློབ་ཕྲུག་མི་འགྲོ་བ་དེ། སློབ་ཕྲུག་ཚོའི་ནང་གི་ཁོར་ཡུག་དང་ཕ་མའི་ལམ་སྟོན་བྱེད་སྟངས་ཀྱི་ཐོག་ནས་འགོག་རྐྱེན་འཕྲད་བསྡད་པ་མང་པོ་ཡོད་པ་རེད། འཛིན་སྐྱོང་གི་བྱེད་སྟངས་འགྲིག་མ་འགྲིག་དེ། དགེ་རྒན་དང་ཕ་མ། ཕྲུ་གུ་གསུམ་གྱི་འདུན་པ་གཅིག་གྱུར་བྱུང་བ་ཡིན་ན། དམངས་གཙོའི་སྤྱི་ཚོགས་ནང་འཛིན་སྐྱོང་དེའི་མཉམ་དུ་འགྲོ་དགོས་པ་ཞིག་ཆགས་པ་ལས། འཛིན་སྐྱོང་གི་འགོག་རྐྱེན་བཟོ་བའི་གནས་སྟངས་ཤིག་ཡོང་གི་མ་རེད་བསམ་གྱི་འདུག  ཡང་དག་པའི་ཤེས་ཡོན་སྤྲོད་པ་ལ་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་དགོས་ཀྱི་ཡོད་པ་རེད། དེ་ལག་ལེན་བསྟར་བའི་ལག་ཆ་དང་པོ་དགེ་རྒན་རེད། དགེ་རྒན་གྱིས་སྲིད་བྱུས་མཁྱེན་པ་དང་ཡིད་ཆེས་ཡོད་པ། ལག་ལེན་བསྟར་བའི་ནུས་པ་ཡོད་པ་ཡིན་ན། དགེ་རྒན་གྱི་སློབ་ཕྲུག་དང་ཕ་མས་ཁ་ལོ་བསྒྱུར་ཐུབ་ཀྱི་རེད།  གལ་ཆེ་ཤོས་གཉིས་པ་སློབ་ཕྲུག་རེད། སློབ་ཕྲུག་གང་དུ་འཁྲིད་མིན་དེ་དགེ་རྒན་དང་ཕ་མ་གཉིས་ལ་རག་ལས་ཡོད་པ་རེད། ཅེས་གསུངས་བྱུང་།

བཀའ་ཟུར་མཆོག་གིས་སློབ་སྦྱོང་གི་བརྒྱུད་ལམ་ཐོག་རང་གི་སྐད་ཡིག་གལ་ཆེན་རང་བཞིན་ཐད། “ སློབ་སྦྱོང་གི་བརྒྱུད་ལམ་རང་གི་ཕ་སྐད་ལས་མེད་པ་དེ་སྲོལ་རྒྱུན་པ་ཚོས་འདོད་ཀྱི་ཡོད་པ་རེད་ལ། དེང་རབས་ཀྱི་ཤེས་ཡོན་པ་ཚོས་ཀྱང་དེ་ལྟར་ཁས་ལེན་གྱི་ཡོད་པ་རེད། སྔོན་མ་དབྱིན་ཇིའི་འོག་ལོ་མང་བསྡད་པའི་རྒྱ་གར་ལྟ་བུའི་ནང་ད་དུང་ཡང་ཤེས་ཡོན་གྱི་བརྒྱུད་ལམ་གཞན་སྐད་ནང་ལྷག་ཡོད་པ་རེད་མ་གཏོགས། ཡར་ཐོན་ཆེན་པོ་ཕྱིན་ཟིན་པའི་རྒྱལ་ཁབ་གང་ཡིན་ཡང་། ཤེས་ཡོན་གྱི་བརྒྱུད་ལམ་རང་སྐད་ལས་སྐད་ཡིག་གཞན་པའི་ནང་ཧ་ལམ་མེད་བསྡད་པ་ཞིག་རེད། ལར་ནས་མི་རིགས་ཀྱི་དབྱེ་བ་དེ་སྐད་ཡིག་གི་ཐོག་ནས་བྱས་པ་རེད་མ་གཏོགས་གཞན་ཡོད་པ་མ་རེད། མི་རིགས་ཤིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་ན། རང་གི་སྐད་ཡིག་གཙོ་བོ་དང་སློབ་སྦྱོང་གི་བརྒྱུད་ལམ་ཚང་མར་སྤྱོད་དགོས་པ་དེ་གལ་ཆེན་པོ་རེད། སྐད་དང་བསམ་བློ་གཉིས་མཉམ་དུ་འགྲོ་ཡི་ཡོད་པ་རེད། བེད་སྤྱོད་བྱས་པའི་སྐད་དེ་མི་རིགས་གཞན་པའི་སྐད་ཡིག་བེད་སྤྱོད་བྱས་པ་ཡིན་ན། བོད་པའི་རིགས་རྒྱུད་ལས་སྐྱེས་ཀྱང་། ཁོའི་ལུས་ཀྱི་གྲུབ་ཆ་བོད་པའི་ཤ་ཁྲག་ལས་གྲུབ་ཡོད་ཀྱང་། སེམས་ཀྱི་གྲུབ་ཆ་དེ་བོད་པའི་སེམས་ཀྱི་གྲུབ་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། དེར་བརྟེན། སྤྱིར་སློབ་སྦྱོང་གི་བརྒྱུད་ལམ་དང་། ལྷག་པར་དུ་དམའ་རིམ་དང་གཞི་རིམ་གྱི་སློབ་སྦྱོང་གི་བརྒྱུད་ལམ་དེ་བོད་སྐད་ཡིག་ཁོ་ན་ཡིན་དགོས་པ་རེད། ང་ཚོ་འགྱུར་བ་འགྲོ་དགོས་ཀྱི་ཡོད་ན། དེ་དག་ཚང་མ་བོད་ཀྱི་སྐད་ཡིག་གི་ཐོག་མ་བསྒྱུར་བ་ཡིན་ན་འགྲུབ་ཐབས་མེད་པ་གསལ་བོ་རེད། ” ཅེས་གསུངས་བྱུང་།

ཤེས་ཡོན་སྲིད་བྱུས་ཀྱི་དགོས་པ་དང་དམིགས་ཡུལ་འགྲུབ་པར་འཛིན་སྐྱོང་གི་ངོས་ནས་གང་འདྲ་བྱ་དགོས་མིན་ཐད་ཁོང་གིས། “ སྤྱིར་བཏང་ཤེས་ཡོན་ལམ་སྲོལ་ནང་གལ་གནད་ཆུང་ཤོས་འཛིན་སྐྱོང་རེད། དགེ་རྒན་དང་ཕ་མ་སློབ་ཕྲུག་གསུམ་རྡོག་སྒྲིལ་བ་ཡིན་ན། འཛིན་སྐྱོང་ལ་མཐུན་རྐྱེན་བསྐྲུན་རྒྱུ་ལས་དམིགས་བསལ་བྱེད་རྒྱུ་ཡོད་པ་མ་རེད། དགེ་རྒན་ཕ་མ། སློབ་ཕྲུག་གསུམ་རྡོག་མ་སྒྲིལ་བ་ཡིན་ན། འཛིན་སྐྱོང་ལ་ཡང་བསྐྱར་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། ཤེས་ཡོན་ལམ་སྲོལ་ཐོག་རང་དབང་དགོས་ལབ་པ་དེ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱིས་ལབ་བསྡད་པ་ཞིག་རེད། རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་ལ་མཚོན་ནའང་། སོ་སོ་རང་གིས་བྱེད་ཀྱི་ཡོད་པ་ལས། འཛིན་སྐྱོང་ལ་དམིགས་བསལ་ལས་རྒྱུ་ཡོད་པ་མ་རེད། གཙུག་ལག་ཁང་ཁ་ཤས་ལ་ཉེ་བའི་རིག་བདག་བསྐོ་བཞག་སོགས་མ་གཏོགས་རང་སྐྱོང་གི་གནས་བབ་རེད། དཀའ་ལས་གང་ནས་ལྷག་གི་རེད་ཅེ་ན། འཛིན་སྐྱོང་གི་ཕྱོགས་ལ་དགོས་པའི་དགོས་མཁོ་གཅིག་ཡོད་པ་དེ་ཆབ་སྲིད་ཀྱི་ཆོད་སེམས་རེད། འཛིན་སྐྱོང་གི་མི་ལ་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུ་ཡིན་བསམ་པའི་ཆབ་སྲིད་ཀྱི་ཆོད་སེམས་མེད་པ་ཡིན་ན། འཐུས་ཤོར་འགྲོ་སྲིད་ཀྱི་རེད། དེ་ཡོད་པ་ཡིན་ན་འགྲིག་པ་རེད། ཤེས་ཡོན་སྲིད་བྱུས་ལག་ལེན་ཁྲོད་ཀྱི་འགན་ཆུང་ཤོས་འཛིན་སྐྱོང་རེད། མཐུན་རྐྱེན་སྦྱོར་བ་དང་སྒྲིག་འཛུགས་ཀྱི་རྣམ་གཞག་བཤད་པ་ལས། དངོས་སུ་ལག་ལེན་བྱེད་པར་འཛིན་སྐྱོང་ལ་བྱེད་ཐབས་ཡོད་པ་རེད། འཛིན་སྐྱོང་གི་བསམ་བློའི་ནང་རང་གི་གཏན་ལ་ཕབ་པའི་སྲིད་ཇུས་ལ་ཡིད་ཆེས་མེད་པ་དང་། དེ་ལག་ལེན་མ་བསྟར་ཐབས་མེད་ཡིན་བསམ་པའི་ཆོད་སེམས་བརྟན་པོ་མེད་པ་ཡིན་ན། དཀའ་ངལ་འཕྲད་ཀྱི་རེད། དེ་ལྟར་འཕྲད་ཀྱང་དགེ་རྒན་བརྟན་པོ་ཡིན་ན། འཛིན་སྐྱོང་ལ་དམིགས་བསམ་བྱ་རྒྱུ་ཡོད་པ་མ་རེད། དགེ་རྒན་སྡུག་ཅག་བྱུང་བ་ཡིན་ན་གནོད་ཆེན་པོ་སྐྱེལ་བའི་གོ་སྐབས་ཡོད་པ་རེད། ” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. བསྟན་པ། says:
    ལོ་ 12 སྔོན།

    མི་རྗེ་མཁས་དབང་མཆོག་གི་གསུངས་འཕྲིན་ནི་དངོས་གནས་བོད་འབངས་ཡོང་ནས་ངེས་པར་བློ་ངེས་དང་བསམ་གཞིག་བྱ་རྒྱུ་གལ་ཆེ་བར་མཐོང་། གལ་ཏེ་གསར་ལམ་གནས་ཚུལ་ཏག་ཏག་བཀོད་ཡོད་ན། འདིར་ང་རང་སྒེར་གྱི་བསམ་ཚུལ་འགའ་ཞིག་ཞུས་འདོད་བྱུང་།

    ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་ལག་ལེན་དེ་ད་ལྟའི་བཀའ་ཤག་ལ་དེ་ཙམ་གྱི་ཆོད་སེམས་མེད་པ་དངོས་གནས་མཐོང་སོང་། གཅིག་གི་སྲིད་སྐྱོང་རང་ཅག་གི་རང་གནས་ཀྱི་སྙིང་བཅུད་ལ་གོམ་པ་མེད་པས་དབང་དང་གཉིས་ནས་ནུབ་ཕྱོགས་ཤེས་རིག་ལ་ལ་ཞེན་ཆེ་བས་རེད་སྙམ། དེ་ནི་སྲིད་སྐྱོང་གི་སྐྱོན་མིན་ལ་བྱེས་ཀྱི་བོད་མི་མང་ཆེ་བའི་བསམ་བློ་ཡང་སྲིད་སྐྱོང་དང་ཕྱོགས་མཚུངས་པས་སྤྱི་ཚོགས་རང་བཞིན་གྱི་སྐྱོན་ཞིག་ཏུ་མཐོང་། སོང་ཙང་མི་རྗེ་མཆོག་ནས་སྲིད་གཞུང་ལ་ཆོད་སེམས་མེད་པ་བཤད་དོན་དེ་རེད།

    འོན་ཀྱང་སྲིད་གཞུང་ལ་དེ་ལྟར་ཆོད་སེམས་མེད་པ་ནི་ལྷག་པར་དུ་འང་མང་གཙོའི་སྤྱི་ཚོགས་ཞིག་གི་ནང་། སྲིད་གཞུང་དེ་མི་མང་གི་བདམས་པ་ཞིག་ཡིན་པས་སྲིད་གཞུང་གི་ལང་ཕྱོགས་དེ་འང་མི་མང་ལ་སྟབས་བསྟུན་བྱས་པ་ནི་ཆབ་སྲིད་དང་དངོས་ཡོད་གི་འགྲོ་སྟངས་ཤིག་ཀྱང་རེད།

    ང་ཚོའི་སྤྱི་ཚོགས་ནས་ཞིབ་པར་དཔྱད་ན་ཤེས་ཡོན་སྲིད་བྱུས་ལ་རྒྱུན་དུ་དངོས་ཤུགས་རྒྱུད་གསུམ་ནས་རྒྱབ་སྐྱོར་གྱི་གསུངས་སྐད་བསྐྱོན་མཁན་མང་ཆེ་བ་ནི་རང་གི་སྲོལ་རྒྱུན་རིག་གཞུང་ལ་གོ་བ་ཆུང་ལོན་པ་མང་བ་རེད། སོང་ཙང་ཁོང་ཚོའི་ངོས་ནས་རྩོམ་དང་སྙན་ཞུ་ཙམ་འབྲི་བ་མ་ཡིན་པར་དངོས་སུ་སྤྱི་ཚོགས་དང་ལྷག་པར་སློབ་ཕྲུག་དང་ཕ་མ་རྣམས་ཀྱི་སེམས་ཁམས་ལ་བློ་ལ་བབ་པའི་སྔར་གྱི་སྲོལ་རྒྱུ་རིགས་གནས་དེ་དག་དེང་གི་དུས་ཀྱི་ཤེས་རིག་དང་འགལ་བ་མེད་པ་དང་། སྤྱི་ཚོགས་ཀྱི་འགྱུར་བ་དང་མཉམ་འགྲོས་ཐུབ་མཁན་ཞིག་ཡིན་པ་དངོས་སུ་སྟོན་ཐུབ་པ་ཞིག་དགོས། དེ་ནི་ཤེས་ཡོན་སྲིད་བྱུས་ལ་ཕྱོགས་རིས་ཅན་རྣམས་ཀྱི་ངེས་པར་དུ་འགྲུབ་དགོས།
    མཐར་མི་རྗེ་མཆོག་དང་ཅུང་བསམ་ཚུལ་མི་མཐུན་པ་ཞིག་ཞུ་རྒྱུ་ནི། འཛིན་སྐྱོང་ནི་སྤྱི་ཚོགས་དེ་ལས་སྐྱེས་སྲིང་བྱས་པ་མི་མང་བང་དང་གཅིག་པ་རེད། འོན་ཀྱང་སྐབས་བབས་སུ་གཞུང་གི་དངུལ་གྲོན་གང་དུ་ཆེད་གཏོང་བྱེད་དང་མི་བྱེད་དེ་འཛིན་སྐྱོང་ལ་བརྟེན་པ་དང་། ལྷག་པར་འཛིན་སྐྱོང་ནས་ད་ལྟའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྒྲུབ་དགོས་པའི་ཕྱག་ལས་གལ་ཆེ་ཤོས་གཅིག་ནི། ཤེས་ཡོན་དང་སྲོལ་རྒྱུན་རིག་གནས་ཁྱད་ལས་པའི་ཉམས་ཞིབ་ཀྱི་སྡེ་ཚན་ཞིག་ངེས་པར་དུ་དགོས་པར་མཐོང་། ད་ལྟའི་ཤེས་ལྷན་ནང་དེང་དང་སྲོལ་རྒྱུན་ཚན་པ་སོ་སོ་ལས་དེ་གཉིས་ཟུང་འབྲེལ་གྱི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སློབ་གཞི། དགོ་འོས། སློབ་དེབ། སོགས་བསྐྲུན་རྒྱུའི་ལང་ཕྱོགས་ཤིག་ཕལ་ཆེར་མེད་པ་རེད། སོང་ཙང་འཛིན་སྐྱོང་དང་ཕ་མ་དང་དགེ་སློབ་ཚང་མ་འཕྱར་གྲུ་མཉམ་འདེགས་རེད་མ་གཏོགས་གཅིག་ལས་གཞན་གཙིགས་ཆེ་བ་བྱེད་པ་ནི་འོས་འཚམས་ཞིག་མཐོང་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese