ཉེ་སྔོན་གཞིས་ཀ་རྩེ་དིང་རི་རྫོང་ནས་ཡིན་པའི་བོད་མི་ནོར་རྒྱས་ཟེར་བ་ཞིག་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
བལ་ཡུལ་དུ་ཡོད་པའི་ཐུབ་བསྟན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་མི་སྣས་ཞིབ་བཤེར་སྐབས། བོད་མི་ནོར་རྒྱས་ཟེར་བ་ཞིག་གི་ལག་འཁྱེར་ཁ་པར་ནང་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ བར་༧གོང་ས་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་གསུང་ཆོས་གནང་སྐབས་ཀྱི་བརྙན་ཐུང་ཡོད་པ་དང་། བརྙན་ཐུང་དེ་བོད་མི་མང་པོར་བརྒྱུད་སྤྲོད་བྱས་ཡོད་པའི་ཉེས་མིང་འོག ལྷ་ས་གྲོང་ཁྱེར་ར་མོ་ཆེའི་ཉེ་འགྲམ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ནོར་རྒྱས་ལགས་ནི་གཞིས་ཀ་རྩེ་དིང་རི་རྫོང་མཚོ་སྒོ་(措果)གྲོང་ཚོ་ནས་ཡིན་ཞིང་། ལྷ་ས་གྲོང་ཁྱེར་དུ་ལས་ཀ་བྱེད་བཞིན་པའི་འཛུགས་སྐྲུན་ལས་མི་ཞིག་ཡིན་འདུག ཁོང་འཛིན་བཟུང་བྱས་རྗེས་ཉིན་ ༨ རིང་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ཀྱང་། ཕྱི་ཚེས་ ༢༢ ཉིན་ཁོང་ལྷ་ས་གྲོང་ཁྱེར་ར་མོ་ཆེའི་ཉེ་འཁྲིས་ཀྱི་བཀར་ཉར་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། བཀག་ཉར་སྐབས་ཁོང་ལ་གཅར་རྡུང་དྲག་པོ་བཏང་ཡོད་པ་མ་ཟད། ཕྱི་ཕྱོགས་སུ་འབྲེལ་ལམ་བཅད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག
དེ་ཡང་གནས་ཚུལ་མཁོ་སྤྲོད་པས་ཉེ་བའི་ལོ་ ༢ ནང་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་སྔར་ལས་བོད་མི་ཚོར་གང་བྱུང་སྔོག་བཤེར་བྱེད་བཞིན་ཡོད་ཅིང་། ཉེས་རྟོག་ཕྱོགས་ནས་དེ་ལ་འཕྲལ་རྒོལ་ཞིབ་བཤེར་ཞེས་བརྗོད་ཀྱིན་ཡོད་འདུག ཞིབ་བཤེར་སྐབས་གཙོ་བོ་ལག་འཁྱེར་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་དང་བརྙན་ཐུང་། བོད་ཀྱི་རྒྱལ་དར། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་བསྟོད་པ་དང་ལ་རྒྱའི་གླུ་གཞས་ཡོད་མེད་ཞིབ་བཤེར་ནན་པོ་བཞིན་ཡོད་ཀྱང་། གཞིས་བཞུགས་བོད་མི་ཚོས་ཉེན་ཁར་མ་འཛེམས་པར་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་སོགས་སོ་སོའི་ལག་འཁྱེར་ཁ་པར་ནང་ཉར་ཏེ། རྒྱུན་དུ་ལྟ་ཉན་གནང་བཞིན་ཡོད་སྐོར་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།