དེ་རིང་ལྷོ་ཀོ་རི་ཡའི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག ལྷོ་ཀོ་རི་ཡའི་ནུབ་ཕྱོགས་ས་ཁུལ་ཨེན་ཆོན་ (Incheon) ནས་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཇེ་ཇུ་ (Jeju) མཚོ་གླིང་། འགྲུལ་བ་མི་ ༤༧༧ ཙམ་ཡོད་པའི་གྲུ་གཟིངས་ཤིག་མཚོ་ནང་འགྱེལ་ཏེ་མི་ ༡༠༠ ཙམ་ཉེན་སྐྱོབ་ཐུབ་ཡོད་ཀྱང་། གཞན་མི་ ༢༩༥ གར་སོང་ཆ་མེད་དུ་གྱུར་ཡོད་འདུག
འདིའི་ཐད་ལྷོ་ཀོ་རི་ཡའི་རྒྱལ་དམངས་བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པ་ལེ་གྷེན་ཨོ་ (Lee Gyeong-Og) ལགས་ཀྱིས། “ འགྲུལ་སྐྱེལ་གྲུ་གཟིངས་དེའི་སྟེང་མི་ ༤༧༧ ཡོད་པ་དང་། དེ་དག་ལས་མི་ ༣༢༥ མཐོ་འབྲིང་སློབ་མ་ཤ་སྟག་ཡིན་སྟབས། གཞུང་ངོས་ནས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། མཚོ་ནང་གི་འདམ་རྙོག་ཡོད་ོཔའི་དབང་གིས་འཚོལ་ཞིབ་རུ་ཁག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད” ཅེས་བརྗོད་འདུག
ད་ལྟ་ལྷོ་ཀོ་རི་ཡའི་གཞུང་གིས་ཐད་འཕུར་གནམ་གྲུ་ ༡༦ དང་། ཉེན་སྐྱོབ་གྲུ་གཟིངས་ ༣༤། མཚོ་དམག་གྲུ་གཟིངས་ ༢༡། མཚོ་ཐོག་སྲུང་དམག་གྲུ་གཟིངས་ ༡༡ བཅས་བཏང་སྟེ་འགྲུལ་བ་འཚོལ་ཞིབ་བྱེད་བཞིན་ཡོད་འདུག གྲུ་གཟིངས་དེའི་འགྲུལ་བ་མང་ཆེ་བ་ནི་ཨན་སན་ ( Ansan) གྲོང་ཁྱེར་གྱི་ཌན་ཝང་ (Danwon) མཐོ་འབྲིང་སློབ་གྲྭའི་སློབ་མ་ཡིན་འདུག
གསར་འགོད་པ། དོན་གྲུབ།