རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་གྲོས་མོལ་བརྒྱུད་འབྱུང་འགྱུར་ལོ་ ༣༠ ནང་རྒྱ་ནག་དང་ཨུ་རུ་སུའི་བར་ཨ་སྒོར་ཐེར་འབུམ་ ༤༠༠ ལྷག་གི་སོལ་རླངས་གཙོས་པའི་རྡོ་སྣུམ་རིགས་ཀྱི་ཚོང་འབྲེལ་མགོ་འཛུགས་བྱས་ཡོད་འདུག
ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་ཧྲེང་ཧེ་རུ་ཚོགས་པའི་ཨེ་ཤ་ཡའི་འབྲེལ་ལམ་དང་བརྟན་བརླིང་ཞེས་པའི་རྒྱལ་ཁབ་ ༢༦ གི་ཚོགས་འདུའི་མཇུག་ཏུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་བསྐྱར་དུ་གྲོས་མོལ་བརྒྱུད། ཨུ་རུ་སུ་ནས་རྒྱ་ནག་ལ་སོལ་རླངས་ཚོང་འདྲེན་བྱ་རྒྱུར་གྲོས་མཐུན་བྱུང་སྟེ། ཨུ་རུ་སུའི་གྷེད་ཛི་པུ་རོམ་ (Gazprom) སོལ་རླངས་བཟོ་གྲྭའི་ཚོགས་གཙོ་ཨད་ལེ་སེད་ (Alexei Miller) དང་རྒྱ་ནག་རྒྱལ་ཡོངས་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་འགན་འཛིན་ཀྲའོ་ཇེ་ཕིན་ (Zhou Jiping ) གཉིས་ཀྱིས་འབྱུང་འགྱུར་ལོ་ ༣༠ རིང་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༤༠༠ ལྷག་གི་སོལ་རླངས་གཙོས་པའི་རྡོ་སྣུམ་རིགས་ཀྱི་ཚོང་འབྲེལ་ལ་མིང་རྟགས་བཀོད་ཡོད་འདུག
འབྱུང་འགྱུར་ལོ་བཞིའི་རིང་ཨུ་རུ་སུས་ཨ་སྒོར་ཐེར་འབུམ་ ༥༥ ཡིས་སོལ་རླངས་དང་རྡོ་སྣུམ་གྱི་སྦུགས་ལམ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ཀྱང་དུས་ལྟར་ཨུ་རུ་སུའི་ས་མཚམས་བར་སྦུགས་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ཡིན་ན། ༢༠༡༩ ལོའི་ལོ་མགོར་ཨུ་རུ་སུས་རྒྱ་ནག་ལ་ལོ་རེར་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ (Cubic metre) ཐེར་འབུམ་ ༣༨ རེ་གཏོང་རྒྱུ་ཡིན་པ་དང་། དེ་ནི་ད་ལྟའི་རྒྱ་ནག་ནང་སོལ་རླངས་བེད་སྤྱོད་གཏོང་ཚད་ཀྱི་བརྒྱ་ཆ་ ༢༥ ཙམ་ཟིན་གྱི་ཡོད་འདུག ཐེངས་འདིའི་རྒྱལ་ཁབ་གཉིས་བར་གྱི་སྦུགས་ལམ་འཛུགས་སྐྲུན་གྱི་རིང་ཚད་སྤྱི་ལེ་ ༤༠༠༠ ཙམ་ཡིན།
བྷེ་བྷེ་སེའི་གསར་འགོད་པ་སྐུ་ཞབས་ཇོན་ནཱ་ཐན་(Jonathan Marcus)ལགས་ཀྱིས། ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་དེ་ཉེ་ལམ་ཡུའུ་ཁུ་རེན་གྱི་གནད་དོན་ཁོ་ནར་བརྟེན་ཏེ་བྱུང་བ་ཞིག་མིན་པར། དེ་སྔོན་སེ་རི་ཡའི་གནད་དོན་ཐོག་ནས་ཀྱང་འགལ་བ་ཆེན་པོ་ཆགས་ཡོད་སྟབས། ཐེངས་འདིར་པུ་ཊིན་གྱིས་དམག་དོན་དང་དཔལ་འབྱོར་གཉིས་གཙོ་བོར་བཟུང་སྟེ་རྒྱ་ནག་ལ་མཉམ་འབྲེལ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག
རྒྱལ་ཁབ་གཉིས་བར་གྱི་སོལ་རླངས་ཚོང་འབྲེལ་གྱི་གོང་ཚད་ཕྱི་བསྒྲགས་བྱས་མེད་ཀྱང་། རྒྱལ་སྤྱིའི་གསར་ལམ་དུ་ནམ་རྒྱུན་ཨུ་རུ་སུས་ཡུ་རོབ་རྒྱལ་ཁབ་ཁག་ལ་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ ༡༠༠༠ རེར་ཨ་སྒོར་ ༣༨༠།༥༠ བྱས་ཏེ་འཚོང་བཞིན་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་མཉམ་དུ་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ ༡༠༠༠ རེར་ཨ་སྒོར་ ༣༥༠ བྱས་ཏེ་བཙོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག
འདས་བའི་ལོ་ངོ་བཅུའི་རིང་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་རྡོ་སྣུམ་དང་སོལ་རླངས་ཚོང་ལས་སྐོར་ལ་གྲོས་མོལ་རིམ་པ་བྱས་ཀྱང་ལམ་ལྷོང་བྱུང་མེད་ཅིང་། ཡུའུ་ཁུ་རེན་གྱི་གནད་དོན་ཐོག་ནས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཚོས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་སྟེ། ཨུ་རུ་སུ་འཛམ་གླིང་གི་དཔལ་འབྱོར་ཚོང་ལས་དང་ཕྱི་སྲིད་འབྲེལ་ལམ་སོགས་གང་ཐད་ནས་གྲོགས་མེད་ཁེར་རྐྱང་བཟོ་ཐབས་བྱས་པར་བརྟེན། ཐེངས་འདིར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཀྱིས་ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་འགྲོ་བར་སྔོན་འགོག་དང་། ཨུ་རུ་སུའི་སོལ་རླངས་ཀྱི་ཁྲོམ་རྭ་དེ་ཡུ་རོབ་ཁོ་ནར་བརྟེན་ན་ཉེན་ཁ་ཆེན་པོ་ཡིན་པ་བཅས་ལ་མཐོང་སྟེ། རྒྱ་ནག་དང་མཉམ་དུ་དམག་དོན་སོལ་རླངས་ཚོང་འབྲེལ་བཙུགས་པ་ཞིག་ཡིན་འདུག
རྒྱ་ནག་ནང་གི་བཟོ་གྲྭ་བརྒྱ་ཆ་ ༨༠ ལྷག་གིས་རྡོ་སོལ་བེད་སྤྱོད་གི་ཡོད་ཅིང་། ༢༠༠༧ ལོར་འཛམ་གླིང་དངུལ་ཁང་གིས་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་ཐོག་མཁའ་དབུགས་འབག་བཙོག་ཆེ་ཤོས་ཀྱི་གྲོང་ཁྱེར་ ༢༠ བགྲང་ཡོད་པའི་ཁྲོད་པེ་ཅིན་དང་ཧྲིན་ཀྲིན། ཀུང་ཀྲུག ཞི་ཨན་སོགས་རྒྱ་ནག་གི་གྲོང་ཁྱེར་ ༡༦ ཚུད་ཡོད། རྒྱ་ནག་ནང་མཁའ་དབུགས་འབག་བཙོག་གི་རྐྱེན་པས་འཕྲོད་བསྟེན་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མཁའ་དབུགས་འབག་བཙོག་གཙང་བཟོའི་ཆེད་ལོ་རེར་ཨ་སྒོར་ས་ཡ་མང་པོ་གཏོང་བཞིན་ཡོད། དཀའ་ངལ་དེ་དག་ལ་བརྟེན་ཏེ་ཐེངས་འདིའི་ཨུ་རུ་སུ་དང་སོལ་རླངས་ཚོང་བྱས་པ་དེས་རྒྱ་ནག་ལ་ཁེ་ཕན་ཆེན་པོ་རག་རྒྱུ་ཡིན་འདུག
རྒྱ་ནག་ནི་ཨུ་རུ་སུའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ན་ནིང་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༩༠ ཙམ་གྱི་ཚོང་འབྲེལ་བྱས་ཡོད་སྟབས། འབྱུང་འགྱུར་ལོ་ ༡༠ ནང་ཨ་སྒོར་ཐེར་འབུམ་ ༢༠༠ ལྷག་གི་ཚོང་འབྲེལ་བྱེད་རྒྱུ་ཡིན་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།