མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ཟས་བཅད་ངོ་རྒོལ་ཞིག་བྱེད་ཐུབ་ན་བསམ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དྷ་སར་དྲུག་བཞིའི་དོན་རྐྱེན་སྐོར་ལ་བགྲོ་གླེང་ཚོགས་པའི་སྟེང་། གཏམ་བཤད་པ་ཚོས་དོན་རྐྱེན་དེས་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། བོད་པ་ཚོས་ལས་འགུལ་དེ་མིག་དཔེར་བལྟས་ཏེ་མདུན་སྐྱོད་བྱེད་དགོས་སྐོར་སོགས་བརྗོད་སོང་།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦།༠༠ སྟེང་། དྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག རྒྱ་ནག་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་དྲུག་བཞིའོ་དོན་རྐྱེན་བྱུང་སྟེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དང་འབྲེལ་བའི་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་གཏམ་བཤད་པར་བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་དང་དགུ་བཅུ་གསུམ་གྱི་རྒྱུན་ལས་ཀླུ་མཁར་བྱམས་ལགས། དབུས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་བཞི་གཙོས་དྷ་ས་ཁུལ་གྱི་མི་མང་བརྒྱ་སྐོར་ཞིག་འཛོམས་སོང་།

སྐབས་དེར་དྲུག་བཞིའི་དོན་རྐྱེན་གྱི་པར་རིས་འགྲེམ་སྟོན་དང་། ནོར་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྐུ་ཞབས་ལེའུ་ཞོ་པོ་ལགས་ཀྱིས་བརྩམས་པའི་སྙན་ངག་དང་། དུས་དྲན་དང་འབྲེལ་བའི་༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་བཅས་སྒྲོགས་སྦྱང་གནང་རྗེས་གོ་སྒྲིག་པས་དུས་དྲན་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༡༩༨༩ ཟླ་ ༦ པའི་ཚེས་ ༤ ཉིན་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོ་དང་རང་དབང་གི་ཆེད་དུ་ངོ་རྒོལ་གནང་མཁན་སློབ་གྲྭ་ཆེན་མོ་བ་གཙོས་པའི་ཤེས་ཡོན་པའི་དཔུང་སྡེ་ཞིག་དམར་གསོད་བྱས་ཏེ། ཁུལ་དེར་ཁྲག་དང་ནམ་མཁའ་དུད་སྨུག་གིས་ཁེངས་པའི་ཡ་ང་བའི་ཉིན་མོ་ཞིག་ཆགས་ཡོད་སྟབས། ཉིན་དེ་ནས་བཟུང་དྲུག་བཞིའི་དོན་རྐྱེན་ཞེས་རྒྱ་ནག་མི་མང་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་མང་ཚོགས་ཚོས་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ལ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་ང་ཚོས་ཀྱང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ཅེས་བརྗོད་སོང་།

སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་གཏམ་བཤད་གནང་བར། སློབ་ཕྲུག་དང་གཞོན་སྐྱེས་ཚོས་སྣེ་ཁྲིད་པའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་ལས་འགུལ་དེ་དམངས་གཙོའི་གྱེན་ལངས་ལས་འགུལ་ཞིག་ཆགས་ཡོད། ལས་འགུལ་བ་ཚོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། གཞུང་གི་འགན་འཁུར་བྱེད་ཕྱོགས་སོགས་ལ་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱས་པ་ལྟར། ད་ལྟའང་དགོས་འདུན་དེ་དག་འགྱུར་བ་མེད་པར་གནས་ཡོད། རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་ཐོག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལྕགས་ཁྲབ་འཁོར་ལོ་བཏང་སྟེ་ལས་འགུལ་བ་ཚོ་དམར་གསོད་བཙོན་འཇུག་བྱས་ཡོད་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་ལས་འགུལ་དེ་ནི་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ངོ་རྒོལ་བྱེད་མཁན་གྱི་ལོག་སྤྱོད་ཤོག་ཁག་ཚོས་བརྩམས་པ་ཞིག་ཡིན་སྐོར་འུད་སྒྲོག་དང་བསམ་བློའི་སློབ་གསོ་རྒྱག་གི་ཡོད། ཅེས་བརྗོད་སོང་།

ཁོ་མོས་མུ་མཐུད་དུ། གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་མི་གསོད་དོན་རྐྱེན་དེ། མི་འབོར་ས་ཡ་མང་པོ་ཤི་རྨས་བྱུང་བའི་རིག་གནས་གསར་བརྗེ་དང་། མདུན་སྐྱོད་ཆེན་མོའི་ལས་འགུལ་དང་བསྡུར་ན་ཁ་གྲངས་ཉུང་ཉུང་ཡིན་ཡང་། ལས་འགུལ་དེའི་སྙིང་སྟོབས་དུས་ད་ལྟའང་གནས་ཡོད་པ་མ་ཟད། རྒྱ་ནག་ནང་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གནམ་སྡེ་སྒོ་མོ་ཆེའི་ལས་འགུལ་པ་གྲགས་ཅན་སྐུ་ཞབས་ལེའུ་ཞོ་པོ་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་རྒྱ་ནག་གི་འཕེལ་གྲིབ་དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྩོམ་ཡིག་མང་དག་ཅིག་སྤེལ་ཡོད་སྟབས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད། ཁོང་གིས་ ༢༠༠༤ ལོར་༼ སྤྱི་ཚོགས་ལ་འགྱུར་བ་གཏོང་དགོས་ན། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་གཏོང་དགོས། ༽ཞེས་པའི་རྩོམ་ཡིག་ནང་འཁོད་པ་ལྟར་ད་ལྟ་རྒྱ་ནག་ནང་དངོས་སུ་འཕོ་འགྱུར་འགྲོ་བཞིན་ཡོད། ཆབ་སྲིད་ཚན་རིག་པ་ལེ་ཝི་ཌེ་མན་ཌི་ལགས་ཀྱིས་བོད་ཀྱི་མ་འོངས་ནི། རྒྱ་ནག་གི་མ་འོངས་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལ་ཤུགས་ཆེན་རག་ལས་ཡོད་སྐོར་གསུངས་ཡོད་སྟབས། རྒྱ་གཞུང་གིས་ད་ལྟ་བོད་དང་གནམ་སྡེ་སྒོ་མོ་ཆེ། ཐེ་ཝན། རྩ་རླུང་སྒོམ་སྒྲུབ་བྱེད་མཁན་བཅས་ལ་དམ་དྲག་བྱེད་བཞིན་ཡོད། ཅེས་སོགས་བརྗོད་སོང་།

དགུ་བཅུ་གསུམ་གྱི་རྒྱུན་ལས་ཀླུ་མཁར་བྱམས་ལགས་ཀྱིས། རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་སྐད་གྲགས་ཆེན་པོ་ཞིག་བྱུང་སྐབས་ང་གཙོས་མཚོ་སྔོན་གྱི་སློབ་ཕྲུག་མང་པོ་ཞིག་པེ་ཅིན་ལ་འགྲོ་རྒྱུ་ཐག་བཅད་དེ་ཕྱིན་སྐབས། མེ་འཁོར་ལམ་ཀ་འགག་སྟེ་འགྲོ་ཐུབ་མེད་སྟབས་བློ་ཕམ་ཆེན་པོ་ཡོད། དེ་རིང་ང་ཚོ་ས་ཆ་ཡག་ས་ཞིག་དང་སྡུག་ས་ཞིག་ལ་བསྡད་ཡོད་རེད། དངོས་གནས་བྱས་ན། དེ་རིང་གི་ཉིན་མོ་འདིར་ང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་དམར་གསོད་བཏང་ས་དེར་ཡོད་པ་ཡིན་ན། ངའི་མི་ཚེ་འདིས་དོན་དག་བསྒྲུབས་སོང་བསམ་པ་ཞིག་ཡོང་ས་རེད། ངའི་མི་ཚེ་འདིའི་ནང་བོད་ལ་རང་དབང་རང་བཙན་ཐོབ་པ་ཡིན་ནའང་རེད། རྒྱ་ནག་དམངས་གཙོར་འགྱུར་ཡང་རུང་མ་འགྱུར་ཡང་རུང་། ངའི་མི་ཚེའི་རེ་བ་གཅིག་པུ་དེ་སློབ་ཕྲུག་དམར་གསོད་བཏང་སའི་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕྱིན་ཏེ། ཟས་བཅད་ངོ་རྒོལ་ཞིག་བྱེད་ཐུབ་ན་བསམ་བསྡད་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་དུ། དྲུག་བཞིའི་དོན་རྐྱེན་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལེ་ཕིན་གྱིས་ཉིན་ཐོ་ཞིག་བྲིས་ཡོད་པའི་ནང་། གནད་འགག་དང་ཛ་དྲག་སྐབས་ཏང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཁེ་ཕན་སྲུང་སྐྱོབ་བྱ་ཆེད་སློབ་ཕྲུག་ཚོར་དྲག་གནོན་བཀའ་རྒྱ་འདི་བཏང་བ་ཡིན་ཞེས་བྲིས་ཡོད། པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་འདིས་རྒྱ་ནག་དང་བོད་པ་ཙམ་མ་ཟད་འཛམ་གླིང་གི་ས་ཕྱོགས་གང་སར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཡོད། སྐབས་དེའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ་ཀྲའོ་ཙེ་ཡང་གོ་གནས་ནས་གནས་དབྱུང་བཏང་བ་མ་ཟད། ལོ་ ༡༥ ལྷག་རིང་བཙོན་འཇུག་བྱས་ཏེ་མཐའ་མ་འདས་གྲོངས་ཕྱིན་ཡོད། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཝང་ལི་ཡང་ཧྲང་ཧེ་ནས་ཉིན་འགར་བཟང་བཙོན་དུ་བཅུག་པ་སོགས་རྒྱ་ནག་གི་ཆབ་སྲིད་ལ་གཡོ་འཁྱོམ་ཆེན་པོ་བྱུང་ཡོད།

ཏིན་ཞོ་ཕིན་གཙོས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་ནང་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱེད་དགོས་ཟེར་མཁན་ཤོག་ཁག་གཅིག་དང་། སློབ་ཕྲུག་ཚོར་སྐད་ཆ་བཤད་དེ་འགྲིག་འཇགས་ཡོང་ཐབས་བྱེད་དགོས་ཟེར་མཁན་བཅས་ཤོག་ཁག་གཉིས་རེད། ཀྲའོ་ཙེ་ཡང་ནི་དྲག་གནོན་བྱ་མི་རུང་ཟེར་མཁན་ཤོག་ཁག་དེ་ཆགས་ཡོད། དྲུག་བཞིའི་དོན་རྐྱེན་བྱུང་སྐབས་ཏིན་ཞོ་ཕིན་དང་ལེ་ཕིན་གྱིས་བཀའ་རྒྱ་བཏང་སྟེ་སློབ་ཕྲུག་ཚོར་དྲག་གནོན་བྱེད་པར་ཡོང་མཁན་དམག་སྤྱི་མང་པོ་ཞིག་གིས། ང་ཚོས་སོ་སོའི་ཕྲུག་གུ་དང་མི་མང་ཚོར་མེ་མདའ་བརྒྱབ་སྟེ་དམར་གསོད་གཏོང་ཐུབ་ཀྱི་མེད་ཟེར་ནས་ཕྱི་བཤོལ་བྱས་ཡོད་སྟབས། ཏིན་ཞོ་ཕིན་འུ་ཐུག་སྟེ་ཟི་ཁྲོན་དང་ཡུན་ནན་དམག་ཁུལ་སོགས་ཀྱི་དམག་མི་བཏང་སྟེ་དྲག་གནོན་བྱས་ཡོད། དྲུག་བཞིའི་དོན་རྐྱེན་གྱི་སློབ་མའི་ལས་འགུལ་སྐབས་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཙམ་མ་ཟད། བཟོ་པ་དང་ཞིང་པ། མི་མང་བཅས་ཀྱི་ཚད་མཐོའི་རྒྱབ་སྐྱོར་བྱས་ཡོད། ཅེས་བརྗོད་སོང་།

ཀླུ་མཁར་བྱམས་ལགས་ཀྱིས་རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་ངོས་འཛིན་དང་མང་ཚོགས་ཀྱི་རྒྱབ་སྐྱོར་གང་འདྲ་བྱས་ཡོད་མེད་སྐོར་ལ། ད་ལྟའི་བར་རྒྱ་ནག་གཞུང་གིས་དྲུག་གཞིའི་དོན་རྐྱེན་འདི་ཁྲིམས་ཐོག་ནས་དཀར་འདོན་བྱས་མེད་པ་མ་ཟད། ངོ་ལོག་པའི་རང་བཞིན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དྲུག་བཞིའི་དོན་རྐྱེན་ལ་དྲག་གནོན་བྱས་རྗེས་རྒྱ་གཞུང་གིས་མི་ ༦༠༠ དང་ ༧༠༠ ཡས་མས་ཤིག་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཀྲམ་ཡོད་སྟབས་རྒྱལ་སྤྱིའི་རོགས་ཚོགས་ཁག་དང་། ལྷག་པར་དུ་ཨ་རི་དང་དབྱིན་ཡུལ་གཞུང་གཙོས་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་རིགས་ཚོང་པ་མང་པོ་ཞིག་གིས་རང་ཉིད་ཀྱི་དངུལ་གྱི་འགྲོ་སོང་བཏང་སྟེ་མི་ ༦༠༠ ཙམ་གསང་བའི་ཐོག་ནས་ཀོང་ཧོང་གཙོས་རྒྱལ་ཁབ་གཞན་ནང་གནས་སྤོ་བྱས་ཡོད། འོན་ཀྱང་བོད་ནང་ ༡༩༨༨ དང་། ༢༠༠༨ བཅས་སྔ་རྗེས་རིམ་པ་བྱས་ཏེ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ཀྱང་ང་ཚོ་བོད་མི་སྒེར་པ་ཞིག་གིས་རྒྱ་རིགས་ཚོང་པ་ཚོས་བྱས་པ་ལྟར་བོད་ཀྱི་རྩ་དོན་ཆེད་ལས་འགུལ་དེ་འདྲ་སྤེལ་མྱོང་ཡོད་དམ་ཞེས་བརྗོད་སོང་།

གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། དྲུག་བཞིའི་དོན་རྐྱེན་ནི་བཟོ་པ་དང་ཞིང་པ། སློབ་ཕྲུག་བཅས་མི་སྣ་འདྲ་མིན་ལས་གྲུབ་པའི་ལས་འགུལ་ཞིག་ཆགས་ཡོད་པ་མ་ཟད། རྒྱལ་སྤྱི་དང་རྒྱ་ནག་ནང་གི་མང་ཚོགས་ཚོས་ཤེས་རྟོགས་ཐུབ་པའི་ལས་འགུལ་ཆེན་པོ་ཞིག་ཆགས་ཡོད་སྟབས། ང་ཚོས་དོན་སྙིང་ལྡན་པའི་ལས་འགུལ་དེ་དག་གི་ལེགས་ཆ་བླངས་ཏེ་མདུན་སྐྱོད་བྱ་དགོས། ང་ཚོས་སྨོན་ལམ་བརྒྱབ་སྟེ་རྒྱ་ནག་དམར་ཤོག་གཞུང་མགོ་རྟིང་སློག་རྒྱུ་ཁག་པོ་ཆགས་ཡོད་ཀྱང་། ལས་འགུལ་སྤེལ་ཏེ་རྒྱ་ནག་དམར་ཤོག་སྲིད་གཞུང་གཏོར་ཕམ་གཏོང་རྒྱུའི་ནུས་པ་ང་ཚོར་ཡོད་སྟབས། སེམས་ཤུགས་མ་ཆགས་པར་རྡོག་རྩ་གཅིག་སྒྲིལ་ངང་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་བརྗོད་སོང་།

མཇུག་ཏུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཉེ་ལམ་རྒྱ་གཞུང་གིས་དྲ་རྒྱ་ཁག་ནང་དྲུག་པའི་ཚེས་བཞི་ཟེར་བའི་ཚིག་འབྲུ་འདི་དག་འཚོལ་ཞིབ་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད། ༢༠༡༠ ལོར་རྒྱ་ནག་ནང་གསར་འཛུགས་བྱས་པའི་ཆབ་འབངས་གསར་པའི་ལས་འགུལ་གྱི་ཚོགས་མི་བཞི་ལྔ་ཞིག་འཇུ་བཟུང་བྱས་ཡོད། རྒྱ་ནག་གཞུང་གིས་དེ་ལྟར་ལས་འགུལ་བ་དང་ཤེས་ཡོན་ཅན་ཚོར་དྲག་གནོན་བྱེད་དོན་ནི། མི་མང་ཚོས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུར་འཇིགས་སྣང་བྱེད་ཀྱིན་ཡོད། དྲུག་བཞིའི་དོན་རྐྱེན་སྐབས་རྒྱ་རིགས་ཤིག་གིས་ལྕགས་ཁྲབ་འཁོར་ལོའི་མེ་མགྱོགས་མདུན་དུ་ལངས་ཏེ། འགྲོ་མ་བཅུག་པར་བཀག་འགོག་བྱས་པར་བརྟེན། ལས་འགུལ་བ་མང་པོ་ཞིག་གིས་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་ཐུབ་ཡོད་པ་ལྟར། ང་ཚོས་མི་དེའི་སྙིང་སྟོབས་དང་ལྷག་བསམ་ལ་མིག་དཔེ་བལྟས་ཏེ། རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུ་གལ་ཆེན་ཆགས་ཡོད། དེ་བཞིན་ང་ཚོས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ལེའུ་ཞོ་པོ་དང་ལྷོ་སོག་པའི་ཧཱ་ཌ། ཤར་ཏུར་ཀི་སི་ཐན་གྱི་ཨེ་རམ་ཏོ་དྷི་ལགས་བཅས་ཀློད་གྲོལ་ཡོང་བའི་གདུང་སེམས་མཉམ་སྐྱེད་ལས་འགུལ་སྤེལ་དགོས། ཞེས་སོགས་བརྗོད་སོང་།

བགྲོ་གླེང་གྲུབ་མཚམས་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ ( The Tank man ) ཞེས་པ་ཞིག་ཀྱང་གཟིགས་འབུལ་ཞུས་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 7

  1. རྡོ་རྗེ། says:
    ལོ་ 11 སྔོན།

    ཁྱོད་རང་པེ་ཅན་ལ་ཟས་བཅད་ངོ་རྒོལ་བྱེད་དུ་འགྲོ་བསམ་ཡོད་ན་མར་རྒྱ་ནག་ནང་ངོ་རྒོལ་དུ་མི་འགྲོ་བར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཉམས་ཆུང་ཆུང་འདི་ཕུ་དཀྲུག་མདའ་དཀྲུག་བཟོས་ནས་ཅི་བྱེད།

    Reply
  2. གནས་ཚང་། says:
    ལོ་ 11 སྔོན།

    ལི་ཐང་འཇམ་དཔལ་ལགས། གོང་ས་མཆོག་གིས་ནམ་རྒྱུན་བསྲེག་བཅད་བརྡར་གསུམ་ནི་སྤོབས་ཡོད་པའི་སྐད་ཆ་ཞིག་དང་སྟོན་པའི་གསུང་ཡིན་ཞེས་གསུང་གི་ཡོད་པས། མང་ཚོགས་ཁྲོད་ཀླུ་མཁར་བྱམས་ལྟ་བུའི་དག་སེལ་གཏོང་ཕོད་མཁན་ཡོད་ན་ཐུགས་དགྱེས་ཡ་རང་རེད་མ་གཏོགས་ཕམ་ཡ་ཞིག་མ་རེད། དེ་ནི་ཁྱེད་རང་ནང་ཆོས་ལ་རྒྱུས་མངའ་མེད་པར་རྨོངས་དད་འོག་ཤོར་ཟིན་པའི་རྟགས་རེད།

    མང་གཙོའི་ལམ་ལུགས་ཀྱང་དེ་ག་རང་རེད། རྒྱུན་མཚན་གཞིར་བཟུང་ནས་སྐྱོན་བརྗོད་གནང་ཆོག་གི་རེད་ལ། དེ་ནི་ཡར་རྒྱས་གཏོང་བར་བསྐུལ་མ་རེད་མ་གཏོགས་མར་འདྲུད་ཡ་ཞིག་ག་ལ་ཡིན། མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་ཅིག་གཟིགས་དང་། ག་རེ་གནང་གི་འདུག འདིའང་ཁྱེད་རང་གིས་མང་གཙོའི་ལམ་ལུགས་ག་རེ་ཡིན་མིན་མགོ་མ་ཚོས་པའི་རྟགས་མ་རེད་དམ།

    Reply
  3. ལི་ཐང་འཇམ་དཔལ། says:
    ལོ་ 11 སྔོན།

    ང་ནམ་རྒྱུན་དོ་སྣང་བྱུང་སོང་ཁྱོད་ཀྱིས་གཏམ་བཤད་དང་བགྲོ་གླེང་ག་བ་གནང་ནའང་དེའི་ནང་དུ་གཞན་ཞིག་ལ་ཟུར་ཟ་དང་སྐྱོན་བརྗོད་འདྲ་བོ་ཞིག་ཡོད་ཡོད་པ་རེད། རྒྱུ་མཚན་ཡོད་ན་སྐྱོན་བརྗོད་བྱས་ཆོག་གི་རེད། ཁྱོད་ཀྱིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་མང་ཚོགས་ལ་འུར་སློང་ཆེད་དང་གསན་མཁན་དེ་ཚོ་ཁྱོད་རང་ལ་དོ་སྣང་ཡོང་ཆེད་དུ་རྒྱུ་མཚན་མེད་པར་སྐྱོན་བརྗོད་ཟུར་ས་བྱེད་ཀྱི་འདུག དེ་ཡག་པོ་རྩ་བ་ཉིད་ནས་མ་རེད་ང་ཚོ་སྤྱི་ཚོགས་ཆུང་ཆུང་རེད་ང་ཚོས་ཚང་མ་ཕན་ཚུན་ཧ་གོ་གི་རེད། མི་ཚང་མས་སེམས་ནང་ཀླུ་མཁར་བྱམས་ཟེར་བ་དེའི་སྣང་བརྙན་འདྲ་བོ་དེ་ག་རེ་ཡོད་རེད་ཟེར་ན་བོད་གཞུང་དང་སྐྱབས་མགོན་རིན་པོ་ཆེ། དེ་དང་དེ་འདྲ་བའི་མཐོ་བོ་ཆེན་པོ་དེ་ཚོར་འཛེམ་ཟོན་མེད་པར་སྐྱོན་རྒྱག་མཁན་ཞིག་ཏུ་མཐོང་གི་ཡོད་པ་རེད། དེ་ཡག་རྟགས་གང་ཡང་མ་རེད། འདི་དྲང་མོ་དྲང་རྐྱང་ཞུས་པ་ཡིན།

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 11 སྔོན།

    ལི་ཐང་འཇམ་དཔལ་ཟེར་བས་ང་ལ་བློ་གསལ་ཡག་པོ་ཞིག་བཏང་སོང་། ཁ་ཉིན་ངས་པེ་ཅིན་ལ་སོང་ནས་ཟས་བཅད་ངོ་རྒོལ་གྱི་སྐོར་དེ་བརྗོད་སྐབས། “རྒྱལ་བ་རིན་པོ་ཆེ་ཚང་གིས་ཁོང་སྐུ་འཚོ་བཞུགས་རིང་པེ་ཅིན་གྱི་སློབ་མ་དམར་གསོད་གཏོང་ས་དེ་ནས་དུས་འཁོར་དབང་ཆེན་ཞིག་གནང་རྒྱུའི་ཐུགས་རེ་ཡོད་པ་སྔོན་ནས་གསུངས་བ་བཞིན། ང་ཡང་གོ་སྐབས་ཤིག་བྱུང་ན་བོད་རང་བཙན་ཐོབ་རུང་མ་ཐོབ་རུང་། རྒྱ་དམངས་གཙོར་གྱུར་རུང་མ་གྱུར་རུང་། པེ་ཅིན་ཐང་ཆེན་ནས་ཟས་བཅད་ངོ་རྒོལ་ཅིག་ད་བྱ་ཐུབ་ན་བསམ་ཡོད་ལ། འདི་ནི་ངའི་མི་ཚེས་ནང་གི་རེ་བ་གཅིག་ཡིན་”ཞེས་བཤད་པ་ཡིན། དུས་བབ་ནང་ངའི་མི་ཚེ་ནང་གི་༼རེ་བ་གཅིག་པུ་ཡིན་༽ཞེས་བཀོད་འདུག་ན། ཚིག་འདི་ཅུང་བཙན་དྲགས་འདུག་སྙམས། མ་གཞི་ཁྱད་པར་ཆེན་པོ་མི་འདུག འདི་ནི་རེ་བ་ཙམ་ཡིན། གཉིས་ནས་ང་ཚོ་སྐབས་དེར་པེ་ཅིན་ལ་འགྲོ་རྩིས་བྱས་པ་ནི་དངོས་ཡོད་གནས་ཚུལ་ཡིན་སྟབས། དེ་སྐད་ཆ་ཆེན་པོ་རེད་ཟེར་ན་ཁྱེད་ཀྱི་བསམ་ཚུལ་རེ་མ་གཏོག ང་ལ་ཁྱད་པར་ཅང་མི་འདུག་་་་

    Reply
  5. ལི་ཐང་འཇམ་དཔལ། says:
    ལོ་ 11 སྔོན།

    ཀླུ་བྱམས་ལགས་སྐུ་མཁྱེན། བསྐྱར་བཤད་ཡང་བཤད་གནང་གི་བསྡད་ན་ཚང་མ་སུན་སྣང་སྐྱེ་གི་ཡོད་རེད། (གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ཟས་བཅད་ངོ་རྒོལ་ཞིག་བྱེད་ཐུབ་ན་བསམ་ཡོད།) སོགས་ཀྱི་སྐད་ཆ་བཤད་ནས་མི་མང་གི་དོ་སྣང་འགུག་ཐབས་དང་གསར་འགྱུར་ཚ་བོ་བཟོ་ཐབས་བྱས་པ་འདིས་དེང་སྐབས་ཕན་ཐོགས་གི་མ་རེད། ང་ཚོའི་མི་མང་ལྐུག་པ་མ་རེད། ད་དུང་པེ་ཅིང་ལ་དྲུག་བཞིའི་ལས་འགུལ་ནང་ཞུགས་པར་འགྲི་རྩིས་བྱས་སྐོར་སོགས་བཤད། ག་དུས་ཡིན་ནའང་སོ་སོས་སྐད་ཆ་ཆེན་པོ་བཤད་ཕར་ཕྱོགས་ཀྱི་ཆེན་པོ་དང་མཐོན་པོ་དག་ལ་ཟ་ཟུར་ནས་སྐྱོན་བརྗོད་བྱེད་པ་དེ་དེང་སྐབས་མང་ཚོགས་ལ་འགྲོ་གི་མ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ཆབ་སྲིད་སོགས་ཕྱོགས་གང་ཐད་ཡག་རུ་འགྲོ་ཡོད་རེད། མང་ཚོགས་ཀྱིས་ལེགས་ཉེས་བདེན་རྫུན་གསལ་བོར་ཧ་གོ་གི་ཡོད་རེད།

    Reply
  6. ཉི་སྒྲོན། says:
    ལོ་ 11 སྔོན།

    རྣམ་པ་ལྷན་རྒྱས་ཀྱིས་གཏམ་བཤད་ཡག་པོ་གནང་འདུག ང་ཚོ་བོད་པ་ཚོས་ཀྱང་དྲུག་བཞིའི་དོན་རྐྱེན་གྱི་ལས་འགུལ་ལྟ་བུ་ཞིག་སྤེལ་ཐུབ་པ་ཡིན་ན་བོད་དོན་ལ་འགྱུར་བ་ཞིག་གཏན་གཏན་འགྲོ་གི་རེད་བསམ་གྱི་འདུག གང་ལྟར་བོད་དང་སོག་པོ་ཡུ་གུར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་རྩ་རླུང་སྒོམ་སྒྲུབ་པ་ཚང་མས་མཉམ་རུབ་བྱ་རྒྱུ་གལ་ཆེན་རེད།

    Reply
  7. ཀླུ་མཁར་བྱམས། says:
    ལོ་ 11 སྔོན།

    ང་ཚོས་གང་བཤད་པ་རྣམས་གསར་འགོད་པ་དོན་གྲུབ་ལགས་ཀྱིས་གང་ཡོང་སྒྲ་ཕབས་གནང་ནས་དཀའ་ལས་བརྒྱབས་འདུག ཡིན་ཡང་། ངའི་སྐད་ཆ་འགའ་ཞིག་ཁ་གསལ་ཙམ་བཟོ་དགོས་མཐོང་སོང་།
    ༡) ང་གཙོས་མཚོ་སྔོན་སློབ་ཕྲུག་མང་པོ་ཞིག་པེ་ཅིན་ལ་འགྲོ་རྒྱུ་ཐག་བཅད་དེ་ཕྱིན་སྐབས། མེ་འགོར་ལམ་ཁ་བགག་ནས་འགྲོ་ཐུབ་མེད་པའི་སྐོར་འདི་ཡིན་ན། སྐབས་དེར་ང་ཟི་ལིང་གི་རླངས་འཁོར་སྡེ་ཁག་བརྒྱད་པའི་འོག་གི་འཕྲུལ་རིག་ཆེད་སྦྱོང་འཛིན་གྲྭ་ན་ཡོད། ང་ཚོའི་བསྡོད་གནས་བརྒྱད་གཅིག་ལམ་ཀྱི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འགྲན་དེ་ཡིན། སོང་ཙང་སློབ་མ་མང་པོ་ངོ་ཤེས་ཀྱིན་ཡོད། དྲུག་བཞི་དོན་སྐྱེན་སྐབས་ངའི་ངོ་ཤེས་སློབ་མ་ཚོ་ཡང་འུར་ལངས་འདུག་ལ། སྐབས་དེར་མཚོ་སྔོན་མི་རིགས་སློབ་ཆེན་ནང་ངོ་རྒོལ་ཁྲོམ་སྐོར་བྱས་པ་མ་ཟད། བསྒྲགས་གཏམ་སྤེལ་བ་སོགས་བྱུང་པ་རེད་ཟེར། འོན་ཀྱང་། ང་རང་སྐབས་དེར་ང་སློོབ་མ་མིན་ཙང་དངོས་སུ་མཐོང་མ་སོང་། དེ་དུས་སློབ་ཕྲུག་ཚང་མ་པེ་ཅིན་འགྲོ་རྒྱུར་འུར་ལངས་འདུག་ལ། དེང་ཐོག་མཐོ་སློབ་ཀྱི་སློབ་མའི་དཔང་རྟགས་ཞིག་འདོག་རྒྱུ་ཡོད་པ་ཡིན་ན། མེ་འཁོར་ནང་ཡར་མར་གྱི་ལམ་གླ་ཡང་དགོས་ཀྱི་འདུག་ཟེར། དེ་བས་ངས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དཔང་རྟགས་ཤིག་ཐབས་ཤེས་འཐེན་ནས་པེ་ཅིན་ལ་འགྲོ་རྩིས་བྱས་པ་ཡིན། ང་ཚོ་འགྲོ་སྐབས་པེ་ཅིན་གྱི་ལས་འགུལ་བྱུང་ནས་ཟླ་གཅིག་ལྷགས་ཕྱིན་འདུག་པ་དང་། དེ་དུས་ཕྱོགས་ཡོང་གི་མི་པེ་ཅན་ལ་འགྲོ་རྒྱུར་དམ་དྲག་བྱས་འདུག་ཟེར་ནས་ང་ཚོ་འགྲོ་ཐུབ་མ་སོང་། ཡིན་ནའང་། སྐབས་དེར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་སྐོར་ཞིག་པེ་ཅིན་ལ་འགྲོ་ཐུབ་ཡོད་པའི་སྐད་ཆ་གོ་སོང་།
    ༢) ལི་ཕང་ཉིན་ཐོ་དེའི་ནང་ག་རེ་བྲིས་འདུག་ཟེར་ན། ཁོས་ཏང་གི་ཁེ་ཕན་ཆེད་སློབ་མ་དྲག་གནོན་བྱས་པ་ཡིན་ཟེར་ནས་གསལ་བོ་འཁོད་འདུག སོང་ཙང་སློབ་མ་དྲག་གནོན་བྱེད་དོན་རྒྱལ་ཁབ་དང་། མི་རིགས་ཀྱི་ཆེད་དུ་མིན་པ་དྲག་གནོན་བྱེད་མཁན་ཁོ་རང་ཚོས་གསལ་བོ་བཤད་འདུག་ན། ངས་གནད་དོན་འདི་གསལ་བཤད་བྱས་པས་ཁུལ་ཡིན།
    ༣) དྲུག་བཞིའི་དོན་སྐྱེན་ནང་གི་འགྲེལ་ཡོད་ཁག་ལ་རྒྱ་གཞུང་གིས་འཛིན་བཟུང་བརྡ་ཁྱབ་སྤེལ་ན་རྣམས་སྐྱོབས་ཆེན༽་ཧོང་གོང་ནས་ཚོང་པ་སྒེར་བ་རུས་མིང་ཁྲིན་ཅན་ཞིག་གིས་མ་རྩ་བཙུགས་པ་དང་། ལས་གཞི་འདིའི་མིང་ལ་རྒྱ་ཡིག་ནང་(黄雀行动)ཟེར། སྐབས་དེར་ཁོ་ཚོས་མི་གྲངས་༦༠༠ཙམ་ཞིག་སྐྱབས་ཐུབ་ཡོད་པ་དང་། དེའི་ནང་འགོ་འཁྲིད་མི་སྣ་༡༥ ་ལྷག་ཡོད་པ་རེད། དཔེར་ན། སློབ་མའི་དབུ་ཁྲིད་ཝུའུ་ཨར་ཁེ་ཤི་སྐྱོབས་ཆེད་སྐབས་དེའི་ཧོང་ཀོང་སྒོར་མོ་ཁྲི་༦༠ བཏང་ཡོད་པ་རེད། ངས་གཏན་དོན་འདི་དང་སྦྱར་ནས་ག་རེ་བཤད་འདོད་ཡོད་ཟེར་ན། ང་ཚོ་བོད་པ་ཕྱི་ན་ཡོད་མཁན་ཚོང་པ་སྒེར་བ་ཞིག་གིས། ༡༩༩༨ནས་༢༠༠༨བར་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་བྱུང་སྟེ་གང་སར་བྲོས་བཀབ་བྱས་ནས་བསྡད་ཡོད་མཁན་ཚོའི་ཆེད་དུ་འགྲོ་སོང་གཏོང་མྱོང་ཡོད་དམ་མེད་དྲི་བ་ཞིག་བཀོད་པ་ཡིན། མ་གཏོགས་བོད་ནང་གི་ཚོང་པ་ཚོས་ཆབ་སྲིད་ཀྱི་དཀའ་ངལ་ཡོད་མཁན་ཚོར་རོགས་རམ་གང་ཐུབ་བྱས་ཡོད་པ་རེད། འདི་ཡང་ངས་གསལ་བོ་བཟོ་དགོས་ཀྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese