མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིར་འགྲོ་འདོད་ཆེན་པོ་ཡོད་ཀྱང་ཨ་རིར་འཚོ་བ་སྐྱེལ་རྒྱུ་ལས་སླ་པོ་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་སུ་དོན་གཅོད་གསར་བའི་འདས་པའི་ཟླ་ ༩ ལྷག་རིང་གི་ཕྱག་ལས་དང་མ་འོངས་ལས་འཆར་སོགས་ཀྱི་ཐོག་བཅར་འདྲི་ཞུས།

དྲི་བ། སྐུ་ཉིད་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གནང་སྟེ་ཟླ་ ༩ ལྷག་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་ནང་ཕྱག་ལས་གཙོ་བོ་གང་དག་གནང་ཡོད།

ལན། འདས་པའི་ཟླ་བ་ ༨ ལྷག་གི་རིང་བྲེལ་བ་ཆེན་པོ་བྱུང་། ལས་ཀ་མང་པོ་ཞིག་བྱེད་པའི་གོ་སྐབས་རག་སོང་ཡང་གལ་ཆེ་ཤོས་གསུམ་བཞི་ཞིག་ཞུས་པ་ཡིན་ན། འདས་པའི་ཟླ་ ༨ ལྷག་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཐེངས་ ༢ ཆིབས་བསྒྱུར་བསྐྱངས་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ཐེངས་ ༢ ཕེབས་པ། དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཐེངས་ ༡ ཕེབས་པ་བཅས་ཀྱི་མཛད་རིམ་ཁག་གྲ་སྒྲིག་བྱས་པ་རེད། དེ་ནས་རྣམ་པ་ཚོས་མཁྱེན་གསལ་ལྟར་ཉེ་ཆར་སྐུ་ཚབ་དོན་གཅོད་ཨ་རིའི་རྒྱལ་ས་ཝཱ་ཤིན་ཊོན་དུ་གནས་སྤོར་བྱས་ཡོད་སྟབས། འདས་པའི་ཟླ་བ་ ༨ ལྷག་གི་ནང་ཁང་པ་འཚོལ་བ་དང་གནས་སྤོར་བར་གྲ་སྒྲིག་བྱེད་པ་སོགས་ཆ་ཚང་ཞིག་འགྲུབ་སོང་།

དྲི་བ། ད་ལྟའི་ཆར་བྱང་ཨ་རིའི་བོད་མིའི་གནས་སྟངས་གང་འདྲ་ཡིན་པ་དང་ཁོ་ཚོའི་དཀའ་ངལ་ཆེ་ཤོས་ག་རེ་ཆགས་འདུག

ལན། སྤྱིར་བཏང་ད་ལྟའི་ཆར་བྱང་ཨ་རིའི་ནང་བོད་མིའི་གྲངས་འབོར་དེ་གཏན་འཁེལ་བ་ཞིག་ཤེས་ཀྱི་མི་འདུག འོན་ཀྱང་། དོན་གཅོད་ཁང་གིས་ཚོད་དཔག་བྱས་ན། བྱང་ཨ་རིའི་ནང་རྒྱ་བལ་འབྲུག་གསུམ་ནས་ཡོང་བའི་བོད་མི་ཕལ་ཆེར་༡༤༠༠༠ ཙམ་ཡོད་པ་དང་། ཁེ་ཎ་ཌའི་ནང་བོད་མི་ ༦༠༠༠ ཙམ་བཅས་ཁྱོན་བསྡོམས་ཁྲི་ ༢ ཙམ་ཡོད་པ་རེད། བྱང་ཨ་རི་བོད་མི་མང་ཤོས་ཡིན་ལ་དཀའ་ངལ་ཡང་མང་པོ་འདུག འོན་ཀྱང་། ལོ་རབས་ ༦༠ དང་ ༧༠ ནང་བསླེབས་པ་ཚོ་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཡག་པོ་ཆགས་ཡོད་ཀྱང་། མི་འབོར་ཁྲི་གཉིས་ཙམ་གྱི་ནང་ནས་མང་ཆེ་བ་ཉེ་ལམ་དངུལ་མང་པོ་སྤྲད་ནས་ཁྲིམས་འགལ་གྱིས་བསླེབས་པ་དེ་འདྲ་ཡིན་དུས། ལས་ཀ་མ་རག་པ་དང་རག་པ་ཡིན་ནའང་གླ་ཆ་དེ་ཙམ་མེད་པར་བུ་ལོན་སྤྲོད་ཐུབ་ཀྱི་མེད་པ། ཐ་ན་སོ་སོའི་ཟས་གོས་གནས་མལ་གྱི་ཐོག་ལའང་དཀའ་ངལ་འཕྲད་བཞིན་ཡོད་པ་མང་པོ་འདུག དེང་སང་རྒྱ་བལ་འབྲུག་གསུམ་གྱི་བོད་མི་མང་པོ་ཞིག་གིས་ཨ་རིར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་ནང་འཚོ་བ་སྐྱེལ་རྒྱུ་ལས་སླ་བོ་ཞིག་ཁྱོན་ནས་ཡོད་པ་མ་རེད། གལ་སྲིད་ཨ་རིར་ཡོང་བ་ཡིན་ནའང་ཁྲིམས་མཐུན་གྱིས་ཡོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

དྲི་བ། ད་ལོར་ནེའུ་ཡོག་དོན་གཅོད་ཁང་ཨ་རིའི་རྒྱལ་སར་སྤོར་དགོས་པའི་རྒྱུ་རྐྱེན་གང་ཡིན་པ་དང་མ་འོངས་པར་ནེའུ་ཡོག་གི་ལས་དོན་ཁག་ཇི་ལྟར་བསྒྲུབ་འཆར་ཡོད་དམ།

ལན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་ ༡༡ ནང་ནས་ནེའུ་ཡོག་དོན་གཅོད་ཁང་མ་གཏོགས་གཞན་ཚང་མ་རྒྱལ་ཁབ་ཁག་གི་རྒྱལ་སར་ཡོད་པ་རེད། ནེའུ་ཡོག་ལ་ག་རེ་བྱས་ནས་དོན་གཅོད་བཙུགས་པ་རེད་ཟེར་ན། མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ལས་འགུལ་ཤུགས་ཆེ་ཙམ་གནང་ཐུབ་པའི་དགོངས་པ་བཞེས་ཏེ་ཤུགས་བསྐྱོན་པ་ལྟར་འབྲས་བུའང་གང་འཚམ་ཐོན་ཡོད་པ་རེད། ཡིན་ནའང་། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་གཞུང་གི་ཤུགས་རྐྱེན་ཆེ་དྲགས་ནས་བོད་དོན་ཐོག་དམིགས་བསལ་གྱིས་ལས་ཀ་བྱེད་ཁག་པོ་ཆགས་པ་དང་། ད་ལྟའི་ཆར་དམིགས་བསལ་སྐུ་ཚབ་ཀྱང་མེད་སྟབས། བཀའ་ཤག་སྐབས་ ༡༤ པས་དགོངས་པ་ཆེར་བཞེས་ཀྱིས་ཝ་ཤིན་ཊོན་དང་དྷ་རམ་ས་ལའི་བར་ཐད་ཀར་འབྲེལ་བ་གནང་ཐུབ་པའི་འཆར་གཞི་བཏང་བ་རེད། ང་ཚོ་སྐུ་ཚབ་དོན་གཅོད་ཀྱི་ཉིན་རེ་རེའི་ལས་འགན་བརྒྱ་ཆ་བགོས་པ་ཡིན་ན། བརྒྱ་ཆ་ ༧༥ དེ་ཨ་རིའི་གཞུང་དམངས་དང་སྐུ་ཚབ་དོན་གཅོད་གཞན་ལ་འབྲེལ་བ་བྱེད་པ་དང་། བོད་དོན་རྒྱབ་སྐྱོར་འཚོལ་ཐབས་བྱེད་པ་སོགས་རེད། བརྒྱ་ཆ་ ༢༥ དེ་ས་གནས་བོད་མི་ཚོར་རོགས་རམ་གང་ལེགས་བྱེད་རྒྱུ་དེ་ཡིན་པ་སོགས་ཀྱིས་སྐུ་ཚབ་དོན་གཅོད་ཝ་ཤིན་ཊོན་དུ་གནས་སྤོར་བ་རེད། ནེའུ་ཡོག་ཏུ་བོད་མི་ ༧༠༠༠ ཙམ་ཡོད་སྟབས། གནས་སྐབས་རིང་འཆར་ཅན་ལྟར་རེས་གཟའ་པ་སངས་ནམ་ཡིན་ལ་ང་ཚོའི་ལས་ཁུངས་ཀྱི་ལས་བྱེད་ཅིག་ནེའུ་ཡོག་ཏུ་ཕྱིན་ཏེ། བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཏུ་ཞོགས་པ་ཆུ་ཚོད་ ༩ ནས་ ༦ བར་དོན་གཅོད་ནས་ཡིག་ཆ་སྤྲོད་དགོས་པ་སོགས་ལ་རོགས་རམ་བྱེད་ཀྱིན་ཡོད། ད་ལྟའི་ཆར་ནེའུ་ཡོག་ཏུ་ལས་ཁུངས་ཡན་ལག་འཛུགས་པའི་འཆར་གཞི་མེད། གང་ཡིན་ཟེར་ན། ནེའུ་ཡོག་ཏུ་ཡན་ལག་ཁང་བཙུགས་ན། སན་ཧྥི་རན་ཀོ་དང་ནེའུ་ཇར་སི་སོགས་ཀྱི་བོད་མི་ཚོས་ཀྱང་ས་གནས་སུ་ཡན་ལག་ཁང་འཛུགས་དགོས་ལབ་ན། མཐུན་རྐྱེན་སོགས་ཀྱི་ཐད་ནས་ཁག་པོ་ཡིན་སྟབས་རིམ་གྱིས་དགོས་མཁོ་ལ་བལྟ་དགོས་པ་ཞིག་ཆགས་འདུག

དྲི་བ། ཉེ་སྔོན་༸གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་སྐབས་དོལ་རྒྱལ་ཚོགས་པ་དང་འབྲེལ་བའི་གནས་ཚུལ་ཞིག་བྱུང་བ་དེར་གསལ་བཤད་དང་། མ་འོངས་པར་འདི་རིགས་མི་འབྱུང་བར་འཆར་གཞི་ག་རེ་ཡོད།

ལན། དོལ་རྒྱལ་ཚོགས་པའི་ངོ་རྒོལ་དེ་གསར་པ་གང་ཡང་མ་རེད། ལོ་ངོ་ ༡༥ ཙམ་གྱི་སྔོན་ནས་བཟུང་མགོ་བཙུགས་ཡོད་པ་རེད། ཉེ་སྔོན་ཆིབས་བསྒྱུར་སྐབས་བྱུང་བའི་གནད་དོན་དེར་གསལ་བཤད་ཅིག་བྱས་པ་ཡིན་ན། ༸གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་སྐྱོང་སྐབས་སྲུང་སྐྱོབ་ཀྱི་འགན་གཙོ་བོ་ཨ་རིའི་གཞུང་གིས་འཁུར་གྱི་ཡོད་པ་དང་། དམིགས་བསལ་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྡེ་ཚན་ཞིག་གིས་ཆིབས་བསྒྱུར་གྱི་ཐོག་མཐའ་བར་གསུམ་དུ་སྐུ་ཕྱྭའི་ཐོག་འགན་ཞེ་དྲག་འཁུར་གྱི་ཡོད་ལ། ང་ཚོ་དོན་གཅོད་ཀྱི་ངོས་ནས་ཀྱང་གནས་ཚུལ་སྤྲོད་དགོས་པ་སོགས་ཀྱི་ཐད་རོགས་རམ་བྱེད་ཀྱི་ཡོད་པ་རེད། ཉེ་སྔོན་ཆིབས་བསྒྱུར་སྐབས་སྔ་ས་ནས་དོལ་རྒྱལ་ཚོགས་པས་གང་དུ་ངོ་རྒོལ་བྱེད་རྩིས་ཡོད་ང་ཚོས་ཤེས་བྱུང་། ཡིན་ནའང་ད་རེབ་ཀྱི་གནད་དོན་དེ་མ་འདྲ་བ་ཞིག་ཆགས་འདུག གང་ཡིན་ཟེར་ན། ང་ཚོའི་འཆར་གཞིའི་ནང་སྔར་ལྟར་༸གོང་ས་མཆོག་གི་བཀའ་སློབ་གནང་ས་རུ་ངོ་རྒོལ་བྱེད་པ་དང་། ཡང་ཁ་ཤས་ཚོགས་ཁང་ནང་ལོགས་སུ་ཡོང་སྟེ་ཡར་ལངས་ནས་སྐད་འབོད་བྱེད་སྲིད་པ་རེད་བསམས་ནས་གྲ་སྒྲིག་བྱས་པ་རེད། ཡིན་ནའང་། ད་ལན་ཕྱི་རྒྱལ་བཙུན་མ་གཉིས་སྔ་ས་ནས་༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་བསྡད་ནས་གྲ་སྒྲིག་གསར་པ་ཞིག་བྱས་འདུག བརྙན་ཐུང་དེའི་ནང་གཟིགས་སྐབས་རྣམ་པ་ཚོར་དངོས་གནས་སེམས་འཚབ་བྱུང་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་། ང་ཚོ་ཡུལ་དངོས་སུ་ཡོད་པས་དངོས་ཡོད་གནས་ཚུལ་དེ་ག་འདྲ་རེད་ཟེར་ན། ༸གོང་ས་མཆོག་མགྲོན་ཁང་ནས་མ་ཕེབས་གོང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་བཞི་ཡིས་མགྲོན་ཁང་ཡོངས་སུ་སྐོར་བ་ཞིག་བྱས་ཏེ། ཕེབས་ལམ་དུ་ཡོད་པའི་མི་ ༦༠ ཙམ་ལ་རེ་རེ་བཞིན་ཕེབས་ག་རེ་བྱེད་ཀྱི་ཡོད་མེད་སྐད་ཆ་དྲིས་འདུག སྐབས་དེར་ཕྱི་རྒྱལ་བཙུན་མ་དེ་གཉིས་ཀྱིས་ང་ཚོ་མགྲོན་ཁང་འདིར་སྡོད་ཀྱི་ཡོད་ལ། རིན་པོ་ཆེ་ཕེབས་བསུ་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་སྟབས་བདེ་སྲུང་མི་སྣས་ཕུད་ཐུབ་མི་འདུག ཡིན་ནའང་། དོགས་པ་ཞིག་བསླེབས་ནས་བཙུན་མ་དེ་གཉིས་གྲལ་གྱི་མཐའ་མ་དེར་ལངས་སུ་བཅུག་འདུག ༸གོང་ས་མཆོག་མཛད་སྒོ་ཞིག་གི་ཆེད་མགྲོན་ཁང་ནས་མར་ཕེབས་སྐབས། བཙུན་མ་དེ་གཉིས་ཀྱིས་༸ཏཱ་ལའི་བླ་མ་སྐྱག་རྫུན་མ་བཤད་ཅེས་མཚན་སྨད་ཞུ་བའི་མགོ་བཙུགས་སོང་། གནས་ཚུལ་དེར་སྐར་མ་གཅིག་ཀྱང་ཕལ་ཆེར་འགོར་ཡོད་པ་མ་རེད། སྐབས་དེར་༸གོང་ས་མཆོག་གིས་ཤུགས་ལྡན་བསྟེན་ན་ཡག་པོ་མེད་པའི་གསལ་བཤད་གནང་སོང་། ཡིན་ནའང་། བཙུན་མ་གཉིས་ཀྱིས་གསལ་བཤད་ལ་ཉན་གྱི་མི་འདུག ཁོ་མོ་གཉིས་ཀྱིས་༸རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་བའི་བརྙན་ཐུང་དེ་དྲ་ལམ་དུ་བརྒྱུད་བསྒྲགས་བྱེད་པ་ཁོ་ནར་དམིགས་འདུག གང་ལྟར་རྗེས་ཕྱོགས་ཕེབས་ལམ་དུ་མཇལ་ཁ་ཞུ་བའི་ཐད་ང་ཚོས་ད་ལྟ་བསམ་བློ་ཞེ་དྲག་ཅིག་གཏོང་བཞིན་ཡོད་པ་མ་ཟད། གནས་ཚུལ་དེ་རིགས་ལ་གདོང་ལེན་ག་འདྲ་བྱེད་དགོས་མིན་ཐད་ཐབས་ལམ་འཚོལ་བཞིན་ཡོད། སྤྱིར་བཏང་ཨ་རིའི་ནང་རང་དབང་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ཨ་རིའི་ས་གནས་རེ་རེའི་ནང་ཁྲིམས་མ་འདྲ་བ་ཡོད་སྟབས་སྐད་འབོད་རིགས་འགོག་རྒྱུ་ཧ་ཅང་ཁག་པོ་ཆགས་འདུག ང་ཚོའི་ངོས་ནས་ཕེབས་ལམ་གྱི་མི་རྣམས་ཐག་རིང་ཙམ་འཇོག་རྒྱུ་དང་། ཐེངས་འདིའི་མཉམ་མྱོང་བརྒྱུད་དེ་མ་འོངས་པར་བཞུགས་གནས་མགྲོན་ཁང་ནང་མཇལ་ཁ་ཞུ་སྟངས་དང་མི་གཏོང་སྟངས་ཐད་དོ་ནན་ཞེ་དྲག་ཅིག་བྱེད་རྩིས་ཡོད། སྤྱིར་བཏང་གིས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འགན་འཁུར་གྱི་ཡོད་ཀྱང་། འགན་དེ་ང་ཚོ་མི་རེ་རེ་ལའང་ཡོད་པ་རེད། ང་ཚོ་དོན་གཅོད་མི་ ༥ ཡིས་ཕྱོགས་ཚང་མ་སྙོབ་ཐབས་མེད་སྟབས། མི་མང་གིས་གནས་ཚུལ་དེ་རིགས་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་དོན་གཅོད་དང་། ཡང་ན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དྲི་བ། ཨ་རིའི་ནང་བོད་མིའི་དང་བླང་དཔྱ་དངུལ་སྤྲོད་མཁན་ཉུང་ཉུང་ཡིན་སྐོར་གོ་སོང་། དེའི་རྒྱུ་རྐྱེན་གཙོ་བོ་ག་རེ་ཡིན་ནམ། མ་འོངས་པར་དང་བླང་དཔྱ་དངུལ་སྤྲོད་མཁན་མང་དུ་གཏོང་བར་ཐབས་ལམ་ག་རེ་ཡོད།

ལན། མི་འབོར་ལ་དཔག་པའི་དཔྱ་དངུལ་བསྡུ་ཐུབ་ཀྱི་མེད་པ་དངོས་ཡོད་གནས་ཚུལ་རེད། དཀའ་ངལ་དེ་ཕྱོགས་གཅིག་ནས་ང་ཚོ་དོན་གཅོད་ཀྱི་ངོས་ནས་མི་མང་ལ་དུས་ལྟར་བརྡ་ལན་སྤྲོད་མ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་མི་མང་ནང་དེ་འབྲེལ་གྱི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་མཐོང་གི་འདུག ཨ་རིའི་ནང་མི་ཚང་མ་བྲེལ་བ་ཚ་བོ་ཡོད་སྟབས་དཔྱ་དངུལ་ཕུལ་རྒྱུ་བརྗེད་སོང་བ་དང་། ཡང་ཁ་ཤས་ཀྱིས་ཕུལ་འདོད་མེད་པ་སོགས་ཀྱིས་འཐུས་ཤོར་འགྲོ་བཞིན་ཡོད་སྟབས། ང་ཚོ་དོན་གཅོད་ཁང་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་དང་བླང་དཔྱ་དངུལ་ལག་དེབ་ཀྱི་གལ་ཆེན་རང་བཞིན་དང་། དཔྱ་དངུལ་དེ་གང་དུ་གཏོང་གི་ཡོད་མེད་སོགས་མི་མང་ལ་འགྲེལ་བཤད་གསལ་བོ་རྒྱག་ཐུབ་ན་ཕན་གྱི་རེད་བསམ་གྱི་འདུག ད་ལྟ་ང་ཚོས་མི་མང་གིས་དཔྱ་དངུལ་ཕུལ་བདེ་བོ་ཞིག་ལ་བསམ་བློ་གཏོང་གི་ཡོད། སྤྱིར་བཏང་དང་བླང་དཔྱ་དངུལ་ལག་དེབ་ཐོག་མིང་དང་སྐྱེས་ལོ་སྐྱེས་ཚེས་ནོར་བ་སོགས་ཀྱི་དཀའ་ངལ་མི་འདྲ་བ་ ༡༨ ཙམ་ཞིག་ཡོད་པ་དང་། དེ་ཚོ་ལ་ད་ལྟ་བཀའ་ཤག་གིས་ཐུགས་སྣང་ཆེན་པོས་ཕྱོགས་ཡོངས་ནས་ཞིབ་འཇུག་གནང་གི་ཡོད་སྟབས། ཕལ་ཆེར་ད་ལོར་དང་བླང་དཔྱ་དངུལ་ལག་དེབ་ཐོག་འགྱུར་བ་ཞིག་གཏོང་རྒྱུ་ཡིན་པ་འདྲ། དཀའ་ངལ་མང་པོ་ཞིག་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པར་བརྟེན། དེ་ཚོ་མ་སེལ་བར་དུ་ང་ཚོ་ས་གནས་ནས་ལས་ཀ་བྱེད་རྒྱུ་ཁག་པོ་ཆགས་འདུག ཡིན་ནའང་ང་ཚོ་ས་གནས་ནས་བྱེད་དགོས་པ་དེ་ཚོ་ས་གནས་ནས་བྱ་རྒྱུ་ཡིན།

དྲི་བ། དེང་སང་ཨ་རི་དང་ཡུ་རོབ་སོགས་སུ་རྒྱ་གཞུང་གིས་བོད་རིགས་མི་སྣ་ཆེད་གཏོང་གིས་བོད་དོན་འཁྱོག་བརྗོད་ཀྱི་བྱ་འགུལ་མང་པོ་སྤེལ་བཞིན་ཡོད་སྟབས། དོན་གཅོད་ཀྱི་ངོས་ནས་དེ་ལ་གདོང་ལེན་བྱེད་ཕྱོགས་ལ་དགོངས་པ་བཞེས་ཀྱི་ཡོད་དམ།

ལན། དེང་སང་རྒྱ་ནག་ནས་ཨ་རིའི་ནང་ཟློས་གར་ཚོགས་པ་དང་འགྲེམས་སྟོན་ཚོགས་པ་སོགས་མང་པོ་ཞིག་བཏང་ཡོང་གི་འདུག ཁོ་ཚོས་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་སྐོར་སོགས་ཀྱི་སྐྱག་རྫུན་མང་པོ་ཤོད་ཀྱིན་འདུག དེའི་ཐོག་ང་ཚོ་དོན་གཅོད་ཀྱིས་གསར་ལམ་བརྒྱུད་དེ་དངོས་ཡོད་གནས་སྟངས་ལན་འདེབས་བྱེད་དགོས་ཀྱི་འདུག ཡིན་ནའང་། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འཛམ་གླིང་ཐོག་ཤུགས་ཆེ་རུ་འགྲོ་བ་དང་བསྟུན་ཏེ། དཀའ་ངལ་དེ་རིགས་ཆེ་རུ་འགྲོ་བཞིན་འདུག རྒྱ་ནག་གཞུང་གི་ཤུགས་རྐྱེན་དེ་བོད་གཅིག་པུ་མ་རེད་གཞན་པ་ཚོ་ལའང་གཅིག་མཚུངས་ཀྱིས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ཨ་རིའི་མཐོ་སློབ་ཁག་གི་ཡན་ལག་སློབ་གྲྭ་རྒྱ་ནག་ནང་བཙུགས་ཡོད་པ་རེད། དེ་ཚོ་ཕྱོགས་གཅིག་ནས་ཤེས་ཡོན་ཆེད་རེད། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་ཡོང་སྒོ་དང་མིང་གི་ཆེད་དུ་རེད། ཨ་རིའི་གཞུང་དམངས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོང་སྐབས། བོད་དོན་ཐོག་རང་བཞིན་གྱིས་རྒྱབ་སྐྱོར་ཉུང་དུ་འགྲོ་བཞིན་ཡོད་པ་དེར་མཐུན་རྐྱེན་དང་ནུས་ཤུགས་གང་ཐད་ནས་འགོག་ཐབས་མེད་པ་ལྟ་བུ་ཞིག་རེད།

དྲི་བ། ཨ་རིའི་ནང་རྒྱ་ནག་གི་སློབ་མ་ཁྲི་ ༢༣ ལྷག་ཡོད་སྐོར་གསར་ལམ་ཐོག་བསླེབས་སོང་། བོད་རྒྱ་མི་རིགས་གཉིས་འབྲེལ་འདྲིས་ཀྱིས་བོད་དོན་ངོ་འཕྲོད་པར་ཐབས་ལམ་ག་རེ་འཚོལ་བཞིན་ཡོད།

ལན། ང་ཚོ་སྐུ་ཚབ་དོན་གཅོད་ནང་རྒྱ་རིགས་འབྲེལ་མཐུད་པ་ཞིག་ཆེད་དུ་བསྐོ་བཞག་གིས་རྒྱ་རིགས་ཚོར་འབྲེལ་ལམ་འཛིན་གྱི་ཡོད་པ་རེད། སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུའི་ཐོག་ལའང་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་ཤེས་ཡོན་པ་དང་སློབ་ཕྲུག་ཚོར། སྔར་ལས་འབྲེལ་བ་གཏིང་ཟབ་དང་སྤུས་དག་ཏུ་ག་འདྲ་གཏོང་དགོས་མིན་ཐད་གྲོས་བསྡུར་མང་པོ་བྱུང་སོང་། ད་ལྟ་དམིགས་བསལ་གྱིས་ཐབས་ལམ་འདི་ཡོད་ཟེར་རྒྱུ་མེད་ཀྱང་བསམ་བློ་མང་པོ་གཏོང་གི་ཡོད། དྲི་བ། དེང་སང་བོད་ནས་ཤེས་ཡོན་ཅན་དང་སློབ་ཕྲུག་མང་པོ་ཞིག་ཨ་རིའི་ནང་འགྲོ་འོང་བྱེད་ཀྱི་ཡོད་པ་དེ་ཚོར་དོན་གཅོད་ཀྱིས་འབྲེལ་འདྲིས་གནང་གི་ཡོད་དམ། ལན། ཨ་རིའི་ནང་བོད་ནས་ཤ་ཁྲག་གཅིག་པའི་བོད་རིགས་སློབ་ཕྲུག་མང་པོ་ཡོང་གི་འདུག གཞིས་བྱེས་བོད་མིའི་བར་འབྲེལ་འདྲིས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། དོན་གཅོད་ཀྱི་ངོས་ནས་ཐབས་ལམ་ཁ་ཤས་འཚོལ་གྱི་ཡོད། དོན་དག་ཞིབ་ཚགས་མོས་འདིར་ཞུ་སྟབས་བདེ་བོ་མེད་ཀྱང་སྤྱི་ཡོངས་ཀྱི་ཐོག་ནས་ཅུང་ཙམ་ཞུས་ན་མ་འགྲིག་པ་མི་འདུག དཔེར་ན། ༧གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་སྐབས་བོད་ནས་ཐད་ཀར་ཕེབས་པའི་སློབ་ཕྲུག་ཚོར་དམིགས་བསལ་གྱིས་མཇལ་ཁ་སོགས་དེ་སྔོན་ཡང་ཐེངས་འགའ་གོ་སྒྲིག་གནང་མྱོང་ཡོད་ལ། མ་འོངས་པར་ཡང་དེ་འདྲ་གོ་སྒྲིག་བྱེད་འཆར་ཡོད། ཡིན་ནའང་། དེ་ཚོ་མངོན་གསལ་དོད་པོ་བྱས་ན་འགྲིག་གི་མེད་སྟབས། ངོ་ཤེས་པ་དང་ཕ་ཡུལ་གཅིག་པ་སོགས་བརྒྱུད་ནས་མཚམས་མཚམས་འདུ་འཛོམས་དང་འབྲེལ་འདྲིས་བྱེད་ཀྱིན་ཡོད། ཁོ་ཚོའི་ནང་ནས་ཁ་ཤས་བོད་དོན་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཐོག་དོ་སྣང་ཆེན་པོ་འདུག ཡང་ཁ་ཤས་ཀྱིས་ཨ་རིའི་ནང་སློབ་སྦྱོང་ཁོ་ནའི་ཆེད་དུ་ཡོང་བ་ཡིན་མདོག་མདོག་བྱེད་ཀྱི་འདུག གང་ལྟར་མ་འོངས་པར་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག

དྲི་བ། ཨ་རིའི་ནང་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོར་བོད་སྐད་ཡིག་གི་ཁོར་ཡུག་ཅི་ཙམ་བསྐྲུན་ཐུབ་ཀྱི་ཡོད་པ་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནད་དོན་དེའི་ཐད་གྲ་སྒྲིག་དགོས་པ་ག་རེ་འདུག

ལན། ད་ལྟ་བྱང་ཨ་རིའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༢ ཡོད་པ་རེད། སྤྱི་མཐུན་ཚོགས་པ་མང་ཆེ་བའི་ནང་གཟའ་སྤེན་པ་དང་ཉི་མར་སྐད་ཡིག་འཛིན་གྲྭ་ཟེར་བ་ཞིག་བཙུགས་ཏེ། ཉིན་གཅིག་ལ་ཆུ་ཚོད་ ༤ རིང་བོད་ཕྲུག་ཚོ་མཉམ་དུ་འཛོམས་ནས་བོད་ཡིག་བོད་སྐད་དང་གཞས་ཞབས་བྲོ། ནང་ཆོས་སོགས་སྦྱོང་གི་ཡོད་པ་རེད། ལས་གཞི་དེ་ལོ་རེ་བཞིན་རྒྱ་ཆེ་རུ་དང་སྤུས་དག་ཏུ་འགྲོ་བཞིན་འདུག ན་ནིང་ཕྱི་ཟླ་ ༨ པའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ལ་ཚོགས་འདུ་ཐེངས་ ༣ པ་བསྐོངས་ཏེ། ལོ་གཉིས་དང་གསུམ་ནང་ཚོགས་འདུ་དེ་བསྡུས་ན་ཉུང་དྲགས་འདུག་ཟེར་ནས་ལོ་རེ་བཞིན་ཚོགས་གཏན་འཁེལ་བ་ལྟར། ད་ལོའི་ཕྱི་ཟླ་ ༨ ནང་ཉིན་གསུམ་རིང་ཝ་ཤིན་ཊོན་ཌི་སི་ནང་དུ། སྐད་ཡིག་སློབ་གྲྭ་ཁག་གི་དགེ་རྒན་དང་འཛིན་སྐྱོང་འགན་འཛིན་གྱི་ཚོགས་འདུ་ བསྡུས་ཏེ། སྐད་ཡིག་སློབ་སྦྱོང་ཐད་ལག་ལེན་བསྟར་དགོས་པ་དང་ཐག་གཅོད་དགོས་པའི་གནད་དོན་ཁ་ཤས་ཤིག་འདུག གལ་ཆེ་ཤོས་དེ་འཛིན་རིམ་ ༩ པ་བར་གྱི་དམའ་རིམ་ཀློག་དེབ་གཏན་འབེབས་བྱེད་དགོས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མཉམ་དུ་གྲོས་བསྡུར་བྱས་ཏེ། ཨ་རིའི་ནང་གི་བོད་སྐད་ཡིག་གི་ཁོར་ཡུག་དང་བསྟུན་པའི་ཀློག་དེབ་ཅིག་གཏན་འབེབས་གནང་དགོས་ཀྱི་ཡོད་པ་རེད། སྤྱིར་བཏང་གཟའ་སྤེན་པ་དང་ཉི་མའི་ཆུ་ཚོད་ ༤ དེ་ཉུང་དྲགས་འདུག ཡིན་ནའང་ད་ལྟ་མགོ་བཙུགས་ཙམ་ཡིན་པས་རིམ་གྱིས་ཡར་རྒྱས་གཏོང་དགོས་པ་རེད་དྲན་གྱི་འདུག

དྲི་བ། མ་འོངས་པར་ཨ་རིའི་ནང་བོད་མིའི་གཏན་འཇགས་སློབ་གྲྭ་ཞིག་འཛུགས་ཐུབ་པའི་རེ་བ་ཡོད་དམ།

ལན། དེ་འདྲའི་བསམ་ཚུལ་ཡོང་གི་འདུག ཡིན་ནའང་ལས་གཞི་དེ་རྒྱ་ཆེན་པོ་ཞེ་དྲག་ཡིན་དུས་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་ཁག་པོ་རེད་འདུག ང་རང་སྒེར་གྱི་བསམ་ཚུལ་ཞུས་པ་ཡིན་ན། ཨ་རི་དང་ཡུ་རོབ་ནང་བརྟན་འཇགས་སློབ་གྲྭ་འཛུགས་མ་ཐུབ་པ་ཡིན་ནའང་། རྒྱ་གར་ནང་ལ་ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོར་དམིགས་བསལ་གྱི་སློབ་གྲྭ་ཞིག་འཛུགས་ཐུབ་པ་ཡིན་ན། གང་ཅིའི་ཐོག་ནས་ལས་སླ་བོ་ཡོད་པ་རེད་བསམ་གྱི་འདུག གང་ལྟར་ད་ལྟའི་ཆར་ལས་གཞི་དེ་རྒྱ་ཆེ་དྲགས་ནས་མཐུན་རྐྱེན་དང་ནུས་པ་སོགས་གང་ཐད་ནས་ཡོང་ས་མ་རེད། ཡིན་ནའང་ད་དུང་བོད་པ་ཇེ་མད་དུ་ཕྱིན་པ་དང་བོད་པ་ཚོས་མཉམ་རུབ་ཡག་པོ་བྱུང་བ་ཡིན་ན་མ་འོངས་པར་བརྟན་འཇགས་སློབ་གྲྭ་ཞིག་འཛུགས་མི་སྲིད་པ་མ་རེད་བསམ་གྱི་འདུག

དྲི་བ། བོད་མི་ལྔ་སྟོང་ཞིག་ཨ་རིའི་ནང་གཏོང་འཆར་གྱི་ལས་གཞི་དེ་ག་འདྲ་ཆགས་ཡོད་པ་རེད།

ལན། ན་ནིང་ལས་གཞི་དེ་ཐག་ཉེ་བོ་ཞིག་ཏུ་བསླེབས་པ་རེད། ཡིན་ནའང་། ཨ་རིའི་གྲོས་ཚོགས་འོག་མ་དང་གོང་མའི་བར་བསམ་ཚུལ་མ་མཐུན་པར་ལྷག་བསྡད་ཡོད་པ་དང་། ད་ལོ་ཕལ་ཆེར་ཁག་པོ་ཆགས་ས་རེད། ༢༠༡༥ ལོར་ཨ་རིའི་གྲོས་ཚོགས་འཐུས་མི་གསར་པ་བསླེབ་ཡོང་བ་དང་། དེ་དུས་གཞུང་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གང་གི་འོག་གནས་མིན་བཤད་ཐུབ་པ་མ་རེད། གང་ལྟར་འཐུས་མི་གསར་པ་ཞིག་བསླེབ་ཡོང་ན་གནས་ཚུལ་དེའི་ཐོག་བསམ་ཚུལ་གསར་པ་ཞིག་བསླེབ་སྲིད་པ་རེད། ང་ཚོའི་ངོས་ནས་མུ་མཐུད་དུ་ཞུ་སྐུལ་སོགས་བྱེད་པའི་འཆར་གཞི་ཡོད།

དྲི་བ། སྐུ་ཚབ་དོན་གཅོད་ལ་མ་འོངས་ལས་འཆར་ག་རེ་ཡོད།

ལན། ལས་འཆར་གཙོ་བོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་(Tibet Policy Act) ཞེས་པ་གཏན་འབེབས་བྱས་ཏེ་ལོ་ ༡༠ ལྷག་འགྲོ་བཞིན་ཡོད་པ་དང་། ད་ལྟའི་བར་ཁ་སྣོན་སོགས་ཀྱི་འགྱུར་བ་གང་ཡང་ཕྱིན་ཡོད་པ་མ་རེད། ཡིན་ནའང་། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་སྟབས། དེ་ཚོ་ཁྲིམས་ཀྱི་ནང་གསལ་བོ་འཁོད་ཐུབ་ལ་དོན་གཅོད་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། དེ་བཞིན། བལ་ཡུལ་དང་རྒྱ་གར་ནང་ནས་གཞིས་ཆགས་བོད་མི་ ༥༠༠༠ ཨ་རིར་གཏོང་བའི་ལས་འཆར་དེ་ལག་ལེན་ཡོང་བར་མུ་མཐུད་ཞུ་སྐུལ་བྱ་རྒྱུ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་ལྕམ་སཱ་ར་སི་ཝལ་(Sarah Sewall)ལགས་ལ་འབྲེལ་བ་ཟབ་མོ་འཇོག་རྒྱུ། གཞན། བྱང་ཨ་རིའི་དོན་གཅོད་ཁང་ཨ་རིའི་རྒྱལ་སར་སྤོར་ནས་ཡུན་རིང་འགོར་མེད་པས་ལས་ཁུངས་འདི་གཞུང་དང་གྲོས་ཚོགས། དེ་བཞིན་ཚོགས་སྒེར་ཁག་ལ་ངོ་སྤྲོད་བྱེད་པ་སོགས་ཀྱི་ལས་རིམ་མང་པོ་ཞིག་བསྒྲིགས་བསྡད་ཡོད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 8

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    ཨ་རིའི་དོན་གཅོད་འདི་ཞེད་སྣང་ཚ་བོ་རེད།
    ཤར་ཕྱོགས་ཁུག་རྟ།
    གནས་ཚུལ་འདི་རིགས་རང་ཤི་རྒྱག་ཏུ་བཅུགས་ན་བོད་ཀྱི་རྩ་དོན་ལའང་ཕན་ལས་གནོད་ཆེ། ད་བར་གནས་ཚུལ་འདི་རིགས་ནང་ཁུལ་ནས་མེད་པ་བཟོས་ཏེ། བོད་རྒྱ་ཆེའི་མི་མང་གི་སྤྱན་སྔར་གཙང་མདོག་མདོག ཡིན་མདོག་མདོག་བྱེད་ཀྱི་ཡོད། རྒྱ་གར་དང་ཨ་རིའི་གཞུང་གཉིས་ཀྱིས་མཚོན། དབུས་བོད་མིའི་སྒྲིག་འཛུགས་དང་མི་མང། གཞན་ཡང་གྲངས་ཀྱིས་མི་ཟིན་པའི་འཛམ་གླིང་མི་མང་དུང་ཕྱུར་མང་པོས། གདོན་འདྲེ་དོལ་རྒྱལ་རྗེས་འབྲངས་པ་ཚོས་༧གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཆར་ཡོད་པར་གཟབ་གཟབ་བྱེད་བཞིན་པའི་སྐབས་འདིར། ཁ་སྔོན་བཀའ་ཤག་གི་ཐག་གཅོད་ལྟར། དོལ་རྒྱལ་རྗེས་འབྲངས་པ་བྱེད་གཏེ་ཁག་ཅིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱར་ཕྱི་དྲིལ་ལས་ཁུངས་གསར་འགྱུར་ཚན་པས་ཨིན་བོད་གཉིས་སུ་ཡོངས་བསྒྲགས་གནང་བ་རེད།
    ཡིན་ནའང། ཨ་རིའི་དོན་གཅོད་གསར་པས་ཐད་ཀར་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ལ་ཁ་པར་བཏང་སྟེ། ག་རེ་བྱས་ནས་ཨིན་ཡིག་དྲྭ་བའི་སྟེང་གནས་ཚུལ་དེ་འདྲ་བཀོད་པ་ཡིན་ནམ། ཁྱེད་ཚོས་འགན་ཁུར་ཐུབ་ཀྱི་ཡོད་དམ། ད་ལྟ་རང་གནས་ཚུལ་དེ་བསུབ་དགོས་ཞེས་བཀའ་བཀྱོན་དྲག་པོ་གནང་མཐར། གསར་འགྱུར་ཚན་པའི་འབྲེལ་ཡོད་ལས་བྱེད་ཚོ་གནས་རིམ་དམའ་བ་དང། ཆེན་པོ་རྣམས་ལ་འབྲེལ་འདྲིས་མེད་སྟབས་ཅི་བྱེད་འདི་བྱེད་མེད་པར་དེ་མ་ཐག་ཨིན་ཡིག་ཐོག་གི་གནས་ཚུལ་དེ་བསུབ་འདུག ཡིན་ནའང། དཔལ་ལྡན་བཀའ་ཤག་ནང་གི་༧གོང་ས་མཆོག་ལ་ཡིད་ཆེས་རྩེ་གཅིག་ཏུ་ཡོད་པའི་བཀའ་བློན་བྱེ་བྲག་པ་རེ་ཟུང་གིས་བཀའ་ཤག་གི་ཐག་གཅོད་ཟིན་པ་དེ། ཨ་རིའི་དོན་གཅོད་ཀྱིས་རྩིས་མེད་བཏང་བ་ཚུལ་མཐུན་མིན་པ་ངོས་འཛིན་དང་འབྲེལ། བསུབ་ཟིན་པའི་གནས་ཚུལ་དེ་བསྐྱར་དུ་དྲྭ་ངོས་སུ་བཀོད་འདུག
    གནས་ཚུལ་འདི་ནི་རྒྱ་ཆེ་ཆུང་གང་ས་ནས་བསམ་བློ་ཞིབ་ཚགས་ཤིག་བཏང་ན་ཧ་ཅང་ཞེད་སྣང་བྱེད་དགོས་པ་ཞིག་ཡིན་པ་བློ་ལྡན་ཀུན་གྱིས་མཁྱེན་གསལ་རེད། དབུས་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་གྱིས་དབང་བསྒྱུར་ཡིན་པ་ལས། གང་ཟག་གིས་དབང་བསྒྱུར་མིན་པ་གསལ་བོ་ཡིན་ནའང། ཨ་རིའི་དོན་གཅོད་མཆོག་ལ་བཀའ་ཤག་གི་ཐག་གཅོད་ཐད་ཀར་ནག་བསུབ་བཏང་ཆོག་པའི་དབང་ཚད་དང་ཐུགས་སྤོབས་སུས་གནང་བ་རེད་དམ། འཛིན་སྐྱོང་གི་འགྲོ་སྟངས་བྱས་ནའང་ཐད་ཀར་ལས་བྱེད་ལ་དེ་ལྟར་ཁ་པར་བཏང་སྟེ་བཀའ་བཀྱོན་གནང་ཆོག་པའི་ལམ་སྲོལ་ཞིག་གང་ན་ཡོད། འདིའི་ཅི་ཞིག་མཚོན་གྱི་རེད་དམ།
    གཉིས་ནས། དོལ་རྒྱལ་གྱི་གནས་ཚུལ་འདི་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་ཕན་གནོད་ཀྱི་འབྲེལ་བ་གང་ཡང་ཡོད་པ་མ་རེད། ༧གོང་ས་མཆོག་གི་སྤྱན་མདུན་ནས་དོལ་རྒྱལ་ཐད་རྣམ་འགྱུར་གཅིག་དང། ཕྱོགས་གཞན་ཞིག་ནས་རྣམ་འགྱུར་གཅིག་འཛིན་གྱི་ཡོད་པ་འདི་ཧ་ལས་པའི་ཞེད་སྣང་ཚ་པོ་རེད། གནང་སྟངས་འདིས་བོད་ཀྱི་རྩ་དོན་ལ་གནོད་ཚབས་ཆེན་པོ་ཐེབས་རྒྱུ་ཡིན་པ་ཚང་མས་ཤེས་གསལ་རེད། ཡང་ན་སྐུ་ངོ་དོན་གཅོད་མཆོག་གིས་དོལ་རྒྱལ་སྐོར་འགན་འཁུར་འདོད་མེད་ན་བཀའ་ཤག་ལྷན་རྒྱས་ལ་གསལ་བོ་ཞུ་དགོས་པ་རེད། ང་ལ་མཚམས་འདིར་སྐད་ཆ་གསལ་བོ་ཞིག་བཤད་རྒྱུ་ཡོད་པ་དེ། བོད་མཐོང་མ་མྱོང་ཞིང་བོད་ཀྱི་ཆོས་རིག་ལ་ཞེ་འདྲིས་ཁྱོན་ནས་མེད་མཁན་ཁག་ཅིག་གིས། ཕྱི་རྒྱལ་ལུང་པའི་ནང་མགོ་སེར་ཚོའི་མདུན་ནས། བོད་དང་བོད་ཀྱི་ཚབ་མཚོན་མདོག་དང། རང་ཉིད་བོད་ཀྱི་མགྲིན་ཚབ་པ་ཡིན་ཚུལ་བྱེད་འདོད་ཡོད་ན། ངེས་པར་དུ་གཞིས་ལུས་མི་མང་དང་༧གོང་ས་མཆོག་གི་དམ་ཚིག་དང་གནས་ལུགས། ལོ་རྒྱུས་བཅས་ཀྱི་འབྲེལ་བར་དགོངས་བཞེས་ཡག་པོ་གནང་ན་མ་གཏོགས། བོད་མི་རང་ངོས་སམ། ལྷག་པར་གཞིས་ལུས་བོད་མིའི་ཁྲོད་ནས། སྐུ་ངོ་དོན་གཅོད་འདྲ་བ་དག་གིས་གཞིས་ལུས་རྒྱ་ཆེ་མི་མང་གི་དོན་དག་བཤད་མི་དགོས། བཤད་ཤེས་ཀྱི་མི་འདུག དགོས་དོན་མི་འདུག་ཅེས་གསུངས་པ་ཡིན་ན། དེ་དུས་ལྟ་སོ་བརྟན་ས་མེད་པ་ཞིག་ཆགས་ངེས་སྟབས། ད་ལྟ་ནས་གནད་དོན་ཆེ་ས་འདི་རིགས་གཟབ་གཟབ་གནང་དགོས་པ་རེད་ཅེས་ཚིག་ཉུང་ལ་དོན་འདུས་པའི་ལམ་ནས་ཞུ་ཡི་ཡོད། གལ་སྲིད་སྐུ་ངོ་དོན་གཅོད་དང་དོན་གཅོད་འདྲ་བ་དག་གིས་བོད་མི་རིགས་ཀྱི་ཕ་ཡིག་ཀློག་རྒྱུར་དཀའ་ངལ་བྱུང་བ་ཡིན་ན། འབྲེལ་ཡོད་དོན་གཅོད་ལས་བྱེད་ལྷན་རྒྱས་ནས་གསལ་བོ་དག་པོ་ཞིག་གསེར་སྙན་སྒྲོན་འབུལ་ཡོང་བ་ཞུ།

    ༢༠༡༤། ༥། ༣༠། ཉིན།།

    Reply
  2. འོད་ཚོམ། says:
    ལོ་ 11 སྔོན།

    ཡག་པོ་གསུང་འདུག ཐུགས་རྗེ་ཆེ།

    Reply
  3. འོད་ཚོམ། says:
    ལོ་ 11 སྔོན།

    ཡག་པོ་འདུག མ་འོངས་པའི་བྱ་བཞག་དག་ལ་རང་གཞན་གཉིས་ཀ་བློ་འགྱོད་མེད་པ་ཞིག་གནང་རོགས་ཞེས་འབོད་སྐུལ་གྱིས་ཚུལ་དུ་ཞུ་བ་ཡིན།

    Reply
  4. ཆོས་བཟང་། says:
    ལོ་ 11 སྔོན།

    བཀའ་མོལ་དྲང་མོ་གསུངས་འདུག དྲང་ཡ་མང་དྲག་ནས་སྐད་ཆ་ཁ་ཤས་འདི་ལྟར་ཡོངས་བསྒྲགས་བྱས་ན་ཅུང་འགྲིག་གི་ཨེ་ཡོད་བསམ་བསམ་ཁ་ཤས་བྱུང་སོང་། མ་གཞི་སེམས་ཤུགས་དང་བསམ་བློ་འཁྱེར་ཕྱོགས་སོགས་ལ་བསྔགས་བརྗོད་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བློས་ཐུབ་གྲོགས་པོ་རེད། ཁོང་གིས་དམིགས་བསལ་གྱིས་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་ནང་བ་རེད། ཁོང་གི་རེ་བ་འཕྲོ་བརླགས་སུ་མ་སོང་བ་ཞིག་གནང་དགོས་པ་རེད། ལྷག་པར་དུ་ཨ་རི་དེ་བོད་པར་ཧ་ཅང་གནད་འགག་ཅིག་ཆགས་ཡོད་པ་རེད་ལས་དོན་འཐུས་ཤོར་དུ་མ་སོང་བ་ཞིག་གནང་གལ་ཆེན།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་ དེང་སང་རྒྱ་བལ་འབྲུག་གསུམ་གྱི་བོད་མི་མང་པོ་ཞིག་གིས་ཨ་རིར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་ནང་འཚོ་བ་སྐྱེལ་རྒྱུ་ལས་སླ་བོ་ཞིག་ཁྱོན་ནས་ཡོད་པ་མ་རེད། གལ་སྲིད་ཨ་རིར་ཡོང་བ་ཡིན་ནའང་ཁྲིམས་མཐུན་གྱིས་ཡོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ་་་་་་་

    Reply
  6. ཤག་སྒང་པ། says:
    ལོ་ 11 སྔོན།

    ཡག་པོ་དྲིས་འདུག་ལ་དྲག་པོ་ཡང་གསུངས་འདུག

    དོན་དུ་འཁེལ་ཞིང་དོན་དུ་སོང་ཡོད་ན་ལེགས་ཤོས་སོ།།

    Reply
  7. ཚངས་ཐིག says:
    ལོ་ 11 སྔོན།

    བཅར་འདྲི་འདི་ཡག་པོ་བྱུང་སོང་། དེ་མ་གཏོགས་སྤྱི་ཚོགས་ནང་དཀྲོག་གཏམ་སྣ་ཚོགས་ཤིག་ཡོང་གི་འདུག ཉེ་ཆར་༧གོང་ས་མཆོག་ཨ་རིར་ཆིབས་སྒྱུར་སྐབས་དོལ་ཚོགས་ཀྱི་གནས་ཚུལ་དེ་ལ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀྱང་མི་གཅིག་གཉིས་ཤིག་གི་མ་འགྲིག་པ་དང་འགན་ཡོད་པ་དེ་འདྲ་ཞིག་མ་རེད་གསུངས་སོང་།

    Reply
  8. བློ་བཟང་། says:
    ལོ་ 11 སྔོན།

    དྲི་བ་དྲིས་ལན་གཉིས་ཀ་ཧ་ཅང་གཏིང་ཟབ་མོ་རེད། ཐུགས་རྗེ་ཆེ། དོན་གཅོད་གསར་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། བཀའ་མོལ་གནང་སྟངས་དང་དགོངས་པ་བཞེས་ཕྱོགས་བཅས་ལ་གཞིགས་ན་བོད་རིགས་ན་གཞོན་རེ་བ་ཅན་ཞིག་འདུག མུ་མཐུད་དུ་སྤྱི་དོན་ལ་ཤུགས་བསྐྱོན་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese