རྒྱ་གཞུང་གིས་ ༢༠༡༡ ལོར་འཛིན་བཟུང་བཙོན་འཇུག་བྱས་པའི་དཀར་མཛེས་དགོན་པའི་གྲྭ་ངག་དབང་བློ་བཟང་ལགས་དང་། ཉེ་ཆར་འཛིན་བཟུང་བྱས་པའི་གཞོན་སྐྱེས་གླུ་བ་དགེ་བྷེ་གཉིས་ཀློད་གྲོལ་བཏང་ཡོད་འདུག
ཟླ་འདིའི་ཚེས་ ༡༣ ཉིན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༡ ལོའི་ས་ག་ཟླ་བའི་ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ཏུ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཞེས་སོགས་ངོ་རྒོལ་སྐད་འབོད་བྱས་སྐབས་འཛིན་བཟུང་བྱས་ཏེ་ལོ་ ༣ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་དཀར་མཛེས་དགོན་པའི་གྲྭ་ངག་དབང་བློ་བཟང་ལགས་བཙོན་གྲོལ་བཏང་ཡོད་འདུག ཉེ་བའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་གང་འདྲ་ཡིན་མིན་གསལ་བོ་ཤེས་ཀྱི་མེད་ཀྱང་། ཁོང་བཙོན་གྲོལ་བཏང་སྟེ་ཕྱིར་དགོན་པའི་རང་ཤག་ཏུ་འབྱོར་སྐབས་དཀར་མཛེས་དགོན་པའི་དགེ་འདུན་པ་དང་། ས་གནས་མང་ཚོགས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག
གཞན། ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་རྒྱ་གཞུང་གིས་བོད་ནང་གི་ན་གཞོན་གླུ་བ་དགེ་བྷེ་ལགས་སི་ཁྲོན་མཛོད་དགེ་ཁྱུང་མཆུ་རྫོང་གི་རིག་རྩལ་སྤྲོ་ཚོགས་ཤིག་ཐོག་འཁྲབ་སྟོན་བྱས་ཏེ་འཁྲབ་སྟོན་གྲོལ་མ་ཐག རྒྱ་གཞུང་དྲག་ཆས་དམག་མི་དང་ཉེན་རྟོག་པ་ཁག་ཅིག་གིས་གློ་བུར་འཛིན་བཟུང་བྱས་ཏེ་ཉིན་ ༢༠ ཙམ་གྱི་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་མེད་པ་ལྟར། ཟླ་འདིའི་ཚེས་ ༡༢ ཉིན་ཁོང་གི་ནང་མིས་རྒྱ་གཞུང་ལ་དངུལ་གཏའ་མ་བཞག་པ་དང་། འབྱུང་འགྱུར་གནད་དོན་མི་འབྱུང་བར་ཁག་ཐེག་སོགས་བྱས་མཐར། མཛོད་དགེ་ཁྱུང་མཆུ་རྫོང་ཉེན་རྟོག་པས་རྔ་བ་རྫོང་གི་ཉེན་རྟོག་པར་རྩིས་སྤྲོད་ཀྱིས་ཀློད་གྲོལ་བཏང་ཡོད་འདུག
གནས་ཚུལ་ཤེས་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་ན་གཞོན་གླུ་བ་དགེ་བྷེ་ཡིས་གླུ་གཞས་ཆེད་བསྒྲིགས་འོད་སྡེར་ཞིག་བཏོན་པའི་ནང་། ༼ལྷ་རྒྱལ་ལོ་བོད་རྒྱལ་ལོ༽ཞེས་བ་དང་།༼ ང་ཡོང་གི་ཡོད༽ ཅེས་སོགས་ཀྱི་གླུ་གཞས་ཁག་ཅིག་བླངས་ཡོད་སྟབས། རྒྱ་གཞུང་གིས་སྐབས་དེར་ཁོང་གི་འོད་སྡེར་སྤྱི་ཚོགས་ཐོག་འགྲེམས་སྤེལ་བཀག་སྡོམ་དང་གཞུང་བཞེས་བཏང་ཡོད་པར་མ་ཟད། གླུ་བ་ཁོང་དུས་ཡུན་གང་འཚམ་རིང་ཕ་ཡུལ་དང་ནང་མི་ཉེ་འབྲེལ་སོགས་ལ་ཁ་བྲལ་ཏེ་བྲོས་བྱོལ་གྱི་ཚུལ་དུ་འདུག་དགོས་བྱུང་ཡོད་འདུག
གསར་འགོད་པ་དོན་གོ།