དེ་རིང་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་༼ཤར་དུང་རི༽དུས་དེབ་ཀྱི་རྩོམ་པ་པོ་འཇང་རྩེ་དོན་ཁོ་ལགས་དང་བུད་དྷ་ལགས་གཉིས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་འདུག
འདི་གར་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་འཇང་རྩེ་དོན་ཁོ་ལགས་ཕྱི་ལོ་ ༢༠༡༠ ཟླ་ ༦ ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། རྔ་བ་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། དེ་རིང་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་། སང་ཉིན་ཁོང་ཕ་ཡུལ་ཁྱུང་མཆུ་རྫོང་ཟངས་དཀར་ཡུལ་ཚོའི་ནང་འབྱོར་རྒྱུ་ཡིན་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས། “ཁོང་གི་བཙོན་འཇུག་དུས་ཡུན་རྫོགས་ནས་དེ་རིང་སྔ་དྲོར་བཙོན་གྲོལ་བཏང་འདུག ད་ལྟ་ངས་ཁོང་གི་གྲོགས་པོ་ཚོར་འབྲེལ་བ་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་གི་གྲོགས་པོ་ཚོའི་ཁ་པར་སོགས་ལ་དམ་དྲག་བྱེད་ཀྱིན་ཡོད་སྟབས། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མི་འདུག ”ཅེས་བརྗོད་སོང་།
གཞན་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༢༠༡༠ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་༼ཤར་དུང་རི༽དུས་དེབ་ཀྱི་རྩོམ་པ་པོ་བུད་དྷ་ལགས་ཀྱང་བཙོན་འཇུག་དུས་ཡུན་རྫོགས་ཏེ་དེ་རིང་སྔ་དྲོར་ཀློད་གྲོལ་བཏང་ཡོད་འདུག
ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་རྩོམ་པ་པོ་འཇང་རྩེ་དོན་ཁོ་ལགས་དང་བུད་དྷ་ལགས། སྐལ་བཟང་སྦྱིན་པ་ལགས་བཅས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་༼ཤར་དུང་རི༽དུས་དེབ་ཐོག་ས་བྱི་ལོའི་ཞི་རྒོལ་གྱི་གནས་ཚུལ་བཀོད་དེ་རྒྱལ་ཁབ་ཁ་བྲལ་བཏང་བ་སོགས་ཀྱི་ནག་ཉེས་བཙུགས་ཏེ། འཇང་རྩེ་དོན་ཁོ་ལགས་དང་བུད་དྷ་ལགས་གཉིས་ལ་ཁྲིམས་ཆད་ལོ་ ༤ དང་། སྐལ་བཟང་སྦྱིན་པ་ལགས་ལ་ལོ་ ༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།