མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་བོད་མིའི་དཀའ་ངལ་ཆེ་ཤོས་ས་ཐོ་ལག་འཛིན་དང་གཞོན་སྐྱེས་ལས་མེད་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་ཁང་གིས་ལ་དྭགས་ལྷོ་བྱང་བོད་མིའི་གཞིས་སྤྱི་དོན་འགྲུབ་བཀྲ་ཤིས་ལགས་སུ། ལ་དྭགས་བོད་མིའི་གཞིས་ཆགས་དང་སློབ་གྲྭ དགོན་སྡེ་ཁག་བཅས་ཀྱི་གནས་སྟངས་དང་། ཡུལ་མི་དང་བོད་མིའི་མཐུན་ལམ་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཐོག་མར་གཞིས་སྤྱི་ལགས་ནས་ལ་དྭགས་ནང་བོད་མིའི་གཞིས་ཆགས་ཁག་ག་ཚོད་ཅིག་ཡོད་མེད་དང་མིའི་གྲངས་འབོར། བོད་མི་ཚོའི་འཚོ་བའི་རྟེན་གཞི་བཅས་ཀྱི་སྐོར་ངོ་སྤྲོད་ཅིག་གནོངས་དང་།

ལན། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ལ། སླེ་ལྕོག་ལམ་ས་བསོད་ནམས་གླིང་དང་བསོད་ནམས་གླིང་བྱང་ཐང་བཅས་ཁག་གཉིས་ཡོད།  བསོད་ནམས་གླིང་སླེ་ཁུལ་དུ་གཞིས་གྲོང་ ༡༢ དང་།བསོད་ནམས་གླིང་བྱང་ཐང་འབྲོག་སྡེར་ཁ་འཐོར་གཞིས་ཆགས་ཁག་ ༨ ཡོད། མི་འབོར་གྱི་ཆ་ནས་སླེ་ཁུལ་དུ་བོད་མི་ ༥༠༠༠ ཙམ་དང་། བྱང་ཐང་དུ་བོད་མི་ ༢༣༠༠ བཅས་ཁྱོན་བོད་མི་ ༧༣༠༠ ཡོད། ཁོང་ཚོའི་འཚོ་རྟེན་སླེ་ཁུལ་གྱི་བརྒྱ་ཆའི་ ༣༠% ཞིང་ས་ཡོད་ཀྱང་། ཆུ་དང་གནམ་གཤིས་དབང་གིས་བ་གླང་ལ་སྤྲོད་རྒྱུའི་རྩྭ་མ་གཏོགས་སྐྱེས་ཀྱི་ཡོད་མ་རེད། བོད་མི་མང་ཆེ་བ་ཁང་པ་དང་ལམ་ཁ། སྡོད་ཁང་། ཟ་ཁང་སོགས་ཡུལ་མིའི་གཡོག་པོར་རྒྱུགས་ཏེ་ཉིན་གླའི་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཁག་ཅིག་གིས་ཡུལ་མིའི་རླངས་འཁོར་གཏོང་གི་ཡོད་པ་རེད། ཁག་ཅིག་གིས་ཟ་ཁང་དང་ཚོང་ཁང་བཟུང་སྟེ་འཚོ་བ་སྐྱེལ་གྱི་ཡོད་པ་རེད། སློབ་སྦྱོང་གང་འཚམ་ཐོན་པའི་ན་གཞོན་ལས་མེད་ཁག་ཅིག་གིས་ཡུལ་མིའི་ལས་ཁུངས་དང་སློབ་གྲྭའི་ནང་ལས་ཀ་བྱེད་ཀྱི་ཡོད་པ་རེད། སིལ་ཚོང་དང་རྒྱན་ཆ་སོགས་ཀྱི་ཚོང་རྒྱག་མཁན། རྟ་འཁྲིད་དེ་ཡུལ་སྐོར་བ་ཡར་སྐྱེལ་མར་ལེན་བྱེད་མཁན་བཅས་རེད། བྱང་ཐང་ཁུལ་གྱི་བོད་མི་ཚོས་ར་ལུག་དང་། ཤ་དང་པགས་པ། མར། ཆུར་བ་སོགས་བཙོང་སྟེ་འཚོ་བ་སྐྱེལ་བསྡད་ཡོད་པ་རེད།

དྲི་བ། ལ་དྭགས་ནང་བོད་མིའི་སློབ་གྲྭ་ཁག་ག་ཚོད་ཅིག་ཡོད་དམ། སློབ་སྦྱོང་གི་གནས་སྟངས་དང་སློབ་མའི་གྲངས་འབོར་གང་འདྲ་ཡིན་ནམ།

ལན། ༸གོང་ས་མཆོག་དང་། ཨ་མ་ལྷ་ལྕམ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ལ་དྭགས་ནང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་གསར་འཛུགས་གནང་སྟེ། འཛིན་རིམ་བཅུ་བ་བར་རིན་མེད་ཐོག་སློབ་སྦྱོང་གནང་ཐུབ་ཀྱི་ཡོད་པ་རེད། ཕྲུ་གུ་རེ་ཟུང་ཕ་མས་གཏོང་གི་མེད་པ་མ་གཏོགས། ཚང་མར་གོ་སྐབས་སྤྲད་དེ་སློབ་སྦྱོང་མི་རག་པའི་དཀའ་ངལ་ཡོད་པ་མ་རེད། ད་ཆར་འདིར་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཆེ་བ་གཅིག་དང་། ལྕོག་ལམ་སར་བོད་ཁྱིམ་སློབ་གྲྭའི་ཡན་ལག་ཁག་ ༣ ། བྱང་ཐང་དུ་བོད་ཁྱིམ་སློབ་གྲྭའི་ཡན་ལག་ཁག་ ༣ བཅས་སློབ་གྲྭ་ཁག་ ༧ ཡོད། ཚང་མའི་འཛིན་སྐྱོང་བོད་ཁྱིམ་རང་གིས་གནང་གི་ཡོད་པ་རེད། སློབ་མའི་གྲངས་འབོར་བོད་ཁྱིམ་སློབ་གྲྭ་ཆེ་བའི་ནང་སློབ་མ་ ༡༥༠༠ ཡས་མས་ཤིག་དང་ཡན་ལག་ཁག་བཅས་ཁྱོན་བསྡོམས་སློབ་ཕྲུག་ ༢༣༠༠ ཡས་མས་ཡོད་པ་རེད།

དྲི་བ། ལ་དྭགས་ནང་བོད་པའི་དགོན་སྡེ་ཁག་དང་ཆོས་རྒྱུད་ག་ཚོད་ཅིག་ཡོད་དམ། སློབ་གཉེར་གྱི་གནས་སྟངས་དང་གྲྭ་བའི་གྲངས་འབོར་གང་འདྲ་ཡིན་ནམ།

ལན། ང་ཚོ་གཞིས་སྤྱི་ལས་ཁུངས་ཁྱབ་ཁོངས་སུ་བཀའ་རྒྱུད་དགོན་པ་དང་རི་ཐོག་དགོན་པ། བོན་པོ་དགོན་པ་བཅས་གསུམ་ཡོད། རི་ཐོག་དགོན་པར་བླ་གྲྭ་ ༣༠ ཙམ་ཡོད་པ་རེད། བཀའ་རྒྱུད་དགོན་པར་བོད་རིགས་གྲྭ་བ་བཅུ་གྲངས་ཤིག་ལས་ཡོད་པ་མ་རེད། དེ་མིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བ་རེད། བོན་དགོན་པར་བོད་པའི་དགེ་བཤེས་གཅིག་མ་གཏོགས་ཡོད་པ་མ་རེད། དགོན་སྡེ་དེ་དག་ནང་བླ་གྲྭ་ཧ་ཅང་ཉུང་ཉུང་རེད། ཆོས་རྒྱུད་ས་དགེ་བཀའ་རྙིང་།བོན་དང་བཅས་པ་ཡོད་པ་རེད། མི་མང་ནང་ཤུགས་ཆེ་ཤོས་དགེ་ལུགས་དང་བཀའ་རྒྱུད་རེད། དགོན་སྡེ་ཁག་གི་སློབ་སྦྱོང་གི་གནས་སྟངས་ངས་གསལ་བོ་ཞུ་ཐུབ་ཀྱི་མེད།

དྲི་བ། ལ་དྭགས་ནང་བོད་པའི་རྒན་གསོ་ཁང་ག་ཚོད་ཅིག་ཡོད་དམ། རྒན་པའི་གྲངས་འབོར་དང་ཁོང་ཚོའི་འཚོ་བའི་མཐུན་རྐྱེན་གང་འདྲ་ཡིན་ནམ།

ལན། ང་ཚོ་འདིར་སླེ་ཁུལ་དང་བྱང་ཐང་བཅས་རྒན་གསོ་ཁང་ཁག་གཉིས་ཡོད། རྒན་གསོ་ཁང་གི་ཐད་ཀར་སྟངས་འཛིན་བོད་ཁྱིམ་གྱིས་གནང་གི་ཡོད་པ་རེད། སླེ་རྒན་གསོ་ཁང་ནང་རྒན་རྒོན་ ༣༡ ལྷག་དང་། བྱང་ཐང་རྒན་གསོ་ཁང་དུ་རྒན་རྒོན་ ༡༨ ཡོད་པ་རེད། ཁོང་ཚོའི་ཟ་འཐུང་དང་སྡོད་གནས། དམིགས་བསལ་འཕྲོད་བསྟེན་ལྟ་སྐྱོང་དང་ཞབས་ཞུ་གནང་མཁན་བཅས་ཀྱི་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད་པ་རེད། གཞིས་ཆགས་ཁག་ཁྱོན་ཡོངས་སུ་རྒན་རྒོན་ ༡༠༠༠ ལྷག་ཡོད་ཀྱང་། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་བཟང་སྤྱོད། སོ་སོའི་ཕ་མ་སོ་སོས་བལྟ་རྒྱུའི་ཡ་རབས་ཀྱི་གོམས་གཤིས་འདིར་ཤུགས་ཆེན་པོ་ཡོད་སྟབས། ད་ལྟའི་བར་ང་ཚོ་གཞིས་སྤྱི་ལས་ཁུངས་ཀྱིས་ཕྲུ་གུ་དང་གཉེན་ཉེ་སོགས་ལྟ་རྟོག་བྱེད་མཁན་ཡོད་པའི་རྒན་རྒོན་རིགས་རྒན་གསོ་ཁང་ནང་འཇུག་རྒྱུའི་རྒྱབ་གཉེར་སྤྲོད་ཀྱི་མེད།

དྲི་བ། ལ་དྭགས་ནང་ཡུལ་མི་དང་བོད་མི་བར་གྱི་འབྲེལ་ལམ་གང་འདྲ་ཡིན་ནམ།

ལན། དེར་གཞུང་དང་སྒེར་བཅས་ལྟ་ཕྱོགས་གཉིས་ཡོད་པ་རེད། ང་རང་ལ་མཚོན་ན་འདིར་འཚར་ལོངས་བྱས་ཏེ་མི་ཚེ་བསྐྱལ་བ་རེད། ད་ལྟ་ང་རང་འོས་འདེམས་བྱས་ནས་ས་གནས་མགོ་འཛིན་དུ་བསླེབ་ཏེ་སྐབས་གཉིས་པའི་ལོ་ལྔ་བ་དེ་ཡིན། སྒེར་གྱི་ཕྱོགས་ནས་འཆམ་པོ་མཐུན་པོ་ཡོང་གི་ཡོད། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་སོ་སོའི་སྤྱི་ཚོགས་ནང་ལས་ཀ་བྱེད་བསྡད་སྟབས། ང་ཚོས་ཕྱི་ཕྱོགས་སུ་དམིགས་བསལ་འབྲེལ་བ་བྱེད་སྡོད་དགོས་པ་ཡོད་མ་རེད། གང་ཡོད་པ་དེ་སོ་སོའི་ངོ་ཤེས་དང་ཁྱིམ་འཚེས། གཉེན་ཉེ་གྲོགས་པོ་ཚོ་རེད། ལས་ཁུངས་ནང་སྒྲིག་འཛུགས་དང་མི་མང་གི་ངོ་ཚབ་བྱས་ནས་ལས་ཀ་བྱེད་སྐབས། ཕྱི་ཕྱོགས་སུ་འབྲེལ་བ་མང་དག་ཅིག་བྱེད་དགོས་ཀྱི་འདུག བཙན་བྱོལ་བོད་མིའི་ཆབ་སྲིད་གནས་བབ་ཀྱི་ཆ་ནས་ང་ཚོ་ཡུལ་མི་མིན་སྟབས། གང་ལ་གང་འཚམ་ཞིག་ང་ཚོར་ཡིག་ཆ་མེད་པ་ཡིན་ན་བྱེད་རྒྱུ་ཡོད་མ་རེད། དེ་འདྲའི་ཐོག་ནས་འགོག་རྐྱེན་ཏོག་ཙམ་ཡོང་བསྡད་ཀྱི་འདུག ཡུལ་མི་མིན་ཚེ་ཐོབ་ཐང་རྩོད་རྒྱུ་ཡོད་མ་རེད། ཡིན་ནའང་། དཔོན་རིགས་དང་མཉམ་དུ་མི་དང་མིར་འབྲེལ་བ་བྱས་པའི་ཐོག་ནས་ཡར་ཞུ་མར་གནང་སྐབས་རྒྱབ་གཉེར་ཡག་པོ་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་ཆུང་དུས་ནས་མཉམ་དུ་གཤིབ་དེ་སྐད་གོ་བརྡ་མ་འཕྲོད་པ་མེད་སྟབས། ཧ་ཅང་འཆམ་པོ་ཡོད། གང་ཟག་གི་སྒང་ལ་མར་ཕབ་ཡོང་སྐབས། བྱེད་སྟངས་དང་བཤད་སྟངས་སོགས་ཀྱི་ཐོག་ནས་འགྲིག་མ་འགྲིག་ཡོང་བསྡད་ཀྱི་འདུག ང་ཚོ་བོད་པའི་གཞིས་ཆགས་གཞན་དང་མི་འདྲ་བར་བརྒྱ་ཤོག་མང་ཆེ་བ་ཡུལ་མིར་འདྲེས་བསྡད་ཡོད་པ་རེད། བྱང་ཐང་གི་འབྲོག་སྡེ་ཁག་གིས་ཀྱང་ནོར་ལུག་མཉམ་དུ་འཚོ་བཞིན་ཡོད་པ་རེད། ང་རང་གི་ངོས་ནས་འཆམ་པོ་མཐུན་པོ་ཡོད་བསམ་གྱི་ཡོད།

དྲི་བ། ལ་དྭགས་ནང་བོད་མི་དང་ཡུལ་མིའི་བར་གཉེན་གྱི་འབྲེལ་བ་མེད་པའི་གནས་ཚུལ་འདུག དེའི་རྒྱུ་མཚན་གང་ཡིན་ནམ།

ལན། ཡུལ་མིའི་མཉམ་དུ་གཉེན་སྒྲིག་བྱས་ནས་མི་རིགས་འདྲེས་པར་གནད་འགག་དེ་འདྲ་ཡོད་མ་རེད། ཕྱི་རྒྱལ་དང་ཚང་མར་སོ་སོའི་རང་དབང་རེད།ཡིན་ནའང་། འདིར་ཧ་ཅང་ཉུང་ཉུང་རེད། རྒྱུ་མཚན། གཅིག་ཡུལ་ཡོད་མཁན་དང་གཅིག་ཡུལ་མེད་མཁན་གྱི་གནས་སྟངས་ཆགས་ཡོད་སྟབས། བུ་ཕྲུག་འཚར་ལོངས་ཐོག་དཀའ་ལས་མང་དག་ཅིག་འཕྲད་ཀྱི་ཡོད་པ་རེད་ལ། ཡིག་ཆའི་ཐོག་ནས་བུ་ཕྲུག་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད། སྐྱབས་བཅོལ་ལ་དེའི་གནས་སྟངས་ཀྱི་ཐོག་ནས་ཐོབ་ཐང་མང་པོ་ཞིག་ཡོད་པ་རེད། དེ་ཚོ་རག་མིན་རེད། ཡུལ་མིའི་སྐད་ཆ་བཤད་ཡོང་སྐབས། ཡུལ་མིན་ཡིན་མིན་གྱི་ཐོག་ནས་བུ་ཕྲུག་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་སེམས་དང་སེམས། བློ་དང་བློ་མཐུན་ཡང་། གཉེན་སྒྲིག་དང་བུ་ཕྲུག་ཐོག་བསམ་བློ་གཏོང་སྐབས་ཁྱད་མཚར་ཆགས་འགྲོ་གི་ཡོད་པ་རེད། དེ་ང་རང་སྒེར་གྱི་བསམ་ཚུལ་ཡིན།

དྲི་བ། ལ་དྭགས་ས་གནས་བོད་མིའི་གཞིས་ཆགས་ཁག་ཏུ་ཁྱོན་གཞིས་མགོ་ག་ཚོད་ཅིག་ཡོད་དམ། གཞིས་མགོ་འདེམས་སྟངས་གང་འདྲ་ཡིན་ནམ།

ལན། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དེ་གཞིས་ཆགས་གཅིག་ཏུ་བརྩི་གི་རེད། ལས་ཀའི་ཁྱབ་ཆེ་ཆུང་ཐོག་ནས་སི་རེ་ན་གྷར་ནས་བོད་ཀྱི་ས་མཚམས་བར་རྙོབ་དགོས་ཀྱི་ཡོད་པ་རེད། སླེ་ཁུལ་ཡིན་ན་ཉེ་བོ་རེད། ཉིན་ཕྱེད་ཀའི་ནང་བསྐོར་བ་རྒྱག་ཐུབ་པ་ཞིག་རེད། བྱང་ཐང་འབྲོག་སའི་ས་ཁུལ་ཀེ་ལོ་མུ་ཊར་ ༢༠༠ དང་ ༣༠༠ བྱས་ཏེ་ལོག་གར་བསྡད་ཡོད་པ་རེད། དེ་དག་ལ་མི་ཉུང་ཉུང་ཡིན་ཡང་། བར་ཐག་ལ་བལྟ་སྐབས་གཞིས་ཆགས་ལོག་གའི་རྣམ་པ་ཡོད་པ་རེད། བྱང་ཐང་སླེ་ཁུལ་གྱི་གཞིས་ཆགས་དགུ་བོ་རེད། དེ་སྔ་བྱང་ཐང་འབྲོག་སྡེ་ཁག་ལ་ས་གནས་མགོ་འཛིན་གཅིག་དང་། སླེ་ཁུལ་དུ་ས་གནས་མགོ་འཛིན་གཅིག་བྱུང་འདུག རྗེས་སུ་ཁུ་བསྡུ་བྱས་ཏེ་ལས་ཁུངས་འདིར་ལ་སྤྱི་ཞེས་བཏགས། གནས་རིམ་ཡང་ཟུང་དྲུང་ཞིག་བཏང་། དེ་ལྟར་ཚང་མར་ས་གནས་མགོ་འཛིན་གཅིག་གིས་ཁྱབ་དགོས་ཀྱི་ཡོད་པ་རེད། འདིར་ལས་ཁུངས་ཡོད་པ་རེད། ཕར་ཕྱོགས་སུ་ལས་ཁུངས་ཡོད་མ་རེད། སྐོར་སྐྱོད་གནང་སྐབས་ཉིན་གཅིག་ཆས་པ་ཡིན་ན། ས་ཁག་རེར་ཉིན་རེར། ཉིན་གཉིས་ལམ་ཁ་བཅས་ཉིན་བཅུའི་རྗེས་སུ་མ་གཏོགས་ལོག་ཐུབ་ཀྱི་ཡོད་མ་རེད། ལོ་གཅིག་ནང་ཉིན་དྲུག་ཕྱིན་ཚེ་ཉིན་ ༦༠ དང་། ཟླ་རེར་ཉིན་རེར་ཕྱིན་ཚེས་ཉིན་ ༡༢༠ དེ་ལྟར་ལྟ་དགོས་པའི་ལས་འགན་ཆགས་ཀྱི་ཡོད་པ་རེད། འཛིན་སྐྱོང་གི་བྱེད་སྟངས་དེ་འདྲ་རེད། གཞིས་སྤྱིའི་ཆ་ནས་ད་ལྟའི་བར་གཞིས་མགོ་ ༡༧ བྱུང་བ་ཚང་མ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཚུར་བཏང་བ་རེད། ༢༠༠༩ ལོར་མི་མང་གིས་སྙན་ཞུ་ཕུལ་ཏེ། ༸གོང་ས་མཆོག་གིས་དམངས་གཙོ་གསོལ་རས་གནང་བ་ལྟར་གཞིས་མགོ་མི་མང་གི་འོས་འདེམས་ཀྱི་ལམ་ནས་ས་གནས་རང་གི་མི་བསྐོས་པ་ཡིན་ན། ས་རྒྱུས་མི་རྒྱུས་ཡོད་པའི་ཆ་ནས་མི་མང་ལ་ཕན་ཐོགས་ཐུབ་ཀྱི་རེད་ཅེས་བཤད་དེ། ༢༠༡༠ ལོར་འོས་བསྡུ་ལས་ཁང་ལ་བཀའ་འབྲེལ་གྱི་འོས་ཤོག་ཞུས་ཏེ། སླེ་གྲོང་སྡེ་ ༡༢ དང་བྱང་ཐང་ས་ཁུལ་ ༨ བཅས་ནས་འོས་ཤོག་བླུགས་ཏེ་ངར་བརྒྱ་ཆའི་ ༧༨ ཐོབ་པ་རེད། ལོ་གསུམ་རིང་ང་ལ་འཛིན་སྐྱོང་སོགས་ཀྱི་ཐད་ཉམས་མྱོང་མེད་ཀྱང་། ༸གོང་ས་མཆོག་གི་ཐུགས་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན། རྒྱ་གར་གཞུང་། སོ་སོའི་རོགས་ཚོགས་ཀྱི་བཀའ་དྲིིན་བཅས་ལ་བརྟེན་ནས་འཐུས་མ་ཤོར་བ་བྱུང་བ་རེད། ༢༠༡༢ ལོའི་ལོ་མཇུག་ཡང་བསྐྱར་བརྒྱ་ཆའི་ ༩༥ འོས་ཤོག་ཐོབ་ཏེ་མུ་མཐུད་ལས་ཀ་བྱེད་བསྡད་ཡོད།

དྲི་བ། དབུས་བོད་མིའི་སྒྲིག་འཛུགས་དང་ལ་དྭགས་ས་གནས་གཉིས་ཀྱི་འབྲེལ་ལམ་གང་འདྲ་ཡོད།

ལན། ང་རང་གིས་ལོ་ལྔ་རིང་རིང་ལས་ཀ་བྱས་པ་རེད། ༸གོང་ས་མཆོག་གི་བྱིན་རླབས་དང་ལམ་འགྲོ། ལས་བྱེད་ལས་རོགས་ཚོས་མཉམ་རུབ་བཅས་ཀྱི་ཐོག་ལས་ཀ་འཐུས་མ་ཤོར་བར་ད་ལྟ་འགྲོ་བསྡད་ཀྱི་ཡོད། དུས་ཡུན་དེའི་རིང་དུས་ནས་དུས་སུ་ལམ་སྟོན་ཞུས་ཡོད་ལ། ག་དུས་ཡིན་ཡང་ང་ཚོར་དམིགས་བསལ་གྱི་ལམ་སྟོན་གནང་ཡོང་གི་ཡོད། བཀའ་ཤག་སྔོན་མ་དང་ད་ལྟའི་བཀའ་ཤག་གི་ཁྱད་པར་ཐད་ནས་བཤད་ན། བཀའ་ཤག་སྔོན་མའི་སྐབས་སུ་ང་གསར་བ་ཡིན་སྟབས། ལམ་སྟོན་མང་པོ་རག་གི་ཡོད། ད་ལྟའི་ཆར་བཀའ་ཤག་སྔོན་མ་ལས་ལམ་སྟོན་ཉུང་བ་ཡོང་གི་ཡོད།

དྲི་བ། ལ་དྭགས་ས་གནས་བོད་མི་དང་གཞིས་སྤྱི་ལས་ཁུངས་བར་གྱི་འབྲེལ་ལམ་གང་འདྲ་ཡོད།

ལན། མི་མང་དང་ང་ཚོའི་བར་གྱི་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད། ང་ཚོའི་མི་མང་ལས་ཁུངས་ལ་ཡོང་རྒྱུ་ཧ་ཅང་དགའ་བོ་འདུག མང་པོ་ཞིག་གིས་ལས་ཁུངས་ལ་ཡོང་རྒྱུ་སྔོན་མ་ལས་སྟབས་བདེ་བོའི་ཚོར་བ་འདུག་ཅེས་བཤད་ཀྱིན་པའི་སྐད་ཆ་གོ་སོང་། ང་རང་གི་བལྟས་ན་གཙོ་ཆེ་ཤོས། ང་ཚོ་ལས་ཁུངས་མི་མང་གི་དཀའ་ངལ་སེལ་ཆེད་རེད། མཚམས་ལམ་རེར་མི་མང་ཁ་ཤས་ཀྱིས་རྒྱུ་ངོམས། དཔུང་པ་ངོམས། སློབ་སྦྱོང་ངོམས་ནས་ཡོང་གི་འདུག དེ་ཚོར་ཁོ་རང་ཚོ་དང་དཔག་པའི་སྐད་ཆ་བཤད་སྟངས་དང་འགྲོ་སྟངས་ཤིག་གི་ཐོག་འགྲོ་བསྡད་ཀྱི་ཡོད། མང་ཆེ་བ་མི་མང་ཉམས་ཆུང་མགོ་མ་ཚོས་མཁན་དེ་ཚོ་རེད། དེ་ཚོ་ལས་ཁུངས་ནང་ཡོང་དུས་སྣེ་ལེན་དང་ཁ་ཡ་བྱེད་རྒྱུ། བསླབ་བྱ་རྒྱག་རྒྱུ། མགོ་མ་ཚོས་པ་དེ་ཚོས་པར་བཟོ་རྒྱུ་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད་ལ། ངས་ལས་བྱེད་ཚོར་ཡང་ལམ་སྟོན་དེ་ལྟར་ཞུས་ཡོད། དེ་ལྟར་ཡག་པོ་བྱས་སྐབས་ཁོ་ཚོར་ཕན་ཐོགས་དང་དགའ་བོ་བྱས་ནས་ལས་ཁུངས་ནང་ཡོང་བ་འཛེམ་ཟོམ་མེད་པར། རེ་བ་ཆེན་པོ་བརྒྱབ་ནས་ཡོང་གི་འདུག

དྲི་བ། གཞིས་སྤྱི་ལས་ཁུངས་དང་ཇམ་ཀ་ཤི་མུར་མངའ་སྡེ་གཞུང་། ལ་དྭགས་སླེ་རྫོང་བཅས་ཀྱི་འབྲེལ་ལམ་གང་འདྲ་ཡིན། ཁོང་ཚོའི་ངོས་ནས་བོད་མི་ཚོར་དམིགས་བསལ་གྱི་མཐུན་འགྱུར་གང་དག་གནང་གི་ཡོད།

ལན། ཇམ་མུ་ཀ་ཤི་མུར་མངའ་སྡེ་དང་ལ་དྭགས་སླེ་རྫོང་བཅས་དང་འབྲེལ་ལམ་ཡག་པོ་ཡོད། མཐུན་འགྱུར་གྱི་ཕྱོགས་ནས་གཞིས་ཆགས་ཐོག་མར་འཛུགས་སྐབས། མངའ་སྡེ་གཞུང་ནས་མི་མང་ལ་ཆུ་དང་ཟ་མ། གློག བསྡད་ས་བཅས་ང་ཚོ་དཔལ་འབྱོར་གནས་སྟངས་ཛ་དྲག་པོ་ཡིན་སྐབས། གུར་དང་ཟ་མ་རིན་སོགས་མེད་ཐོག་སྤྲད་པ་དེ་བཀའ་དྲིན་ཆེན་པོ་རེད། རིམ་པས་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྐང་ཚུགས་སྐབས། ཟས་རིགས་སྣུམ་ཉོ་བྱེད་ར་ཤིན་རིན་མེད་མིན་ཡང་། ར་ཤིན་ཡིག་ཆ་ལོ་རེར་བསྒྱུར་བཅོས་ཀྱི་ལམ་ནས་སྤྲོད་ཀྱི་ཡོད་པ་རེད་ལ། གློག་ཡུལ་མི་དང་གཅིག་མཚུངས་སྤྲོད་ཀྱི་ཡོད་པ་རེད། ཆུ་སྟོན་ཐོག་གི་ཞིང་ཁ་མེད་ཀྱང་། རྩྭ་འདེབས་སའི་ཡུག་རྭ་ཀེ་ལོ་མུ་ཊར་ ༡༢ ཡོད་པའི་ས་ཆ་དང་། དེར་ཆུ་སྤྲད་ནས་གཏོང་ཆོག་ཆོག་ཡོད་པ་རེད། འདས་པའི་ལོ་དེ་དག་རིང་ཆུའི་ཐོག་ནས་བརྒྱ་ཤོག་དང་བརྒྱ་ཤོག ཞིང་པ་དང་ཞིང་པ། ཡུལ་མི་དང་ང་ཚོ་འཁྲུག་པ་ཆེན་པོ་ཤོར་གྱི་ཡོད་པ་རེད། རྗེས་སུ་གཞིས་སྤྱི་རིམ་པས་འབད་བརྩོན་གནང་སྟེ་ལོ་གསུམ་གོང་དངུལ་ཀ་རོ་ ༨ གྱི་ལས་འཆར་བསླེབ་ཏེ་ཆུ་ཡུར་ལེགས་འགྲུབ་བྱུང་བ་རེད། ད་ཆར་དཀའ་ལས་མེད་པ་ཆགས་ཡོད། དེ་དག་གི་ཐོག་ནས་བཀའ་དྲིན་ཆེན་པོ་རེད། དེ་མིན་ཐད་ཀར་ལམ་ཀ་དང་སློབ་གྲྭ་བརྒྱབ་སོང་བ་དེ་འདྲ་དང་། བརྒྱ་ཤོག་རེ་རེར་ལམ་བཟོས་བཞག་པ་དེ་འདྲ་ཡོད་མ་རེད། དགོན་པ་དང་ང་ཚོའི་ལས་ཁུངས། བོད་ཁྱིམ་ཉེ་འཁྲིས་དེ་དག་ལ་ལམ་ཁ་ཆུང་ཆུང་འཁྲིད་ཡོད་པ་རེད།

དྲི་བ། ད་ལྟའི་ཆར་ལ་དྭགས་ས་གནས་བོད་མི་ཚོའི་དཀའ་ངལ་ཆེ་ཤོས་གང་ཡིན་ནམ།

ལན། དཀའ་ངལ་ཆེ་ཤོས་ན་གཞོན་ལས་མེད་རེད། དེ་སྤྱི་ཚོགས་གང་སར་ཡོད་ཀྱང་། འདིར་དཀའ་ངལ་ཤུགས་ཆེན་པོ་ཡོད། དེ་སྔ་ཞུས་པའི་ཚོང་ལས་བྱེད་མཁན་གྱི་རིགས་དེ་དག་ཟླ་བ་ ༡༢ ནང་གི་ཟླ་བ་ ༤ མ་གཏོགས་ལས་ཀ་ཡོད་མ་རེད། ཟླ་བ་ ༨ རིང་མི་མང་པོར་ལས་ཀ་ཡོད་མ་རེད། ལོ་གཅིག་གི་ཟླ་བ་བཞིའི་ནང་དཀའ་ལས་གང་བརྒྱབ་པ་དེས་ལོ་གཅིག་ལ་འདང་དགོས་ཀྱི་ཡོད་པ་རེད། དེ་ལྟར་དཔལ་འབྱོར་གནས་སྟངས་ཧ་ཅང་ཁག་པོ་རེད། ལས་ཀ་ཡོད་མཁན་ལ་དེ་འདྲ་ཁག་པོ་རེད། ལས་ཀ་མེད་མཁན་ལ་ཞུ་མ་དགོས་པ་རེད། ལས་ཀ་ཡོད་པ་ཡིན་ན། བོད་མི་ཚོས་དཀའ་ལས་རྒྱག་ཐུབ་ཀྱི་འདུག ལས་ཀའི་སྡིངས་ཆ་མེད་པ་ཡིན་ན། ཐབས་ཤེས་མེད་པ་དེ་འདྲ་རེད། ལས་ཀ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ན་གཞོན་མང་པོ་འཕྲོ་བརླག་ཏུ་འགྲོ་བཞིན་འདུག དེ་ཚོ་ངས་དཀའ་ངལ་ཆེན་པོ་དང་ཛ་དྲག་པོར་མཐོང་གི་འདུག ཐབས་ལམ་བཙལ་འགྲོ་དུས་ཐབས་ལམ་རྙེད་ཀྱི་མི་འདུག བློ་འཚབ་ཆེ་ཤོས་དེ་རེད། གཞན་གཅིག་ང་ཚོ་ཕྱི་གསལ་ནང་གསལ་རེད། ༸གོང་ས་མཆོག་ལའང་སྙན་སེང་ཞུས་པ་ཡིན། འདིར་གཞིས་ཆགས་ཀྱི་ས་ཆའི་ཐོག་ས་ཐོ་ལག་འཛིན་ཏག་ཏག་མེད་པའི་རྙོག་གྲ་རེད། ཞིང་སར་ས་ཐོ་ལག་འཛིན་ཡོད་པ་རེད། ཡིན་ནའང་། སོ་སོའི་ལག་པར་སྤྲད་མི་འདུག དེ་དཀའ་ངལ་ཆེན་པོ་རེད། ཁང་སའི་ས་ཐོ་ལག་འཛིན་གྲོང་པ་སོ་སོར་མི་འདུག དེའི་ཐོག་ནས་སླེ་རྫོང་གི་ང་ཚོར་རྙོག་གྲ་མང་པོ་ལབ་ཡོང་གི་འདུག ཡང་ཁག་ཅིག་གིས་༸གོང་ས་མཆོག་གི་བཀའ་དྲིན་འོག་རྒྱ་གར་གཞུང་གཡར་བཞག་པའི་ས་ཆ་བོད་པ་ཡུལ་མི་བར་དང་། བོད་པ་བོད་པར་བཙོང་གི་ཡོད་པ་རེད། དེའི་ཐོག་ཁ་མཆུ་དང་། བོད་པ་དང་ཡུལ་མི་བར་རྙོག་གྲ་མང་པོ་ཡོང་བསྡད་ཀྱི་ཡོད། དེ་དག་དཀའ་ངལ་ཆེན་པོ་ཡིན། དེ་ལའང་ཐབས་ལམ་འདི་ཞེས་བཤད་ཐུབ་ཀྱི་མི་འདུག

དྲི་བ། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་གནས་ལ་མཐུན་འགྱུར་རོགས་རམ་གནང་དགོས་པའི་རིགས་ཡོད་དམ།

ལན། སྤྱིར་བཏང་ཁག་པོ་ཡོད་པ་ངས་ཤེས་ཀྱི་ཡོད། གནས་སྟངས་ཞུ་བ་ཡིན་ན། བྱང་ཐང་ས་ཁུལ་གྱི་འབྲོག་སྡེ་ཁག་གི་གཞིས་ཆགས་སྲ་བརྟན་སྐོར་ལ་ཞིབ་འཇུག་རིམ་པ་དང་འཆར་གཞི་མང་དག་ཅིག་གནང་བ་རེད། གང་འཚམ་ཞིག་བསྒྲུབས་ཡོད་ཀྱང་། གང་འཚམ་ཞིག་སྒྲུབ་ཐུབ་ཡོད་མ་རེད། བྱང་ཐང་ལ་མཚོན་ན་གཞིས་ཆགས་སྲ་བརྟན་ནང་ནས་འབྲོག་པ་སྲ་བརྟན་ཐོག་ད་ལྟའི་བཀའ་ཤག་གིས་ཤུགས་རྒྱག་གི་ཡོད་པ་རེད། རྒྱ་གར་གྱི་ཡུལ་མི་དང་ང་ཚོའི་འབྲོག་པ་གཉིས་ཀ་ཡོད་པ་རེད། ཡུལ་མིའི་འབྲོག་པར་རྒྱ་གར་གཞུང་དང་། ང་ཚོའི་འབྲོག་པར་ང་ཚོ་རང་གིས་ཤུགས་རྒྱག་གི་ཡོད་པ་རེད། ཁོ་ཚོ་དང་གཅིག་མཚུངས་ང་ཚོས་བྱེད་ཐུབ་ཀྱི་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབྲོག་སྡེ་ཁག་ནང་ར་ལུག་གི་ཚང་དེ་འདྲ་དང་གློག་བཅས་ཀྱི་མཐུན་རྐྱེན་གནང་ཡོད་པ་རེད། ད་ལྟའི་ཆར་མི་མང་འདུ་འཛོམས་མང་པོ་ཡོང་བསྡད་ཀྱི་ཡོད་སྟབས། མང་པོ་ཞིག་ལ་སྤྱི་ཁང་ཡོད་མ་རེད། དེ་དག་ང་རང་གིས་གལ་ཆེན་པོར་མཐོང་གི་འདུག དེ་དག་བརྒྱབ་པ་ཡིན་མགོར་དཔག་པའི་སྔས་ཞིག་དགོས་ཞེས་པ་ལྟར། རེ་བ་རྒྱག་ས་ཡོད་བསྡད་པ་ཞིག་རེད། ཁོང་ཚོར་མངོན་འདོད་གང་ཡོད་པ་དེ་དག་ཡར་ཞུས་སྐབས། གང་ཡོང་ཅི་ཡོང་གནང་བ་ཡིན་ན། གཞིས་ཆགས་སྲ་བརྟན་དེ་སྲོལ་རྒྱུན་དང་མཐུན་པའི་འབྲོག་པ་སྐྱོང་རྒྱུ་དང་། བཀའ་དྲིན་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག སླེ་ཁུལ་ལ་མཚོན་ན་ལས་མེད་རེད། ང་ཚོའི་དམིགས་བསལ་ཤེས་ཀྱི་མི་འདུག མཁས་དབང་གོ་བསྡུར་གྱི་ཐོག་ནས་གང་དགའ་ཇི་ལེགས་ཤིག་གནང་རྒྱུ་དང་རིག་པ་སྒྲིམ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག

དྲི་བ། ལ་དྭགས་ནང་ཡོད་པའི་བོད་པའི་གཞོན་སྐྱེས་ཚོས་བོད་པའི་སྐད་ཡིག་གཙོས། ཆོས་དང་རིག་གཞུང་ལ་དོ་སྣང་གང་འདྲ་འདུག་གམ།

ལན། ང་རང་གཞིས་ཆགས་གང་སར་གཞུང་སྒེར་གྱི་དོན་དུ་འགྲོ་བསྡད་ཀྱི་ཡོད། དེ་དག་དང་བསྡུར་ན་ཡག་པོ་འདུག་བསམ་བསྡད་ཡོད། གཙོ་བོ་དྲིན་ཆེན་ཕ་མའི་བསླབ་བྱ་དང་གཤིས་ཀ ལམ་སྟོན་བཅས་ཁག་ཅིག་གིས་བསླབ་ནས་སྦྱོང་བ་དང་ཁག་ཅིག་བལྟས་ནས་སྦྱོང་རྒྱུ་རེད། འདི་གའི་མི་མང་རེ་ཟུང་མ་གཏོགས་ཧ་ཅང་ཉམས་ཆུང་རེད། དེ་ནས་བོད་དང་ཉེ་བོ་ཡོད་པ་དང་། སྔོན་མའི་གོམས་གཤིས་སོགས་འདི་གའི་མི་ཚང་མའི་སྐད་དང་བཅས་བ་འབྲོག་པ་འདྲ་བོ་ཡོད་པ་རེད། སྐྱབས་བླ་མ་དཀོན་མཆོག་ལ་བཅོལ། གྲོ་དྲིན་ཆེན་ཕ་མར་དྲིས་ཟེར་བ་ལྟར་བཟང་སྤྱོད་ཀྱི་འགྲོ་སྟངས་ཕ་མས་རྒྱུན་ཆགས་ཡག་པོ་གཞོན་སྐྱེས་ཚོར་འཇགས་ཡོད་པ་རེད། དེའི་ཐོག་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ག་ས་གང་དུ་སློབ་སྦྱོང་བྱས་ཏེ། འདིར་སྤྱི་བའི་ལས་ཀ་བྱས་འགན་འཁུར་བའི་རིགས་མང་པོ་ཡོད། སྐད་ཡིག་ཐོག་ནས་བོད་ནང་དང་གཞན་པར་བསྡུར་ཐབས་མེད་ཀྱང་། གཞིས་ཆགས་ཀྱི་མི་མང་དཀྱུས་མའི་ངོས་ནས་བོད་སྐད་ནང་བསྲེས་ལྷད་སོགས་ཀྱི་རིགས་མེད་པར། སྤོབས་པ་ཆེན་པོས་རང་གི་སྐད་དང་ཡི་གེར་དོ་སྣང་ཤུགས་ཆེན་པོ་ཡོད།

དྲི་བ། ལ་དྭགས་ནང་ལ་དྭགས་ཡོངས་ཀྱི་ནང་པའི་ཚོགས་པ་དབང་ཆ་ཆེ་ཤོས་སུ་བགྲང་གི་འདུག ཁོང་ཚོའི་ངོས་ནས་བོད་མི་ཚོར་དམིགས་བསལ་མཐུན་འགྱུར་དང་རོགས་རམ་ག་རེ་གནང་གི་འདུག་གམ།

ལན། དེར་ལྟ་ཚུལ་གཉིས་ཡོད་པ་རེད། ལྟ་ཚུལ་གཅིག་ཚོགས་པ་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེད། ཇམ་མུ་ཀ་ཤི་མུར་མངའ་སྡེའི་ནང་བརྒྱ་ཆ་ ༧༠ ནང་པ་རེད། བོད་པ་ནང་པ་རེད། ང་ཚོའི་གཞིས་ཆགས་ཐོག་མར་མགོ་འཛུགས་གནང་སྟེ་ས་ཆ་ཁག་སོ་སོར་བཀྲམས་འགྲོ་སྐབས། ནང་པའི་བླ་སྦྲུལ་ཁང་གིས་ང་ཚོ་ཆོས་དང་རིག་གཞུང་གཅིག་པ་ཡིན་སྟབས། འདིར་བཞུགས་ན་ཡག་པོ་ཡོད་པ་རེད་ཅེས་ཞུས་ཏེ་ཚུགས་ཡོད་སྐོར་མི་རྒན་པ་ཚོས་གསུང་གི་འདུག ཆོས་དང་སྐད་ཡིག་གཅིག་པ་ཡིན་པའི་ཆ་ནས་ང་ཚོ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ནས་བཟུང་སྟེ་ལས་ཀ་མང་ཆེ་བ་མཉམ་རུབ་ཀྱིས་བྱེད་ཀྱིན་པ་རེད། ཁོང་ཚོའི་ལས་གཞི་གང་ཡོད་པ་དེར་ང་ཚོ་མཉམ་རུབ་བྱེད་ཐུབ་པའི་གནས་བབ་ཆགས་ཀྱི་ཡོད་མ་རེད། གང་ཡིན་ཞེ་ན། ད་ལྟ་ང་ཚོ་ཆབ་སྲིད་གནས་བབ་ཀྱི་ཆ་ནས་བཙན་བྱོལ་བ་རེད། ཁོང་ཚོ་ཡུལ་ཡོད་མཁན་རེད། ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་ཐོག་ལ་ང་ཚོ་མཉམ་རུབ་བྱེད་ཐུབ་ཀྱི་མ་རེད་ལ། བྱེད་ཀྱི་མ་རེད། ཆོས་ཕྱོགས་ནས་དགོན་ཚོགས་དང་ནང་ཚོགས་གཉིས་ཀྱི་ཆོས་ཕྱོགས་ཀྱི་ལས་གཞི་ཁག་ནང་མཉམ་ཞུགས་བྱེད་ཀྱི་ཡོད། གཅིག་ཕན་གཅིག་གྲོགས་ཞེས་ཡིག་ཆ་སོགས་དཀའ་ངལ་དང་རྙོག་གྲ་གང་ཡིན་ཡང་། གཞུང་འབྲེལ་མིན་པའི་རིགས་ཞུས་ན་རྒྱབ་སྐྱོར་གནང་གི་རེད། ཡིན་ནའང་། གང་ཟག་སྒེར་བ་སོ་སོས་འབྲེལ་བ་བྱེད་ཕྱོགས་ཀྱི་ཐོག་ནས་འགྲིག་མ་འགྲིག་གི་གནས་ཚུལ་ཡོང་སྲིད་པ་རེད། ལས་ཁུངས་དང་ལས་འགན་འཁུར་མཁན་གྱི་གནས་བབ་ཐོག་ནས་འབྲེལ་ལམ་བྱས། ལས་ཀ་ཞིག་གི་ཐོག་རྒྱབ་སྐྱོར་བྱེད་དགོས་པའི་གནས་བབ་བྱུང་ན། དང་པོར་ཐོན་ནས་ཕྱག་ལས་གནང་གི་རེད།

དྲི་བ། ལ་དྭགས་སླེ་རྫོང་དང་ལྕོག་ལམ་སར་བོད་མིའི་ཁྲོམ་ས་དང་ཚོང་ཁང་ག་ཚོད་ཡོད།

ལན། རྒྱལ་ས་སླེ་རུ་བོད་མའི་ཁྲོམ་ས་ཁག་གཉིས་ཡོད་པ་རེད། ད་དུང་ཁ་འཐོར་གྱི་རིགས་དེ་འདྲ་ཡང་ཡོད་པ་རེད། ལྕོག་ལམ་སར་བོད་མིར་དམིགས་བསལ་གྱི་ཁྲོམ་ས་དེ་འདྲ་ཡོད་མ་རེད། བོད་པའི་ཚོང་ཁང་ཆུང་ཆུང་གི་རིགས་རྒྱ་ཤོག་ཁག་ཡོད་ས་ཚང་མར་ཡོད་རེད། དེ་མིན་གྱི་ས་གནས་ཁག་ནང་དམིགས་བསལ་གྱི་ཁྲོམ་ས་དེ་འདྲ་ཡོད་མ་རེད།

དྲི་བ། གོ་ཐོས་ལ་ཡུལ་མིའི་ཁྲོད་བོད་མི་ཚོར་ལྟ་སྟངས་འཛིན་མཁན་མང་པོ་ཡོད་པའི་གནས་ཚུལ་འདུག དེ་གཙོ་གང་ལ་བརྟེན་ནས་བྱུང་བ་རེད་དམ།

ལན། གནས་ཚུལ་དེ་བདེན་པ་རེད། མི་གཉིས་ཡོད་པ་ཡིན་ན། གཉིས་ཀས་ཚོང་དང་ལས་ཀ རླངས་འཁོར་གཏོང་བ་སོགས་ཡོང་སྒོ་གཅིག་མཚུངས་ཡིན་ཡང་། མི་ཀ་བ་དེ་ཚང་མ་ཕྱིར་བཏོན་ཡོང་མཁན་ཞིག མི་ཁ་བ་དངུལ་ཁང་སོགས་སུ་གསོག་སྒྲུབ་བྱེད་མཁན་ཞིག གཉིས་ཀ་གཅིག་པ་ཡིན་ཡང་། ཕར་ཕྱོགས་དེས་མིག་ལ་མི་མཛེས་པ་མང་པོ་ཞིག་བྱེད་ཡོང་སྐབས། མ་བདེ་བ་ཡོང་གི་ཡོད་རེད། ཡུལ་མི་ཚོར་དངུལ་མེད་པ་དེ་འདྲ་མ་རེད། ས་ཆ་དང་ཞིང་། ཁང་པ་བཅས་ཀྱི་བདག་པོ་ཁོང་ཚོ་རེད། ང་ཚོ་འགྲོ་སྲོལ་དོད་པོ་དེ་འདྲ་ཡོད་མ་རེད། ང་ཚོ་གང་ཡོད་པ་དེ་ཕྱིར་བཏོན་དེ་ཟིང་ཟིང་མང་པོ་བྱེད་ཡོང་སྐབས། ཡུལ་མི་ཁོ་ནར་མིན་པར་བློ་གཟུར་དུ་གནས་མཁན་ཞིག་གིས་བལྟས་ཀྱང་། འདྲ་མ་ཆགས་པ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་འདྲའི་གནས་ཚུལ་ཡོང་བསྡད་ཀྱི་ཡོད་པ་རེད། དཔེ་མཚོན་ཙམ་ཞུས་ན། ང་ཚོ་དང་ཡུལ་མི་གཉིས་ཀར་རླངས་འཁོར་གཅིག་མཚུངས་ཡོད་ཀྱང་། ང་ཚོའི་གཏོང་སྟངས་དེ་བྲེལ་བ་མེད་ཀྱང་བྲེལ་བ་ཡོད་མདོག སྐད་ཆེན་པོ་རྒྱག་མི་དགོས་ཀྱང་རླངས་འཁོར་གྱི་བརྡ་ཆེན་པོ་བརྒྱབ། སྦག་སྦག་ཡིན་ནའང་། བཟོ་གྲྭས་བཟོས་པ་དེར་བཟོ་བཅོས་བརྒྱབ་ཏེ་སྐད་ཆེན་པོ་བཟོས་པ་དེ་འདྲའི་ཐོག་ནས་མིག་ལ་མ་མཛེས་ཆགས་འགྲོ་གི་འདུག དེ་འདྲའི་ཐོག་ཕར་ཕྱོགས་ནས་བཀྱག་བཀྱག་བྱེད་ཀྱི་འདུག་བསམ་པ་དང་། ངོམས་ཀྱི་འདུག་བསམ་པའི་གནས་ཚུལ་ཐོག་ནས་རྙོག་གྲ་དེ་འདྲ་མང་པོ་ཡོང་བསྡད་ཀྱི་འདུག དེ་འདྲའི་ཐོག་ང་ཉེན་རྟོག་ལས་ཁུངས་ལ་ཐེངས་མང་པོར་འགྲོ་དགོས་ཐུག་སོང་ལ། མངའ་སྡེ་དང་རྫོང་གི་དཔོན་རིགས་མཉམ་དེ་འདྲའི་སྐོར་མང་པོ་བཤད་དགོས་ཐུག་སོང་། ང་ཚོའི་ངོས་ནས་ཚོགས་འདུ་ནམ་ཚོགས་ལ་༸གོང་ས་མཆོག་གིས་ཡུལ་མི་དང་མཐུན་ལམ་གནང་དགོས་པའི་སྐོར་གྱི་ བཀའ་སློབ་དྲན་སྐུལ་དང་འབྲེལ་ཏེ་རེ་སྐུལ་ཡང་ཡང་གནང་གི་ཡོད།

དྲི་བ། ལ་དྭགས་ཡུལ་མི་ཚོས་༸གོང་ས་མཆོག་མ་གཏོགས། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་མི་མང་ལ་ལྟ་ཚུལ་ཡག་པོ་མེད་པའི་སྐད་ཆ་བཤད་མཁན་འདུག ཁྱེད་རང་ལ་དེ་འདྲའི་ཚོར་སྣང་བྱུང་མྱོང་ངམ།

ལན། དེར་ལྟ་ཚུལ་གཉིས་ཡོད་པ་རེད། ང་འདིར་བསྡད་ཀྱི་ཡོད་པ་རེད། སྒེར་གྱི་གྲོད་ཁོག་ཆེད་ལས་ཀ་བྱས་ནས་བསྡད་པ་ཡིན། ས་གནས་མགོ་འཛིན་གྱི་ལས་ཀ་བྱས་ནས་ལོ་གང་འཚམ་བསྡད་པ་རེད། དཔེར་ན། ངེད་གཉིས་དེ་རིང་ཐུག་པ་རེད། ཁྱེད་རང་གིས་ང་གང་འདྲ་མཐོང་གི་ཡོད་མེད་དང་། ངས་ཁྱེད་རང་གང་འདྲ་མཐོང་གི་ཡོད་མེད་ཤེས་ཀྱི་ཡོད་མ་རེད། དང་པོ་ངོ་ཤེས་དང་མ་ཤེས་ཀྱི་གནས་སྟངས་ཐོག་ནས་གཅིག་རེད། དྲང་པོར་ཞུས་ན། དང་པོ་མི་འདྲིས་ཁག་པོ་ཡོད་པ་རེད། འདྲིས་པ་ཡིན་ན་ཡག་པོ་ཡོད་པ་རེད། གཅིག་ནས་འབྲེལ་བ་བྱེད་མ་བྱེད་རེད། འབྲེལ་བ་ཡོད་ན་ཕན་ཚུན་ཧ་གོ་ནས་ངོ་ཤེས་ཡོང་མིན་གྱི་གནས་སྟངས་རེད་བསམ་གྱི་འདུག ང་རང་གི་ངོས་ནས་འདྲིས་པ་ཡིན་ན་ཡག་པོར་མཐོང་གི་ཡོད། མ་འདྲིས་ན་བོད་པ་ཡིན་ཡང་མི་གཞན་གྱིས་དེ་འདྲ་མཐོང་གི་ཡོད་པ་རེད། བོད་པ་དང་ལ་དྭགས་བྱེད་སྟངས་ཀྱི་ཆ་ནས་མིའི་གཤིས་ཀ་འདྲ་བོ་ཡོད་རེད། ཆོས་དང་རིག་གཞུང་གི་གནད་དོན་གཅིག་རེད། མི་རིགས་གནད་དོན་ཡང་ས་མཚམས་ཤིག་ལས་འདྲ་བོ་རེད། ང་ཚོས་ཕར་དེ་འདྲ་མཐོང་བ་ནང་བཞིན། ཚུར་དེ་འདྲ་མཐོང་གི་ཡོད་པ་རེད། གཤིས་ཀ་འདྲ་བོ་ཡོད་རེད། འདྲིས་པ་ཡིན་ན་ཕན་ཚུན་ཧ་གོ་བའི་གནས་ཚུལ་དེ་འདྲ་ཡོང་བསྡད་ཀྱི་ཡོད་པ་རེད་ཞུ་རྒྱུ་ཡིན། ༸གོང་ས་མཆོག་མ་གཏོགས་བརྩི་གི་མི་འདུག་ཅེས་པ་དེ་ཁ་ཤས་ཀྱི་ཚོར་སྣང་ལ་ཡོང་ཡོད་སྲིད་པ་རེད། བཤད་མཁན་ཡང་ཡོང་བསྡད་ཀྱི་རེད། ངས་བལྟས་པ་ཡིན་ན། ང་ཚོའི་ལས་ཁུངས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་རེད། ད་ལྟའི་བར་ང་ཚོའི་ལས་ཁུངས་ལ་མཐོང་ཆུང་དང་ཁྱད་གསོད་བཏང་བའི་ཚོར་སྣང་བྱུང་མ་སོང་། ཁོང་ཚོའི་ངོས་ནས་ང་ཚོའི་ལས་ཁུངས་ལ་བརྩི་བཀུར་གནང་གི་རེད། སྒེར་བའི་གནས་སྟངས་ཐོག་མར་ཕབ་ཡོང་སྐབས། སྤྱི་ཡོངས་ཀྱི་བོད་མི་རེད་ཅེས་འཁུར་དགོས་པ་ཡོད་མ་རེད། མཐོང་ཆུང་གཏོང་དགོས་པ་ཡང་ཡོད་མ་རེད། དེ་མང་པོ་ཞིག་མི་དང་མིའི་འབྲེལ་བ་དང་། ལྟ་ཕྱོགས་མཐོང་ཕྱོགས་ཀྱི་ཐོག་ནས་རེད། འདིར་བོད་པ་ཚོ་ཡང་སྤྱོད་པ་རྩུབ་པོ་ཡོད་པ་རེད། རྩུབ་པོ་དང་རྩུབ་པོ་ཐུག་ན་འཁོན་འཛིན་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། ང་རང་གི་བལྟས་པ་ཡིན་ན་བོད་པ་ལ་མཐོང་ཆུང་གི་གནས་ཚུལ་དེ་འདྲ་ཡོད་མ་རེད། གཅིག་གིས་གཅིག་ལ་བསམ་ཤེས་དང་མི་དང་མིའི་འབྲེལ་ལམ་བྱེད་པ་ཡིན་ན། འདི་གཅིག་པུ་མ་རེད། ས་ཆ་གང་ཡིན་ཡང་། འབྲེལ་ལམ་ཧ་ཅང་གལ་ཆེན་པོ་རེད། སྐད་ཆར་བཤད་སྟངས་ཡོད་རེད། ཁྱེད་ཀྱི་བཤད་པ་ལྟར་ཡུལ་མིས་བོད་མི་ཚོར་ཤོར་པོ་ལབ་ན། ང་ཚོ་ཤོར་ནས་བསླེབ་པ་རེད། ང་རང་གིས་བལྟས་ན་དེར་མ་འགྲིག་པ་མི་འདུག་བསམ་གྱི་འདུག ཕར་ཕྱོགས་ལའང་གཅིག་ལབ་ཀྱི་ཡོད་པ་རེད། ཕར་ཡག་པོ་མེད་ན་ཚུར་ཡག་པོ་ཡོང་གི་མ་རེད། ང་ལ་དེ་འདྲའི་གནས་ཚུལ་མང་དག་ཅིག་ཡོང་གི་ཡོད། ངས་ཁ་ཐུག་ཐག་གཅོད་དང་། ཚོགས་འདུ་སོགས་ཀྱི་ལམ་ནས་ཐག་གཅོད་གནང་གི་ཡོད། ང་ཚོའི་བོད་པ་ཚོ་ཞེ་སྣང་ཚ་བོ་འདུག མི་ཁ་ཤས་ལས་ཁུངས་ནང་ཡོང་སྟེ་སྐད་ཆ་བཤད་སྐབས་ཞེ་སྣང་ཚ་བོ་དེ་འདྲ་འདུག དེ་དག་མང་ཆེ་བ་དཔལ་འབྱོར་དང་དཔུང་། སློབ་སྦྱོང་ཡོད་ཟེར་མཁན་དེ་འདྲ་རེད། མི་མང་དཀྱུས་མ་དེ་འདྲ་རྩ་བ་ཉིད་ནས་མ་རེད།

 གསར་འགོད་པ་དོན་གོས་ལ་དྭགས་རྒྱལ་ས་སླེ་ནས།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. སྟོབས་འབྱོར། says:
    ལོ་ 11 སྔོན།

    བཅར་འདྲི་ཡག་པོ་བྱས་འདུག གཞིས་འགོ་མཆོག་གིས་དཀའ་བ་ཁྱད་བསད་ཀྱིས་ལ་དྭགས་ས་ཁུལ་གྱི་བོད་པ་ཚོའི་གནས་སྟངས་ཡར་རྒྱས་ཡོང་ཐུབ་ལ་ཤུགས་རྒྱག་དགོས། ལ་དྭགས་དེ་བཙན་བྱོལ་བོད་པའི་ས་གནས་ཁག་གི་གཞས་ཆགས་ཁག་གཞན་དང་མ་འདྲ་བ་ཞིག་ཡིན། ས་ཆའི་མཐུན་རྐྱེན་དང་གནས་སྟངས་སོགས་སྐྱོ་བོ་ཡོད་པ་རེད། གཞོན་སྐྱེས་ལས་མེད་མང་པོ་ཡོད་པ་དེར་བོད་གཞུང་གིས་ཐབས་ཤཻས་གནང་དགོས་པ་རེད། གལ་སྲིད་ལ་དྭགས་ནང་བཟོ་གྲྭ་འདྲ་འཛུགས་ཐུབ་ན་གཞིས་ཆགས་ཁག་གཞན་ལས་གཞོན་སྐྱེས་ཚོས་ལས་ཀ་ཡག་པོ་བྱེད་གི་རེད་།

    Reply
  2. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    (དཀའ་ལ་ཆེ་ཤོས་) (ས་ཐོ་ལག་འཛིན) འདི་དག་བོད་སྐད་རེད་དམ་རྒྱ་སྐད་རེད། འདི་ནི་ཁ་བྱང་ནང་གི་ཡིག་ནོར་རེད། གཞན་མ་བཤད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese