ཁ་སང་ཐའེ་ཝན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་མི་ ༤༨ རྐྱེན་འདས་དང་མི་ ༡༡ ལ་རྨས་སྐྱོན་ཕོག་ཡོད་འདུག
ཁ་སང་ཕྱི་དྲོ་ཐའེ་ཝན་གྱི་ཆུ་ཚོད་ ༧ པ་ཙམ་ལ། ཐའེ་ཝན་གྱི་འགྲུལ་སྐྱེལ་གནམ་གྲུ་ཨང་ ༧༢ པ་གྲོང་ཁྱེར་ཀོ་ཞོང་ནས་ཕུན་ཧུའུ་རྫོང་དུ་འཕུར་སྐབས། ཕུན་ཧུའུ་རྫོང་ཧུའུ་ཞི་གྲོང་ཚོའི་ནང་བརྡབ་སྐྱོན་བྱུང་སྟེ། གྲོང་མིའི་སྡོད་ཁང་སོགས་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། འགྲུལ་བ་ ༥༤ དང་ཁ་ལོ་བ་སོགས་ལས་བྱེད་ ༤ བཅས་ཁྱོན་མི་གྲངས་ ༥༨ ཡོད་པའི་ནང་ནས་མི་ ༤༨ རྐྱེན་འདས་དང་། མི་ ༡༡ ལ་རྨས་སྐྱོན་ཆེན་པོ་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཐེངས་འདིར་རྐྱེན་འདས་ཕྱིན་པའི་ནང་ཧུའུ་ཞི་གྲོང་ཚོའི་མི་ ༣༠ ལྷག་ཡོད་འདུག
ཐའེ་ཝན་མཁའ་འགྲུལ་ཁང་གི་མགོ་ཁྲིད་ཁྲིན་ཅི་ཡིས་གསར་ལམ་དུ། ཐའེ་ཝན་མཁའ་འགྲུལ་བདེ་འཇགས་ཞིབ་འཇུག་ཁང་གིས་སྐབས་དེའི་གནམ་གཤིས་ཀྱི་གནས་བབ་དང་འབྲེལ་ཡོད་རྒྱུ་ཆ་ལ་རྟོག་ཞིབ་བྱེད་བཞིན་ཡོད་ལུགས་བརྗོད་འདུག་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༢ ནས་བཟུང་ཐའེ་ཝན་གྱི་མཚོ་ཁུལ་ཁག་ཅིག་ཏུ་མཚོ་རླུང་མཱ་ཌེ་མཱ་ (Matmo) ཞེས་པ་ཞིག་ལྡང་བ་དང་དྲག་ཆར་བབས་ཏེ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་སྟབས། འགྲུལ་སྐྱེལ་གནམ་གྲུ་དེ་ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤།༥༣ ཐོག་འཕུར་གཏན་འཁེལ་ཡོད་ཀྱང་། གནམ་གཤིས་ཀྱི་རྐྱེན་གྱིས་ཆུ་ཚོད་ ༢ ཙམ་ལ་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་འདུག
གསར་འགོད་པ། པདྨ་མཚོ།