མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་མོ་རྩིས་གསུམ་དང་འཕྲིན་བཅོལ་ལ་བརྟེན་པའི་བོད་པའི་ཚོང་བ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གྲྭར་སྤྱི་ཚོགས་ཡར་རྒྱས་ལག་ལེན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་བཞིན་པའི་ཚེ་དབང་རིག་འཛིན་ལགས་ཀྱིས་དབྱར་ཁའི་གུང་སེང་དང་བསྟུན་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཆེད་གཉེར་ཚོང་ལས་སྐོར་ལ་ཞིབ་འཇུག་བྱས་ཡོད་སྟབས། གསར་འགོད་པས་ཁོང་ལ་བོད་པའི་ཆེད་གཉེར་ཚོང་ལས་སྐོར་ལ་བཅར་འདྲི་ཞུས།

དྲི་བ། ཐོག་མར་ཁྱེད་རང་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།

ལན། ང་ ༡༩༩༢ ལོར་བོད་ནས་རྒྱ་གར་དུ་བསླེབས་ཏེ་དྷ་སྟེང་བོད་ཁྱིམ་ནས་འཛིན་རིམ་ ༡༢ བར་སློབ་སྦྱོང་བྱས་པ་ཡིན། ༢༠༠༤ ལོར་རྒྱ་གར་ལྷོ་ཕྱོགས་མན་ལོར་ (Mangalore) གྲོང་ཁྱེར་ནང་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་ཀྱི་རིག་གནས་རབ་འབྱམས་དང་གཙུག་ལག་རབ་འབྱམས་ཐོག་སློབ་སྦྱོང་ཐོན་རྗེས། ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཞིག་ཏུ་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་ཐོག་ལས་ཀ་ལོ་ ༣ རིང་བྱས་པ་ཡིན། ༢༠༡༣ ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ནེའུ་ཡོག་བོད་ཀྱི་ཐེབས་རྩ་བརྒྱུད་ནས་ཨ་རིའི་སློབ་ཡོན་རག་ཏེ་ད་ལྟ་ཨེ་མོ་རེ་གཙུག་ལག་སློབ་གྲྭའི་ནང་སྤྱི་ཚོགས་ཡར་རྒྱས་ལག་ལེན་སྐོར་ལ་སློབ་སྦྱོང་བྱེད་བཞིན་ཡོད།

དྲི་བ། རྒྱ་གར་ནང་གི་བོད་རིགས་ཚོང་ལས་ཆེད་གཉེར་བ་ཚོར་མ་རྩ་དང་ཁྲིམས་ཐོག་ནས་དཀའ་ངལ་གང་དག་འཕྲད་ཀྱི་འདུག

ལན། འཛམ་གླིང་དངུལ་ཁང་གིས་ ༢༠༠༩ དང་ ༢༠༡༢ ལོར་ཆེད་གཉེར་ཚོང་ལས་ཆུང་ཙག་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་དང་། ཁོང་ཚོས་འཛམ་གླིང་ཡོངས་ཀྱི་ཆེད་གཉེར་ཚོང་ལས་པའི་དཀའ་ངལ་ཆེ་ཤོས་མ་རྩ་འཛུགས་མཁན་མེད་པ་དང་། དངུལ་ཁང་ཁག་གིས་དངུལ་གཡར་གཏོང་མི་བྱེད་པ་སོགས་ཡིན་ཚུལ་བསྒྲགས་ཡོད་པ་རེད། སྦྱིར་ཚོང་ལས་ཆུང་ཙག་རིགས་ལ་མ་རྩ་ཆེན་པོ་མི་དགོས་པར་ཁེ་སང་ཆེན་པོ་ཡོད། དེ་བཞིན། ངས་བཙན་བྱོལ་ནང་གི་བོད་རིགས་ཆེད་གཉེར་ཚོང་ལས་སྐོར་ལ་བལྟས་ཡོང་སྐབས། ཆེད་གཉེར་ཚོང་ལས་བྱེད་མཁན་རིགས་ལ་དངུལ་གཡར་བ་དང་ཁྲིམས་མཐུན་ཚོང་ལས་དེབ་སྐྱེལ་བྱེད་པར་དཀའ་ངལ་ཆེ་ཤོས་ཆགས་འདུག ངས་སྔོན་ཆད། བོད་པའི་ཚོང་པ་ཚོས་གཞུང་ལ་དེབ་སྐྱེལ་མི་བྱེད་པའི་རྒྱུ་མཚན་ཁྲལ་དང་ཁྲིམས་དོན་གྱི་འགན་སོགས་ལ་གཡོལ་ཆེད་ཡིན་རྒྱུ་རེད་བསམ་སོང་། འོན་ཀྱང་བསམ་ཚུལ་དེ་ཏག་ཏག་བསྡད་མི་འདུག མང་པོ་ཞིག་གིས་སོ་སོའི་ཚོང་ལས་གཞུང་ལ་དེབ་སྐྱེལ་བྱེད་སྟངས་ཤེས་ཀྱི་མེད་པ་དང་། དེའི་ཁེ་ཕན་སོགས་ཧ་གོ་མེད་པ་ཁག་ཡོད་པ་མ་རེད། དེབ་སྐྱེལ་ལ་རིགས་བདུན་བརྒྱད་ཡོད་དུས་ལས་ཁུངས་མང་པོ་བརྒྱུད་དགོས་པ་དང་། ལྷག་པར་དུ་རྒྱ་གར་གྱི་ལས་བྱེད་ཚོས་སང་ཉིན་དང་གནངས་ཉིན་ཤོག་ཟེར་ནས་འགྱངས་འགྲོ་བ་སོགས་ཀྱི་དཀའ་ངལ་འོག་ལྷག་འདུག

རྒྱ་གར་གྱི་ཆེད་གཉེར་ཚོང་ལས་ཆུང་ཙག་རིགས་ཀྱི་ཁྲིམས་གཞི་ (MSMED)ཞེས་པ་ལྟར་ན། དེའི་ཁོངས་སུ་མ་རྩ་ཧིན་སྒོར་འབུམ་ ༡༠༠ ཡི་འོག་ཏུ་མི་བཅུ་ཙམ་གྱིས་མ་རྩ་བཙུགས་ཡོད་པའི་ཚོང་ལས་ཞིག་ཡིན་དགོས་པ་དང་། བོད་པ་མང་ཆེ་བ་ཚོང་ལས་ཙག་ཙིག་རིགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། གཞུང་ལ་དེབ་སྐྱེལ་བྱས་ན་གཞུང་གི་ཁེ་ཕན་མང་པོ་ཞིག་ལེན་ཐུབ་ཀྱི་ཡོད། དཔེར་ན། དེ་སྔོན་རྒྱ་གར་ཀོང་རེ་སི་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་ནང་ཡོད་པའི་བོད་རིགས་སྐྱབས་བཅོལ་པ་ཚོར་རྒྱ་གར་དབུས་གཞུང་གི་མི་མང་ལ་རོགས་སྐྱོར་ལས་གཞི་གང་གནང་གི་ཡོད་པ་ཚང་མ་ཐོབ་ཀྱི་ཡོད་པ་དང་། དངུལ་ཁང་སོགས་ནས་བུ་ལོན་ལེན་ཆོག་པའི་བཀའ་ཁྱབ་ཅིག་བཏང་འདུག སོ་སོའི་ཚོང་ལས་གཞུང་ལ་དེབ་སྐྱེལ་བྱས་ཡོད་ན་ཐོབ་ཐང་དེ་དག་ལེན་པར་ཁྱད་པར་ཆེན་པོ་ཡོད་པ་རེད།

དྲི་བ། ཚོང་ལས་རིགས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་པར་རིགས་བདུན་བརྒྱད་ཅིག་ཡོད་ཟེར་བ་དེ་གང་དག་ཡིན་པ་དང་། དེ་དག་གི་གཞི་རྩའི་ཆ་རྐྱེན་དང་། ཐོག་མའི་འགྲོ་ལུགས་སོགས་གང་འདྲ་ཡོད་དམ།

ལན། དེའི་སྐོར་ངས་ཇི་མ་ཇི་བཞིན་བཤད་ཐུབ་ཀྱི་མེད། དཔེར་ན། ཚོང་ཁང་དེབ་སྐྱེལ་དང་ཚོང་ཁང་གི་དཔྱ་ཁྲལ་དེབ་སྐྱེལ། བཟོ་ལས་ཐོན་སྐྱེད་རིགས་ཀྱི་གླ་མི་དེབ་སྐྱེལ། ཚོང་ལས་ཆུང་ཙག་རིགས་ནང་གི་བཟོ་ལས་ཐོན་སྐྱེད་ཡིན་ན། ཁང་པའི་ཆེ་ཚད་དང་ཁང་པའི་ནང་གི་གློག་དང་གསང་སྤྱོད་སོགས་ཀྱི་ཆ་རྐྱེན་ཚང་དགོས་པ་རེད།

དྲི་བ། བོད་རིགས་ཆེད་གཉེར་ཚོང་ལས་ཆུང་ཙག་བྱེད་མཁན་ཚོས་རྒྱ་གར་གྱི་མི་སེར་ཡིན་མིན་ཐོག་ནས་ཚོང་ལས་དེབ་སྐྱེལ་བྱེད་པར་ཁྱད་པར་ཡོད་དམ།

ལན། སྦྱིར་བཏང་བོད་པ་ཚོས་རྒྱ་གར་ནང་ག་རེ་བྱེད་ཆོག་པ་དང་ག་རེ་བྱེད་མི་ཆོག་པའི་སྐོར་གསལ་བོ་ཞིག་ཁྱོན་ནས་ཡོད་པ་མ་རེད། ཁ་ཤས་ཀྱིས་བོད་པ་ཚོས་རྒྱ་གར་ནང་འོས་བསྡུའི་ཐོབ་ཐང་དང་འོས་མིར་ལངས་པའི་ཐོབ་ཐང་མེད་པ་མ་གཏོགས་ཚང་མ་བྱེད་ཆོག་པ་རེད་ཟེར་གྱི་ཡོད་པ་རེད། ད་ལྟའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དོན་དངོས་ཐོག་བོད་པ་ཚོས་རྒྱ་གར་ནང་ག་རེ་བྱེད་ཆོག་མིན་མིན་སྐོར་ལ་་གསལ་བོ་བཟོ་བའི་ཕྱག་ལས་གནང་དང་གནང་བཞིན་ཡོད་པ་རེད། ཚོང་ལས་དེབ་སྐྱེལ་བྱེད་པར་རྒྱ་གར་མི་སེར་དང་བོད་པ་སུ་ཡིན་ལ་ཁྱད་པར་ཡོད་པ་མ་རེད། ལྡི་ལི་དང་བྷིང་ལོར་སོགས་སུ་ཚོང་ལས་ཆེན་པོ་གཉེར་མཁན་བོད་པ་མང་ཆེ་བས་དེབ་སྐྱེལ་བྱས་འདུག ཁོང་ཚོར་མཚོན་ན་དེབ་སྐྱེལ་མ་བྱས་པར་ཧ་ལམ་ཚོང་ལས་བྱེད་ཐབས་མེད་པ་འདྲ་བོ་འདུག

དྲི་བ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མ་རྩ་ཆེན་པོ་མེད་པར་ཆེད་གཉེར་ཚོང་ལས་ཀྱི་ལམ་ཁ་ཡོད་དམ།

ལན། ཁྱེད་རང་ལ་ཚོང་ལས་བྱེད་པར་འདོད་པ་དང་འཆར་གཞི་ཡག་པོ་ཡོད་ན་ལམ་ཁ་ཡོད་པ་རེད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་ཀྱང་དངུལ་གཡར་བའི་ལས་འཆར་སྒྲིག་གི་ཡོད་པ་དང་། ད་ལོའི་ལོ་མཇུག་ཏུ་ཁོང་ཚོས་ཚོང་ལས་ཆུང་རིགས་བྱེད་མཁན་ཚོར་བུ་ལོན་གཏོང་འཆར་ཡོད་ས་རེད། ཚོང་ལས་འཆར་གཞི་ཡག་པོ་དང་དེའི་དམིགས་ཡུལ་གཙོ་བོ་སོ་སོའི་ཁེ་སང་མིན་པར་སྤྱི་ཚོགས་བདེ་དོན་སོགས་ཡིན་ན། གཞུང་དང་གཞུང་འབྲེལ་མིན་པའི་སྤྱི་ཚོགས་བདེ་དོན་ཚོགས་པ་དེ་ཚོས་ཁྱེད་ཀྱི་འཆར་གཞི་ལ་ཞིབ་འཇུག་བྱས་ཏེ། མ་རྩ་སྐྱི་གཡར་དང་རོགས་རམ་བྱེད་མཁན་མང་པོ་ཡོད། དེང་སང་འཛམ་གླིང་ནང་ཚོང་ལས་བྱེད་མཁན་ཆུང་རིགས་ལ་བུ་ལོན་གཏོང་བའི་དངུལ་ཁང་ལྟ་བུའི་ཚོགས་པའང་དར་ཁྱབ་འགྲོ་བཞིན་ཡོད། ད་ལྟ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་ཀྱང་ (TED) ཞེས་པའི་ལས་གཞི་གསར་པ་ཞིག་བཏོན་འདུག དེ་ཚོང་ལས་བསམ་བློ་ཡོད་མཁན་ཚོར་ཟབ་སྦྱོང་དང་མ་རྩ་གཡར་བ་སོགས་ཀྱི་འཆར་གཞི་ཡོད་འདུག

དྲི་བ། ད་ལྟའི་ཆར་རྒྱ་གར་ནང་བོད་རིགས་ཆེད་གཉེར་ཚོང་ལས་ཆུང་ཙག་རིགས་བྱེད་མཁན་གྱི་གནས་སྟངས་ག་འདྲ་ཡིན།

ལན། དབྱིན་ཡིག་གི་ཚིག་ (Entrepreneur )ཞེས་པའི་ཐ་སྙད་གཞིར་བཟུང་གིས་ཆེད་གཉེར་ཚོང་ལས་བོད་པའི་སྤྱི་ཚོགས་ནང་ཉུང་ཉུང་རེད། བོད་རིགས་ཚོང་ལས་བྱེད་མཁན་ཚོའི་ཁྲོད་ཚོང་ལས་ཤེས་ཚད་ཡོད་མཁན་ཞེ་དྲག་ཉུང་ཉུང་རེད། ངས་ཞིབ་འཇུག་བྱས་པ་ལྟར་ན། མི་ ༩༦ ནས་བརྒྱ་ཆ་ ༡༤ ཙམ་མ་གཏོགས་རིག་གནས་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་ཐོན་མཁན་མི་འདུག དཔེར་ན། དང་པོ་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་པའི་དཀའ་ངལ་དང་། ཁྲོམ་རྭའི་ནང་འགྲན་བསྡུར་གྱི་དཀའ་ངལ་སོགས་ཡོད་པ་རེད། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆེད་ལས་ཚོང་གཉེར་བ་གཞི་ནས་འཚར་ལོངས་འབྱུང་བཞིན་པའི་སྐབས་ལྟ་བུ་རེད།

དྲི་བ། རྒྱ་གར་ནང་བོད་རིགས་ཚོང་ལས་དོན་གཉེར་མཁན་ཚོར་གོ་སྐབས་ག་འདྲ་ཡོད་དམ།

ལན། རྒྱ་གར་ནང་ཚོང་ལས་ཆུང་ཙག་རིགས་གཉེར་མཁན་ཚོར་གོ་སྐབས་ཆེན་པོ་ཡོད་པ་རེད། ལས་ཀ་སྐྲུན་མཁན་མང་ཤོས་གཉིས་པ་ཚོང་ལས་ཆུང་ཙག་རིགས་ཆགས་ཡོད། ལྷག་པར་དུ་ཕྱིར་འདྲེན་ཚོང་ཟོག་གི་བརྒྱ་ཆ་ ༣༩ བཟོ་ལས་ཐོན་སྐྱེད་ཆགས་ཡོད། དེང་སང་རྒྱ་གར་འཛམ་གླིང་ནང་གི་ཁྲོམ་རྭ་ཆེ་ཤོས་གཉིས་པ་རེད། རྒྱ་གར་གྱི་མི་འབོར་འཕེལ་རྒྱས་ལ་བལྟས་ན་ ༢༠༣༠ ལོའི་ནང་རྒྱ་གར་འཛམ་གླིང་གི་ཁྲོམ་རྭ་དང་པོ་ཆགས་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་རེད། རྒྱ་གར་གྱི་ཁྲོམ་རྭར་ཆ་བཞག་ན། ཉམ་ཐག་དང་མི་སེར་དཀྱུས་མ། ཕྱུག་བདག་བཅས་ཚོང་རྭ་ལ་རབ་འབྲིང་མཐའ་གསུམ། ཁྲོམ་རྭ་ཁག་ཧ་ཅང་ཆེན་པོ་ཡོད་སྟབས། ཁྲིམས་མཐུན་དེབ་སྐྱེལ་བྱེད་ཐུབ་ཚེ་ཆེད་གཉེར་ཚོང་པ་ལས་ཚོང་ཆུང་ཙག་རིགས་བྱེད་མཁན་ཚོར་གོ་སྐབས་དང་ཁེ་ཕན་ཆེན་པོ་རག་པའི་གོ་སྐབས་ཡོད་པ་རེད།

དྲི་བ། ཁྱེད་ཀྱིས་རྒྱ་གར་ནང་ཆེད་ལས་ཚོང་ལས་ཡར་རྒྱས་གཏོང་ཐབས་ཡག་ཤོས་གང་མཐོང་གི་ཡོད།

ལན། གོང་དུ་བཤད་པ་ལྟར་རེད། ཐོག་མ་ཚོང་ལས་དང་འབྲེལ་བའི་ཁྲིམས་དང་སྒྲིག་གཞིའི་སློབ་སྦྱོང་དང་རྒྱུས་ལོན་གང་འཚམ་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོས་ཕུགས་རྒྱང་རིང་པོའི་ཐོག་ནས་ག་རེ་བྱེད་དགོས་ཀྱི་འདུག་ཟེར་ན། སློབ་གྲྭ་རིམ་པའི་ཚོང་ལས་སྡེ་ཚན་གྱི་སློབ་མ་ཚོར་ཆེད་གཉེར་ཚོང་ལས་ཀྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་རེད། རྒྱ་གར་དབུས་དངུལ་ཁང་གི་ཁྲིམས་དང་སྒྲིག་གཞི་མང་པོ་རྩི་དགོས་སྟབས་བོད་པ་ཚོས་དངུལ་ཁང་འཛུགས་ཁག་པོ་ཡོད་ཀྱང་། ཚོང་ལས་ཆུང་ཆུང་རིགས་ལ་དཔལ་འབྱོར་རོགས་སྐྱོར་བྱེད་པའི་ཚོགས་སྡེ་བཙུགས་ནས་རོགས་པ་བྱེད་ཐུབ་ན་ཡག་པོ་འདུག དེ་བཞིན། ཚོང་པ་ཚོར་ཚོང་ལས་སྐོར་གྱི་ཤེས་བྱ་དང་ཟབ་སྦྱོང་སོགས་སྤྲོད་སྐབས། རྒྱ་གར་ནང་དང་བོད་པའི་སྤྱི་ཚོགས་ཁོར་ཡུག་དང་འཚམ་པའི་ཤེས་བྱ་དང་ཉམས་མྱོང་རིགས་བོད་སྐད་ཐོག་ནས་སྤྲོད་རྒྱུ་གལ་ཆེན་པོ་རེད།

དྲི་བ། བོད་པའི་ཚོང་ལས་ཐོག་ཆོས་དང་རིག་གཞུང་གིས་ཁྱད་པར་བཟོ་བཞིན་ཡོད་དམ།

ལན། ནང་ཆོས་ལ་ཆ་མཚོན་ན། འཚོ་བ་ཡང་དག་ཟེར་བ་གལ་ཆེ་ཤོས་ཤིག་རེད། མ་རྩ་རིང་ལུགས་ཀྱི་ཚོང་རྭའི་ཁྲོད་འཚོ་བ་ཡང་དག་ཟེར་བ་ཞིག་མེད་པར་སོ་སོའི་འདོད་སེམས་སྐོང་དགོས་པ་དེ་རེད། དེ་གཉིས་ཀྱི་རྩ་བའི་ལྟ་གྲུབ་འགལ་བ་ཆགས་ཡོད། ངས་བོད་པ་ཚོར་ཚོང་ལས་ཀྱི་ཐག་གཅོད་བྱེད་དུས་མོ་དང་འཕྲིན་བཅོལ་བྱེད་ཀྱི་ཡོད་མེད་དྲིས་པར། མང་ཤོས་ཀྱིས་འཕྲིན་བཅོལ་བྱེད་བཞིན་ཡོད་པ་དང་མོ་རྒྱག་མཁན་བརྒྱ་ཆ་ ༣༠ ལྷག་འདུག ངས་ཚོང་པ་ཚོར་དཔེར་ན་ཁྱེད་རང་གིས་བསམ་བློའི་ནང་ཚོང་ལས་བྷིང་ལོར་བྱེད་འདོད་ཡོད་ཀྱང་མོ་ཡི་ནང་ལྡི་ལིར་ཡག་པོ་འདུག་ཟེར་ན་ག་རེ་བྱེད་རྒྱུ་ཡིན་མིན་དྲིས་པར། ཁོང་ཚོ་མང་ཆེ་ཤོས་ཀྱིས་མོ་ལྟར་ཤར་སྐྱོད་བྱེད་རྒྱུ་ཡིན་ཟེར། སྦྱིར་བཏང་ངས་མོ་ཡག་པོ་མ་རེད་ཞུ་ཡི་མེད། ཡིན་ནའང་མོ་ལས་ལྷག་པ་འཆར་གཞི་ཡག་པོ་བསྒྲིག་ཐུབ་ན་དེས་ཕན་ཐོགས་ཆེ་བ་ཡོང་གི་རེད་བསམ་གྱི་འདུག

དྲི་བ། ཁྱེད་རང་གིས་གུང་གསེང་སྐབས་བོད་མི་ཆེད་གཉེར་ཚོང་ལས་སྐོར་ལ་ཞིབ་འཇུག་བྱེད་དགོས་དོན་གང་ཡིན།

ལན། ང་ཚོའི་འཐབ་རྩོད་ཀྱི་སྙིང་པོ་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་དེ་རེད། དེ་སྲུང་སྐྱོབ་བྱེད་པར་གཙོ་བོ་སྤྱི་ཚོགས་ཡར་རྒྱས་གཏོང་དགོས་ཀྱི་ཡོད། སྤྱི་ཚོགས་ཡར་རྒྱས་གཏོང་བར་ཕྱིའི་རྒྱབ་སྐྱོར་ལ་གཏན་ནས་ཡར་རྒྱས་གཏོང་ཐབས་ཤིག་དང་། སྤྱི་ཚོགས་ནང་ལོགས་ཀྱི་ནུས་པ་གོང་འཕེལ་དུ་གཏོང་རྒྱུ་བཅས་རིགས་གཉིས་ཡོད། དེང་སང་འཛམ་གླིང་གི་མཁས་པ་མང་པོ་ཞིག་གིས་ཕྱིའི་རྒྱབ་སྐྱོར་ལ་བརྟེན་ནས་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ་དེ་ཡག་པོ་མེད་པའི་རྩོམ་ཡིག་དང་ཞིབ་འཇུག་སྙན་ཐོ་མང་པོ་ཡོང་གི་ཡོད། དཔེར་ན། ཨ་ཧྥི་རི་ཁར་ལོ་ ༥༠ རིང་རྒྱལ་སྤྱིའི་ཐོག་ནས་ཨ་སྒོར་ཐེར་འབུམ་ ༢༥༠༠ ལྷག་གི་མ་རྩ་བཙུགས་ཏེ་རོགས་སྐྱོར་བྱས་ཡོད་ཀྱང་མི་མང་གི་འཚོ་བ་ཡར་རྒྱས་ལས་ལྡོག་ནས་ཇེ་སྡུག་ཏུ་འགྲོ་ཡོད་སྟབས། ད་ལྟ་སྤྱི་ཚོགས་ནང་ལོགས་ཀྱི་ནུས་པ་གོང་འཕེལ་གཏོང་ཐུབ་ལ་ཤུགས་རྒྱག་གི་ཡོད་པ་རེད། བོད་པར་མཚོན་ན་ཡང་། གཞིས་ཆགས་སྲ་བརྟན་ཡོང་དགོས་ན། གཞིས་ཆགས་ནང་གི་མིའི་ནུས་པ་གོང་འཕེལ་གཏོང་དགོས་པ་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 4

  1. བུ་ཕྲུག says:
    ལོ་ 11 སྔོན།

    བོད་པའི་སྤྱི་ཚོགས་ནང་ཚོང་ལས་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གོ་རྟོག་སྤེལ་དགོས་པ་ཧ་ཅང་གལ་ཆེན་རེད། ཁྲིམས་ཀྱི་འགྲོ་ལུགས་ཀྱང་གལ་ཆེ་པོ་རེད། དཔེ་ན་བོད་པ་ཚོའི་ཚོང་ཁང་དང་ཟ་ཁང་སོགས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱེད་དགོས་ན་ལས་ཁུངས་གང་དག་བརྒྱུད་དགོས་པ་རེད་ཚོང་པ་ཚོར་ཆ་རྐྱེན་ག་རེ་ཚང་དགོས་པ་རེད། འདི་དག་ཐོག་གསལ་བོ་བཟོ་ཐུབ་ན་ཡག་པོ་འདུག ང་རང་གི་བསམ་ཚུལ་བྱས་ན་ད་ལྟ་བོད་པའི་ཚོང་པ་ཚོས་གཞུང་ལ་དེབ་སྐྱེལ་བྱེད་ཡོད་པ་ཧ་ཅང་དཀོན་པོ་ཡིན་རྒྱུ་རེད་བསམ་གྱི་འདུག དེབ་སྐྱེལ་མ་བྱས་ན་མ་འོངས་པར་དཀའ་ངལ་འཕྲད་ན་བདག་པོ་རེག་གི་མ་རེད་དོ།།།

    Reply
  2. རྫོང་གསར་བློ་ལྡན། says:
    ལོ་ 11 སྔོན།

    ༄།།མི་དགེའི་ལས་ཀྱིས་རྣམ་མང་སྡུག་བསྔལ་ཕྲ་རགས་རླུང་གིས་བཏབ་པའི་འགྲོ།། གཞི་ལམ་ཐར་པའི་རྣམ་བཞག་བསྟན་པས་སེམས་ལ་བདེ་བའི་དབུགས་རབ་དབྱུང་།། རྒྱུ་འབྲས་རྟེན་འབྱུང་སླུ་མེད་ལམ་སྟོན་སྟོན་མཆོག་མཚུངས་པ་མེད་དེ་ལ།། ཇི་ལྟར་མང་བསམ་མོས་གུས་ལྷག་པར་ཡིད་རབ་དང་བས་ཕྱག་བགྱིད་དོ།། ཡིད་འབྱུང་སྐྱེ་རུང་སྐྱེ་དགུ་ཀུན་ལ་ངེས་པར་འབྱུང་བའི་གཏམ་བཟང་སྒྲོགས།། བདག་པས་གཞན་གཅེས་རྨད་བྱུང་སེམས་བསྐྱེད་རྣམ་མང་འགྲོ་ལ་ལན་མང་བསྩལ།། མཐར་འཛིན་འཆིང་བ་རྩད་ནས་ལྷོད་བགྱིད་རྟེན་ནས་འབྱུང་བའི་ལམ་བཟང་བསྟན།། དངོས་རྒྱུད་བཤེས་གཉེན་བསྔགས་འོས་ཀུན་ལ་ཀུན་ནས་གུས་པས་གུས་ཕྱག་བྱ།། ༼མོ་རྩིས་ལུང་བསྟན།༽ ལྐོག་གྱུར་ལུང་བསྟན་རྫུན་པའི་གཏམ་གྱིས་ཁྱོད་ཀྱི་ཐུགས་རྒྱུད་མ་ལུས་གཏམས།། མོ་ལུང་རྫུན་པས་གཞན་མགོ་སྐོར་ཏེ་ཁྱོད་ཀྱིས་གཞན་དོན་ལན་མང་བྱས།། གཞན་མགོ་བསྐོར་བ་དེ་ལས་ཀྱང་ནི་རང་མགོ་རང་གིས་བསྐོར་བ་སྡུག། རང་མགོ་བསྐོར་བ་མ་ཤེས་འཁྲུལ་བས་ཚེ་རབས་ཀུན་ཏུ་ལྷག་པར་སྡུག། མོ་རྩིས་ལུང་བསྟན་མི་ཚེ་བསྐྱལ་ཡང་ས་ལམ་གེགས་སུ་གྱུར་བ་མང་།། མོ་རྩིས་མངོན་ཤེས་རྣོན་པོ་ཟེར་བ་ཕར་ཆེར་བདུད་ཀྱི་བར་ཆད་མང་།། དབེན་པར་གནས་པའི་བསམ་གཏན་རྒན་པོ་མོ་རྩིས་གཏམ་གྱིས་གཡེང་བ་མང་།། བསོད་ནམས་དམན་ལ་བདུད་ལས་དབང་གིས་མོ་ལུང་མངོན་ཤེས་རྣོ་བར་མང་།། འོན་ཀྱང་མོ་རྩིས་རྣོན་པོ་ཟེར་དུས་ཁྱེད་ཀྱི་ཐུགས་ལ་སྐྱིད་ཅིག་མཆིས།། འབུལ་བའི་གྱ་ནོམ་བཟང་པོ་རེ་ཡིས་སེམས་ལ་བདེ་བའི་དྲོད་ཡང་ཆེ་།། ནོར་ལ་རྔམས་ཞིང་རྫུན་ལ་དབང་འབྱོར་འདོད་པའི་སེམས་ཁམས་སྔར་ལས་རྒྱས།། གཡོ་རྒྱུ་དྲན་རེག་མཚོན་ཆ་རྣོན་པོས་རང་གཞན་ཐར་པའི་སྲོག་རྩ་བསྐུམ།། སྐབས་རེར་མོ་ལུང་ཐོགས་ཏུ་མ་བབས་མི་སྙན་གཏམ་གྱིས་རྣ་བར་གཟན།། དེས་ཀྱང་སེམས་ཁྲལ་ཆེ་བ་ཞིག་གིས་ཁྱོད་ཀྱི་ཐུགས་ལ་ལྷག་པར་གདུང་།། ཁག་སྟེ་ཅི་ཡོད་འོ་ཚོད་ཙམ་ལས་རང་ལ་གདེང་ཞིག་མེད་པས་ན་།། ཕལ་ཆེར་བདེན་ལས་རྫུན་པར་མང་བས་ད་ནི་བགས་ཡོད་བྱ་བར་རིགས།། མངོན་ཤེས་མེད་པས་མོ་ལུང་མང་ན་མི་ཆོས་བླ་མའི་རྫུན་དུ་ཉེ།། ཡི་དམ་ལྷ་ཡི་རྣལ་འབྱོར་བྱེད་ལ་ལྷག་པར་མོ་ལུང་སྤོངས་བར་གསུངས།། གཞོན་སྐྱེས་སློབས་སྦྱོང་བྱེད་པ་དག་ཀྱང་མོ་རྩིས་ལུང་གིས་བར་གཅོོད་མང།། ལྷག་པར་རྩེ་གཅིག་སྒྲུབ་པར་བྱེད་ལ་མོ་ལུང་སོགས་ལས་དགྲ་ཞིག་གང་།། ལྷག་བསམ་བཟང་པོའི་སྐྱེས་བུ་རྣམས་ལ་གཞན་དོན་བྱེད་པའི་རྐྱེན་ལགས་ཀྱང་།། རང་འདོད་རྐྱང་བ་ཁོངས་དུ་བཅུག་ལ་རང་གཞན་གང་གི་དོན་མི་ཡོང་།། མངོན་ཤེས་མེད་པས་གཞན་དོན་མེད་ཅེས་རྒྱལ་བ་མཆོག་དེས་ལན་མང་གསུངས།། དེ་ཕྱིར་གཞན་དོན་བྱེད་པ་དག་ཀྱང་མངོན་ཤེས་སྒྲུབས་ལ་འབད་པར་རིགས།། མངོན་ཤེས་ཡོད་ན་མོ་ལུང་བྱེད་དོན་མེད།། མངོན་ཤེས་མེད་ན་མོ་ལུང་ཐེ་ཚོམ་འགྱུར།། དེའི་ཕྱིར་མངོན་ཤེས་ཡོད་དམ་མེད་ཀྱང་རུང་།། མོ་དང་ལུང་གིས་སུ་ལ་ཅི་ཞིག་བྱ།། ཞེས་སྨྲས་སོ།།

    Reply
  3. Tenzindorjee says:
    ལོ་ 11 སྔོན།

    ང་ལའང་སྒྲུང་ཞིག་བཤད་ཡག་ཡོད། ལྷོ་ཕྱོགས་གཞིས་ཆགས་ཤིག་གི་ཕོ་སར་ཞིག་གིས་མོ་ཊ་ཉོ་རྒྱུ་ཟེར་བར་ཁོ་རང་གི་ཕ་མ་གཉིས་ཀྱིས་གདན་སའི་བླ་མ་ཞིག་ལ་མོ་བརྒྱབ་པས་མོ་ཊ་ཉོས་ན་ཡག་པོ་མི་འདུག་གསུང་འདུག དེ་ནས་ཕོ་སར་དེར་མོ་ཊ་ཉོས་མི་ཆོག་པ་ཕ་མས་བཀའ་བཏང་འདུག ཕོ་སར་དེས་ཐེངས་མང་པོར་ཕ་མ་གཉིས་ལ་རེ་སྐུལ་ཞུས་ཀྱང་ཉན་འཇོག་མ་བྱས་བས་ཕ་བུའི་བར་ལ་རྙོག་གྲ་ཆེན་པོ་བྱུང་འདུག རྗེས་སུ་ཕོ་སར་དེ་ནང་ནས་མ་བསྡད་པར་ཡར་མར་ཁྱིམ་ནས་ཡུན་རིང་བསྡད་པ་དང་། སྐབས་ཤིག་སྒོ་ཨ་Goa་ནས་མགྲོན་ཁང་ཞིག་ཏུ་རང་ཤི་བརྒྱབ་པ་ཡིན་ནམ་མི་ཞིག་གིས་བསད་པ་ཡིན་མ་ཤེས་པར་མེད་པ་ཆགས་འདུག མི་ཞིག་གིས་ཚེ་སྲོག་དོན་མེད་ལ་ཤོར་འདུག མཐར་གཏུག་ན་མོ་བརྒྱབ་པའི་མཇུག་འབྲས་དེས་མི་ཞིག་བསད་པ་རེད།

    Reply
  4. དབང་གྲགས། says:
    ལོ་ 11 སྔོན།

    གསར་འགྱུར་འདིའི་ཁ་བྱང་གིས་ང་ལ་འཇིགས་སྣང་ཅན་གྱི་གནས་ཚུལ་ཞིག་དྲན་དུ་བཅུགས་སོང་། སྤྱི་ལོ་ 2012 ལོའི་ཟླ་བ་ 4 ་ནང་ང་རང་གི་ཕ་ཡུལ་གྱི་གཉེན་ཉེ་ཞིག་གིས་ས་གནས་དེའི་དགོན་པའི་དགོན་བདག་བླ་མ་མིང་གྲགས་ཅན་ཞིག་ལ་མོ་བརྒྱབ་ནས་ལོ་དེར་དབྱར་རྩྭ་རྒུན་འབུ་ས་གང་ཞིག་ཏུ་བརྐོ་རུ་སོང་ན་བཟང་མིན་ཞུས་འདུག། ས་གནས་ཁག་གསུམ་ལ་འདེམས་ག་བཞག་སྟེ་མོ་བརྒྱབ་སྐབས། བླ་མ་དེས་ཡོའུ་ཧྲོས་རྫ་སྟོད་དུ་སོང་ན་མོ་ཧ་ཅང་ཡག་ཚུལ་གསུངས་འདུག ཁྱིམ་ཚང་དེས་ཀྱང་བླ་མའི་མོ་ལ་ཡིད་ཆེས་བྱས་ཏེ་བུ་དང་མནའ་མ་གཉིས་དབྱར་རྩྭ་བརྐོ་རུ་ཡོའུ་ཧྲོས་རྫ་སྟོད་དུ་བཏང་སྟེ་ཉིན་བཞི་བར་རྫ་སྟོད་དུ་སླེབས་མ་ཐག་རླངས་འཁོར་བརྡབ་སྐྱོན་བྱུང་ནས་བུ་དང་མནམ་མ་གཉིས་ཀ་རྐྱེན་ལམ་དུ་ཕྱིན་འདུག གཞན་པ་རྒྱ་མི་དང་བོད་མི་སྐོར་ཞིག་ཀྱང་མཉམ་དུ་གྲོངས་འདུག བུ་དེ་སྐབས་དེར་རང་ལོ་ 28་རེད། མནའ་མའི་ལོ་ཚོད་གསལ་བོ་ཤེས་མ་སོང་། ཁོ་བཟའ་མི་གཉིས་ལ་ཤུལ་དུ་བྱིས་པ་གཉིས་ཡོད་པ་ལས་ཆུང་བ་བུ་མོ་སྐབས་དེར་ལོ་གཅིག་དང་ཕྱེད་ཙམ་རེད། གནས་ཚུལ་དེས་ཁྱིམ་ཚང་དེ་ད་ལྟ་ཧ་ཅང་སྐྱོ་སྡུག་གི་ནང་དུ་ལྷུང་ཡོད། ཁོ་གཉིས་དང་མཉམ་དུ་གཉེན་ཉེ་གཞན་ཞིག་ཀྱང་སྐབས་དེར་རྐང་པ་རླངས་འཁོར་འོག་བཙུར་ནས་ད་ལྟ་དབང་བོ་སྐྱོན་ཅན་ཆགས་ཡོད། འདི་ཡང་མོ་ལ་ཡིད་ཆེས་བྱས་པའི་མཇུག་འབྲས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese