ཟླ་སྔོན་མའི་ཚེས་མགོར་མཚོ་སྔོན་བརྙན་འཕྲིན་ཁང་གིས། ཞིང་ཆེན་ཏང་གི་སློབ་ཆེན་གྱི་དགེ་རྒན་ཞིག་ལ། ‘ཆབ་སྲིད་ཀྱི་གོ་རྟོགས་མཐོ་ན་དམངས་སེམས་ཀྱི་བདེ་སྡུག་ཚོར་ཐུབ’ ཅེས་པའི་བརྗོད་གཞིའི་འོག རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་བྱ་བ་དོན་འཁྱོལ་ཡོང་དགོས་ན། ས་གནས་སོ་སོའི་མགོ་ཁྲིད་གཙོ་བོར་གྱུར་བའི་ལས་བྱེད་ཚོར་འོས་འགན་གང་ཡོད་པ་དང་། གལ་སྲིད་ཁོ་ཚོས་ཁྲིམས་ལྟར་ལས་དོན་ལག་བསྟར་བྱེད་ཀྱི་མེད་ན། མང་ཚོགས་ཀྱིས་ག་འདྲ་བྱེད་དགོས་པ་སོགས་བཅར་འདྲི་གནང་བ་བསྡུ་སྒྲིག་བྱས།
བརྙན་འཕྲིན་ཁང་། ཐོག་མར་ཏང་གི་སློབ་གྲྭའི་ལས་འགན་དང་དམིགས་ཡུལ་ག་རེ་ཡིན་པའི་སྐོར་ནས་ཁ་བརྡ་ཞིག་བྱོས་དང་།
ཏང་གི་དགེ་རྒན། ཞིང་ཆེན་ཏང་གི་སློབ་གྲྭ་འདི་མཚོ་སྔོན་སྤྱི་ཚོགས་རིང་ལུགས་སློབ་གླིང་དང་སྲིད་ཏང་སློབ་གླིང་། ཏང་གི་སློབ་གྲྭ་བཅས་གཅིག་ཏུ་བསྡུས་བ་ཞིག་རེད། སློབ་གྲྭ་འདིའི་འགན་འཁུར་གཙོ་བོ་མི་རིགས་ཆོས་ལུགས་དང་འབྲེལ་ཡོད་ཀྱི་སློབ་ཁྲིད་བྱ་བ་རེད། སྤྱིར་བཏང་བོད་རྒྱ་གང་ཡིན་རུང་ཏང་གི་སློབ་གྲྭ་ཟེར་དུས་སྤྱི་ཚོགས་གཉིས་ཀྱི་འདུ་ཤེས་འཛིན་སྟངས་ཐད་མགོ་ཁྲིད་ཚོར་སློབ་སྦྱོང་བྱེད་པ་རྐྱང་རྐྱང་མ་གཏོགས། འགན་འཁུར་གཞན་ཡོད་པ་མ་རེད་བསམ་གྱི་ཡོད་ཀྱང་། འདི་ལ་ནུས་པ་གཞན་པའང་མང་པོ་ཡོད་པ་རེད། མཚམས་རེར་ངས་རང་ཉིད་ཏང་གི་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་སྐོར་མཚམས་སྦྱོར་བྱེད་སྐབས། ངའི་གྲོགས་པོ་དང་ཉེ་འཁོར་གྱི་མི་ཚོས་ཁོའི་འགན་འཁུར་གཙོ་བོ་ཏང་གི་གཞུང་ལུགས་དང་སྲིད་བྱུས་དྲིལ་བསྒྲགས་མ་གཏོགས་ཡོད་པ་མ་རེད་བསམ་གྱི་ཡོད་ཀྱང་། དོན་དངོས་ཐོག་དེ་འདྲ་ཞིག་མ་རེད།
ང་ཚོའི་གཞི་རིམ་ན་མི་རིགས་མཐུན་སྒྲིལ་ལ་གནོད་པ་ཡོད་པའི་བྱ་བ་བྱེད་མཁན་མང་པོ་ཡོད་ཀྱང་། དེ་ཚོ་ཐད་ཀར་ཞིང་ཆེན་གྱི་དཔོན་པོ་ཚོས་མ་ཤེས་པར་དོན་དག་མང་པོ་རྒྱ་ཆེ་རུ་འགྲོ་བཞིན་ཡོད། ཁྲིམས་མཐུན་དང་ཁྲིམས་འགལ་གྱི་བྱ་བ་ཟེར་བ་འདི་མང་ཚོགས་ཁོ་ནར་ཁ་གཏད་པའི་རྣམ་པ་ཞིག་འདུག འོན་ཀྱང་སྲིད་གཞུང་གིས་ཀྱང་མཚམས་རེར་ཁྲིམས་དང་མི་མཐུན་པའི་སྲིད་དོན་བྱ་བ་སྒྲུབ་ཀྱི་ཡོད་སྟབས། ས་གནས་སྲིད་གཞུང་གིས་ཁྲིམས་འགལ་གྱི་ལས་ཀ་བྱས་ན། ཏང་གི་སློབ་གྲྭའི་དགེ་རྒན་ཚོར་ལས་འགན་ཅི་ཞིག་ཡོད་པ་རེད་ཟེར་ན། གསང་ཡིག་གི་རྣམ་པའི་ཐོག་ནས་ཞིང་ཆེན་སྲིད་གཞུང་ལ་ཞུ་གཏུག་བྱེད་ཆོག་པ་རེད། དཔེར་ན། ༢༠༠༨ ལོར་སྤྱི་ཚོགས་བདེ་འཇགས་ཀྱི་ལས་ཀ་བྱེད་སྐབས། ས་གནས་ཀྱི་མགོ་ཁྲིད་ཁ་ཤས་ཀྱིས་ཁྲིམས་དང་མི་མཐུན་པའི་བྱ་བ་འགའ་རེ་བྱས་ཏེ་ས་གནས་དེའི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཐད་གནོད་པ་བྱུང་ཡོད་སྟབས། སྐབས་དེར་ངས་གསང་ཡིག་གི་རྣམ་པའི་ཐོག་ནས་ཞིང་ཆེན་གྱི་དཔོན་རིགས་ཚོར་ཞུ་ཡིག་འགའ་བྲིས་པར་མཐོང་ཆེན་གནང་མྱོང་ཡོད། དེ་ང་རང་གི་འགན་འཁུར་རེད། ད་རུང་གནད་དོན་ག་རེ་འདུག་ཟེར་ན། གཞི་རིམ་ལས་བྱེད་དང་ལྷག་པར་དུ་མགོ་ཁྲིད་ཚོས་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་དེ་ཚོ་ལྟ་བ་ངན་པ་དང་ལྟ་ལོག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། དེར་ངེས་པར་དུ་འགན་འཁུར་ནས་བསམ་བློ་བཅོས་བསྒྱུར་གཏོང་བར་འབད་བརྩོན་བྱེད་དགོས་ཀྱི་འདུག
བརྙན་འཕྲིན་ཁང་། མང་ཡོངས་ལ་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་ཞིག་ཆགས་དགོས་ན། ས་གནས་ཁག་གི་མགོ་ཁྲིད་དང་ལས་བྱེད་པར་འགན་འཁྲི་ག་རེ་ཡོད།
ཏང་གི་དགེ་རྒན། དམངས་ཡོངས་ཀྱི་ཆབ་སྲིད་འདུ་ཤེས་གོང་མཐོར་གཏོང་ཐུབ་མིན་དེ་ས་གནས་སྲིད་གཞུང་གི་མགོ་ཁྲིད་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། དཔེར་ན། ས་གནས་ཀྱི་མགོ་ཁྲིད་ལ་མགོ་ཁྲིད་པའི་ནུས་པ་དང་། སྲིད་འཛིན་པར་སྲིད་འཛིན་གྱི་བསམ་བློ་ཡང་དག་ཅིག་དགོས་པ་རེད། གལ་ཏེ་སྲིད་འཛིན་གྱི་བསམ་བློ་ཡང་དག་ཅིག་མེད་ན་ཁ་ཕྱོགས་འགྲིག་གི་ཡོད་པ་མ་རེད། སྲིད་འཛིན་གྱི་བསམ་བློའི་ཁ་ཕྱོགས་འགྲིག་མེད་ན། ས་གནས་དེའི་མང་ཚོགས་དང་ཐ་ན་ས་གནས་ལས་བྱེད་ཚོའི་ཆབ་སྲིད་འདུ་ཤེས་ཀྱང་བརྟན་པོ་མེད། ངས་མགོ་ཁྲིད་ཚོར་སློབ་ཁྲིད་བྱེད་སྐབས། ནམ་རྒྱུན་སྤྱི་ཚོགས་བརྟན་བརླིང་གི་བྱ་བ་རྐྱང་རྐྱང་བྱས་ཏེ། རིག་གནས་དང་སློབ་གསོ། མང་ཚོགས་ཀྱི་འཕྲོད་བསྟེན། དེ་བཞིན་རྨང་གཞིའི་འཛུགས་སྐྲུན་སོགས་ལ་མཐོང་ཆེན་མ་བྱས་པ་ཡིན་ན། ཆབ་སྲིད་ཀྱི་འདུ་ཤེས་ནམ་ཡང་བརྟན་པོ་ཞིག་ཡོང་མི་ཐུབ་ལ། སྤྱི་ཚོགས་བརྟན་འཇགས་ཡོང་རྒྱུར་ཐོག་མར་དམངས་སེམས་བརྟན་འཇགས་ཤིག་ཡོང་མ་ཐུབ་ན། གནས་སྐབས་ཀྱི་བརྟན་འཇགས་ཤིག་མ་གཏོགས་རྒྱུན་རིང་གི་བརྟན་འཇགས་ཡོང་ཐབས་མེད་ཟེར་གྱི་ཡོད། ས་གནས་ཀྱི་མགོ་ཁྲིད་ཚོའི་ཆབ་སྲིད་བློ་གྲོས་དང་ཡིད་ཆེས་གལ་ཆེན་པོ་རེད། གཞེས་ནིང་ལོ་ནས་བཟུང་ཞི་ཅིན་ཕིན་གྱིས་ཚོགས་ཆེན་མང་པོ་ཞིག་གི་ཐོག་ཆབ་སྲིད་ཀྱི་ཡིད་ཆེས་གསུམ་ཟེར་ནས་མང་པོ་བཤད་ཀྱི་ཡོད་པ་རེད། ཡིད་ཆེས་གསུམ་དེ་སོ་སོའི་ཏང་གི་གཞུང་ལུགས་ལ་ཡིད་ཆེས་ཡོད་པ་དང་། རང་གིས་དེད་ནས་འགྲོ་བཞིན་པའི་ལམ་བུར་ཡིད་ཆེས་ཡོད་པ། རང་གི་ལམ་ལུགས་ལ་ཡིད་ཆེས་ཡོད་པ་ཞེས་རྗོད་ཀྱི་ཡོད་ཀྱང་། གྲངས་ཉུང་མི་རིགས་ས་ཁུལ་དང་ལྷག་པར་དུ་བོད་ཁུལ་ན་ཡོད་པའི་བསམ་བློའི་མགོ་ཁྲིད་དེ་ཚོས། དུས་ཀུན་དུ་ཆབ་སྲིད་རྐྱང་རྐྱང་བྱས་བསྡད་ན་འགྲིག་གི་མ་རེད།
རྒྱུན་ལྡན་གྱི་རྩོད་གླེང་བྱ་འགུལ་དེ་ཚོ་ཁ་བྲལ་དང་སྤྱི་ཚོགས་གཏོར་བརླག་ཡིན་པའི་བསམ་བློ་བཏང་ན་འགྲིག་གི་མེད་པ་དང་། ཆེས་མ་མཐར་ཡང་ཁྲིམས་འགལ་དང་ཁྲིམས་མཐུན་གྱི་བྱ་འགུལ་གང་ཡིན། རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པའི་བྱ་འགུལ་བཅས་ལ་དབྱེ་བ་འབྱེད་པའི་རྨང་གཞིའི་ནུས་པ་ངེས་པར་དུ་ཡོད་དགོས་པ་རེད། ག་དུས་ཡིན་ནའང་དེ་ཆབ་སྲིད་རེད། འདི་ཆབ་སྲིད་རེད་ཟེར་ནས་བསྡད་ན་སྤྱི་ཚོགས་ཤིག་ཡར་རྒྱས་ཁྱོན་ནས་འགྲོ་ཐུབ་ཀྱི་མེད་སྟབས། མང་ཡོངས་ཀྱི་ཆབ་སྲིད་འདུ་ཤེས་བརྟན་འཇགས་ཡོང་དགོས་ན། ཐོག་མར་བོད་ཁུལ་གྱི་གཞི་རིམ་བོད་རིགས་དང་རྒྱ་རིགས་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་བརྟན་པོ་ཆགས་དགོས་པ་རེད།
བརྙན་འཕྲིན་ཁང་། དེང་སང་སྲིད་གཞུང་གིས་བོད་ཁུལ་དུ་སྲིད་བྱུས་གསར་པ་མང་པོ་ལག་བསྟར་བྱེད་བཞིན་ཡོད་སྟབས། ང་ཚོའི་སྤྱི་ཚོགས་ཡོངས་དང་ལྷག་པར་དུ་འབྲེལ་ཡོད་ཀྱི་ལས་བྱེད་ཚོར་འགན་འཁྲི་གང་འདྲ་ཞིག་ཡོད་པ་རེད་བསམ་གྱི་འདུག
ཏང་གི་དགེ་རྒན། སྲིད་བྱུས་ལག་བསྟར་ཡང་དག་ཅིག་ཡོང་དགོས་ན། སྲིད་བྱུས་དེ་སྤྱི་ཚོགས་དང་འབྲེལ་བ་ཡོད་མེད། འབྲེལ་བ་ཡོད་ན་གང་འདྲ་ཡོད་དགོས་པ་སོགས་མང་ཚོགས་རང་ངོས་ནས་སྲིད་བྱུས་དེར་རྒྱུས་ལོན་བྱས་ཏེ་ཧ་གོ་དགོས་པ་རེད། མང་ཚོགས་དང་མཐུན་པའི་འཕྲོན་བསྟེན་དང་རྨང་གཞིའི་འཛུགས་སྐྲུན། ཐོན་སྐྱེད་སོགས་ལ་འབྲེལ་བ་ཡོད་པའི་སྲིད་བྱུས་དེ་ཚོར་རྒྱུས་ལོན་བྱེད་དགོས། དེ་ཚོར་རྒྱུས་ལོན་མ་བྱས་ན་ང་ཚོས་གྱོང་རག་གི་རེད། མི་ཁ་ཤས་ཀྱིས་ཏང་གི་སྲིད་བྱུས་ཟེར་བའི་སྐད་ཆ་འདི་གོ་བ་ཙམ་གྱིས་དེ་ལ་རྒྱང་ཐག་བཟུང་ན་ཡག་པོ་ཡོད་པའི་འདུ་ཤེས་འཛིན་གྱི་ཡོད། ཡང་ཁ་ཤས་ཀྱིས་སྲིད་བྱུས་ཟེར་བའི་སྐད་ཆ་ཞིག་གླེང་མ་ཐག་ང་དེ་དང་འབྲེལ་བ་མེད་ཟེར་གྱི་འདུག ཁྱེད་རང་བསམ་བློ་གང་འདྲ་གཏོང་མཁན་ཞིག་ཡིན་ནའང་དེང་སྐབས་ཀྱི་ང་ཚོའི་འཚོ་བ་འདི་ནམ་ཡང་སྲིད་བྱུས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། དཔེར་ན། རྒྱ་རིགས་དང་ཕྱི་རྒྱལ་གྱི་མཁས་པ་ཚོས་ “ཁྱེད་ཀྱིས་རང་གི་ཆབ་སྲིད་ལ་ཤ་མ་ཚ་ནའང་ཆབ་སྲིད་ཀྱིས་ནམ་རྒྱུན་ཁྱེད་ལ་ཤ་ཚ་ཁོ་ཐག་ཡིན” ཞེས་བཤད་ཀྱི་ཡོད་པ་རེད།
དེར་བརྟེན། ང་ཚོས་ངེས་པར་དུ་སྲིད་བྱུས་ལ་རྒྱུས་ལོན་བྱས་ཏེ། རང་ཉིད་ལ་ཕན་ཐོགས་པ་དང་སོ་སོའི་ཕ་ཡུལ་ལ་ཕན་ཐོགས་པ་དེ་ཚོ་ཁ་ཚ་དགོས་གཏུགས་ཀྱིས་ང་ཚོས་ལེན་དགོས་པ་ཞིག་རེད་བསམ་གྱི་འདུག གཏན་འབེབས་བྱས་པའི་སྲིད་བྱུས་དེ་ཡང་དག་སྒོས་ལག་བསྟར་བྱེད་དགོས་ན། ང་ཚོའི་འབྲེལ་ཡོད་ལས་བྱེད་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། འདིའི་ཐད་ངས་བལྟས་ན་གནད་དོན་ཆེན་པོ་ཞིག་ག་རེ་འདུག་ཟེར་ན། ང་ཚོ་བོད་ཁུལ་གྱི་གནད་དོན་དང་ཡུ་གུར་གྱི་གནད་དོན་གང་ཡིན་རུང་གནད་དོན་ཆེན་པོ་གཅིག་དམིགས་བསལ་རེད། དེ་གང་རེད་ཟེར་ན། དེང་སང་ཀྲུང་དབྱང་གི་སྲིད་བྱུས་ཡག་པོ་གཞི་རིམ་ལ་ཕན་པ་དེ་ཚོ་ནོར་འཁྲུལ་གྱི་རྣམ་པའི་ཐོག་ནས་གཞི་རིམ་དུ་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། གནད་དོན་གཉིས་པ་ཀྲུང་དབྱང་གི་སྲིད་བྱུས་གཞི་རིམ་ལ་ལག་བསྟར་བྱེད་སྐབས། བར་ནས་མགོ་ཁྲིད་ཚོས་ནོར་འཁྲུལ་ཆེན་པོ་བཟོ་བཞིན་ཡོད་པ་དཔེར་ན། རོགས་སྐྱོབ་ཀྱི་དངུལ་དངོས་ལྟ་བུ་བགོ་བཤའ་རྒྱག་དགོས་པ་དེ་ཚོ་མགོ་ཁྲིད་ཚོས་ནང་ཁུལ་ནས་བགོ་བཤའ་བརྒྱབ་སྟེ་མི་མང་གི་ལག་ཏུ་ཅི་ཡང་འབབ་ཀྱི་མེད་སྟབས། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ལྟ་སྐྱོང་སྲིད་བྱུས་ཡག་པོ་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་དབྱང་གི་སྲིད་བྱུས་ཡང་དག་གིས་མི་མང་ནང་དྲིལ་བསྒྲགས་བྱེད་མཁན་གྱི་མི་སྣ་མི་འདུག མཚམས་རེར་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེའང་རྣམ་པ་ཙམ་རེད། རྒྱ་ཡིག་དང་རྒྱ་སྐད་ཀྱི་ལམ་ནས་མང་པོ་བྱེད་ཀྱི་ཡོད་ཀྱང་། བོད་ཁམས་ཀྱི་གཞི་རིམ་མང་ཚོགས་ནང་བོད་ཡིག་བོད་སྐད་ཀྱི་ཐོག་ནས་དྲིལ་བསྒྲགས་བྱེད་རྒྱུ་མ་གཏོགས། སྲིད་ཡིག་སོགས་རྒྱ་ཡིག་ཐོག་ཀློག་འདོན་བྱེད་པའི་ཤེས་ཚད་ལ་ད་དུང་བསླེབ་མེད་སྟབས། དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་གི་འབྲེལ་ཡོད་ལས་བྱེད་པར་ཐད་ཀར་འབྲེལ་བ་ཡོད་པ་རེད་བསམ་གྱི་འདུག
བརྙན་འཕྲིན་ཁང་། གཞི་རིམ་ལ་ཕན་པའི་ཀྲུང་དབྱང་གི་སྲིད་བྱུས་རིགས་ལག་བསྟར་བྱེད་སྐབས་ནོར་འཁྲུལ་མང་པོ་བཟོ་བཞིན་ཡོད་པའི་ཐད་ཁ་གསལ་དུ་བརྗོད་དང་།
ཏང་གི་དགེ་རྒན། སྤྱི་ཚོགས་ཐོག་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་ག་འདྲ་ཞིག་ཡིན་ནའང་མི་རིགས་ཀྱི་འདུ་ཤེས་ཁོ་ནར་ངོས་འཛིན་བྱས་ན་འགྲིག་གི་མ་རེད། ང་ཚོས་མི་རིགས་ཀྱི་འདུ་ཤེས་ལ་ངོ་རྒོལ་བྱེད་དགོས་ཟེར་གྱི་ཡོད་པ་དེའི་ནང་གྲངས་ཉུང་མི་རིགས་ཀྱི་འདུ་ཤེས་ཡོད་ལ། རྒྱ་མི་རིགས་ཆེན་པོའི་འདུ་ཤེས་ཀྱང་ཚུད་ཡོད་སྟབས། ང་ཚོས་རྒྱ་མི་རིགས་ཆེན་པོའི་འདུ་ཤེས་ལ་ངོ་རྒོལ་བྱེད་དགོས་ལ། གྲངས་ཉུང་མི་རིགས་ཀྱི་འདུ་ཤེས་ལའང་ངོ་རྒོལ་བྱེད་དགོས། ང་ཚོས་འདྲ་མཉམ་གྱི་ཐོག་ནས་འདི་གཉིས་ལ་ངོ་རྒོལ་མ་བྱས་ན་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཟེར་བ་དོན་ལྡན་ཞིག་ཡོང་ཐབས་མེད། གཞི་རིམ་དུ་ལས་ཀ་བྱེད་སྐབས་གཞི་རིམ་གྱི་མགོ་ཁྲིད་ཚོར་ནུས་པ་ག་རེ་དགོས་པ་རེད་ཟེར་ན། མང་ཚོགས་ཀྱི་ལས་འགུལ་ཁྲིམས་མཐུན་དང་ཁྲིམས་འགལ་དབྱེ་བ་འབྱེད་ཤེས་དགོས་པ་དང་། དེ་བཞིན། རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པའི་བྱ་འགུལ་གྱི་དབྱེ་བའང་འབྱེད་ཤེས་དགོས། ནམ་རྒྱུན་ཆབ་སྲིད་ཀྱི་ལྟ་སྟངས་རྐྱང་རྐྱང་བཟུང་སྟེ། མང་ཚོགས་ཀྱི་བྱ་འགུལ་འདི་མི་འགྲིག དེ་མི་འགྲིག་ཟེར་ནས་བསྡད་ན་གཏན་ནས་འགྲིག་གི་མ་རེད། དཔེར་ན། ན་ནིང་གཞིས་ནིང་བར་བོད་ཡིག་བོད་སྐད་ཀྱི་སློབ་གསོའི་ལས་དོན་ཐོག་གནད་དོན་ཙག་ཙིག་བྱུང་བ་རེད། གནད་དོན་འདིའི་ཐོག་གོང་རིམ་མགོ་ཁྲིད་ཚོས་མཐོང་ཆེན་བྱས་ཏེ་འཕྲལ་དུ་ཐག་བཅད་པ་རེད། ཡིན་ནའང་། གནད་དོན་འདིའི་ཐོག་ང་རང་གི་བསམ་ཚུལ་ཡིན་ན་ད་དུང་བསམ་བློ་གཏོང་རྒྱུ་འདུག མི་རིགས་རང་སྐྱོང་ཁུལ་ལ་རང་གི་སྲོལ་ཡིག་ཡོད་སྟབས། དེའི་ནང་གསལ་ལྟར་ཕྱིན་པ་ཡིན་ན། བོད་རིགས་བྱིས་པ་ཚོའི་བོད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་དང་གཞུང་ཞབས་ལ་རྒྱུགས་སྤྲོད་པའི་གོ་སྐབས་སོགས་ཀྱི་ཐད་ཆེས་མ་མཐའི་དབང་ཆ་དང་འོས་འགན་བཀོད་སྒྲིག་བྱས་ཚར་ཡོད་པ་རེད། མཚམས་རེར་ཏང་གི་སློབ་གྲྭའི་ནང་ངས་བོད་རིགས་ལས་བྱེད་པར་སློབ་ཁྲིད་བྱེད་སྐབས། ང་ཚོས་སོ་སོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཁྲིམས་དང་སྲིད་ཡིག་ལ་ཤ་ཚ་ཡི་མི་འདུག ཧ་གོ་ཡི་མི་འདུག་ཟེར་གྱི་ཡོད། སྤྱིར་བཏང་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་དེ་ཚོ་ང་ཚོ་ལ་ཕན་ཞིག་ཐོགས་པའི་ཆེད་དུ་གཏན་འབེབས་བྱས་པ་རེད། ཡིན་ནའང་། འབྲེལ་ཡོད་ལས་བྱེད་པས་མཐོང་ཆེན་མ་བྱས་སྟབས་མང་ཚོགས་ཀྱིས་ཀྱང་ཧ་གོ་ཡི་མེད།
ངས་སློབ་ཁྲིད་བྱེད་སྐབས་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་ཐད་ངེས་པར་དུ་ག་རེ་ཤེས་དགོས་པ་རེད་ཟེར་ན། ཕ་སྐད་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་དུས་བོད་རིགས་མགོ་ཁྲིད་ཚོར་གཞན་གྱིས་ཞྭ་མོ་གཡོག་ཨེ་ཡོང་ན་སྙམ་པའི་འདུ་ཤེས་ནམ་ཡང་འཁུར་དགོས་པ་མ་རེད་ཟེར་གྱི་ཡོད། ཕ་སྐད་ཟེར་བ་འདི་རང་གི་རིག་གནས་དང་སློབ་གསོའི་ལམ་ལུགས་ཀྱི་ཆེས་རྨང་གཞིའི་ནུས་པ་ཞིག་རེད། དཔེར་ན། ཕྲུ་གུ་དམར་སྦྱར་ཚོ་མིག་བཙུམ་ནས་བསྡད་ནའང་རང་གི་ཨ་མའི་ནུ་མ་གང་དུ་ཡོད་ཤེས་ཐུབ་པ་ལྟ་བུའི་ནུས་པ་ཞིག་རེད། ང་ཚོ་བོད་པ་ཚོས་ཕ་སྐད་ཀྱི་གནད་དོན་འདི་ཆབ་སྲིད་ཀྱི་རང་བཞིན་ཞིག་ཏུ་བྱས་ནས་བྱ་འགུལ་སྤེལ་ན་རེད་ལ། ཡང་ན་ཏང་དང་སྲིད་གཞུང་གི་མགོ་ཁྲིད་རིམ་པས་ཕ་སྐད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ནང་བཅུག་པ་ཡིན་ནའང་རེད། བྱེད་སྟངས་དེ་ཕྱོགས་གཉིས་ཀས་འགྲིག་གི་ཡོད་པ་མ་རེད། ཕ་སྐད་ཟེར་བ་འདི་མིའི་རིགས་ཀྱི་ཆེས་མ་མཐའི་སོ་སོའི་རིག་གནས་རྒྱུན་འཛིན་བྱེད་པའི་ནུས་པ་ཞིག་རེད། དེ་རང་གི་ཤ་དང་རུས་པའི་ནང་དུ་ཡོད་པའི་རྨང་གཞིའི་ནུས་པ་ཞིག་ལས་ཆབ་སྲིད་དང་འབྲེལ་བ་གཏན་ནས་ཡོད་པ་མ་རེད། གནད་དོན་འདི་རིགས་ཀྱི་ཁ་ཕྱོགས་ལ་ཅུང་ཙམ་འགྱུར་ལྡོག་དང་ཚོད་འཛིན་བྱེད་ཀྱི་ཡོད་སྟབས། མི་རིགས་རང་སྐྱོང་ཁུལ་གྱི་སྲོལ་ཡིག་ནང་གསལ་ལྟར་ཕྱིན་པ་ཡིན་ན་ཚོད་འཛིན་གྱི་བྱ་ཐབས་མང་པོ་ཡོད་པ་མ་རེད་བསམ་གྱི་འདུག
དེ་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་ལྟ་བུ་ཡིན་ན་མིའི་རིགས་ཀྱི་འོས་འགན་ཞིག་རེད། ཨ་རིའི་མི་ཞིག་ཡིན་ན་རེད། རྒྱ་ནག་གི་མི་ཞིག་ཡིན་ནའང་རེད་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་མི་རེར་འོས་འགན་ཡོད་པ་རེད། རྒྱ་ནག་ལྟ་བུ་ཡིན་ན་མི་རིགས་ ༥༦ ཡོད་ཅིང་། མི་རིགས་ཚང་མར་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཡོད། ང་ཚོས་ཁོར་ཡུག་ལ་གཏོར་བརླག་གཏོང་གི་ཡོད་སྟབས་དེ་སླར་གསོ་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ངེས་པར་དུ་ཡོད་དགོས་པ་རེད། མཚམས་རེར་ལུང་པ་ཆུང་ཆུང་ཁ་ཤས་ནང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་བྱ་འགུལ་ཙག་ཙིག་སྤེལ་ན། ས་གནས་སྲིད་གཞུང་གིས་གོ་སྐབས་སྤྲད་དེ་ལམ་སྟོན་དང་། མཐུན་རྐྱེན་བསྐྲུན་ནས་ཁྲིམས་མཐུན་བྱ་འགུལ་གྱི་གྲས་སུ་འཇོག་ཆོག་ཆོག་ཡོད་པ་རེད། ཡིན་ནའང་། གཞི་རིམ་མགོ་ཁྲིད་ཁ་ཤས་ཀྱིས་ཁོར་ཡུག་སྲུང་སྐྱོབ་རིགས་ཀྱི་བྱ་འགུལ་ཞིག་མཐོང་མ་ཐག ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་འདུག་ཟེར་ནས་ལམ་སང་ཆབ་སྲིད་ཀྱི་ཞྭ་མོ་གཡོག་གི་འདུག དེ་དག་འགྲིག་གི་ཡོད་པ་མ་རེད།
བརྙན་འཕྲིན་ཁང་། དེང་སང་བོད་ཁུལ་དུ་རྒྱལ་ཁབ་ཀྱི་བསྒྲགས་གཏམ་རིགས་བོད་ཡིག་བོད་སྐད་ནང་སྤེལ་བ་ཧ་ཅང་ཉུང་ཉུང་རེད། དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་རེད་བསམ་གྱི་འདུག
ཏང་གི་དགེ་རྒན། གནད་དོན་དེ་ཚོ་དེང་སང་གོང་རིམ་ནས་གཞུང་ཞབས་ལ་རྒྱུགས་སྤྲོད་གོ་སྒྲིག་བྱེད་སྐབས་འབྱུང་གི་ཡོད་པ་རེད། སྤྱིའི་ཆ་ནས་དེང་སང་ཇེ་ཡག་ཏུ་འགྲོ་བཞིན་འདུག དཔེར་ན། གཞུང་ཞབས་ལ་རྒྱུགས་སྤྲོད་སྐབས་རྒྱུགས་གཞི་ཁ་ཤས་ཤིག་བོད་ཡིག་གིས་བྲིས་ན་ཆོག་པ་དང་། ཐོབ་སྐར་ཡང་མཐོན་པོ་ལེན་ཐུབ་ཀྱི་ཡོད་པ་རེད། སྔོན་ཆད་གཞུང་ཞབས་པར་རྒྱུགས་སྤྲོད་གྲ་སྒྲིག་བྱེད་སྐབས་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གསལ་བོ་བཤད་མེད་ཀྱང་། ང་ཚོའི་གཞི་རིམ་གྱི་ས་ཆ་ཁ་ཤས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་དེའི་ཐད་མཐོང་ཆེན་མ་བྱས་སྟབས། ལོ་རབས་ ༨༠ དང་ ༩༠ ནང་གཞུང་ཞབས་ལ་རྒྱུགས་འཕྲོད་སོང་བའི་བོད་རིགས་ལས་བྱེད་པ་ཚོའི་ནང་དུ་བོད་སྐད་བཤད་མི་ཤེས་ལ། བོད་ཡིག་ཀློག་འདོན་བྱེད་མི་ཤེས་མཁན་མང་པོ་ཡོད་པ་རེད། བོད་ཡིག་བོད་སྐད་ནི་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་གནད་དོན་ཞིག་རེད། གང་ཡིན་ཟེར་ན། ང་ཚོ་བོད་རིགས་ལས་བྱེད་པ་ཚོས་བོད་ཁམས་ཀྱི་མང་ཚོགས་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་པ་རེད། ཞིང་ཆེན་དང་ཁུལ། རྫོང་། གྲོང་རྡལ་སོགས་ཀྱི་སྲིད་གཞུང་གི་སྒོ་ཁར་མི་མང་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་གུང་ཁྲན་ཏང་ཡོན་གྱི་ཕུགས་འདུན་ཡིན་པའི་ཡི་གེ་ང་ཚོས་རྒྱུན་དུ་མཐོང་གི་ཡོད་པ་རེད། དེར་བརྟེན། བོད་ཁམས་ནས་བོད་རིགས་མི་མང་ལ་ཞབས་འདེགས་བསྒྲུབ་དགོས་ན། མི་མང་དང་ཐག་ཉེ་བའི་སྐད་དང་ཡི་གེ་ལ་འབྲེལ་བ་ཆེན་པོ་ཡོད། བོད་རིགས་མང་ཚོགས་ཀྱིས་སོ་སོས་བེད་སྤྱོད་གཏོང་གིན་པའི་སྐད་དང་ཡི་གེ་མིན་པའི་སྐད་ཡིག་གཞན་ཞིག་གི་ཐོག་ནས་སྲོལ་ཡིག་ཀློག་འདོན་བྱེད་དགོས་ན་དེ་དཀའ་ཁག་ཆེན་པོ་ཞིག་ཡིན་སྟབས། མུ་མཐུད་འདི་ལྟར་ཕྱིན་ན། གོང་གི་སྲིད་བྱུས་མང་ཚོགས་ནང་བསླེབ་མི་ཐུབ་ལ། མང་ཚོགས་ཀྱི་གནས་ཚུལ་གོང་དུ་བསླེབ་ཀྱི་མེད་པའི་གནད་དོན་དེ་ཏང་དང་སྲིད་གཞུང་། མི་མང་སུ་ལ་མཚོན་ནའང་འཐུས་ཤོར་ཞིག་རེད།
བརྙན་འཕྲིན་ཁང་། འདས་པའི་ལོ་ངོ་ལྔ་བཅུ་དྲུག་བཅུའི་ནང་རྒྱལ་ཁབ་ཀྱིས་སྲིད་བྱུས་མང་པོ་བཏོན་ཏེ་བརྒྱུད་བསྒྲགས་བྱས་ཡོད་ཀྱང་། མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་སྔར་བཞིན་དམའ་བ་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པ་དང་། མ་འོངས་པར་གནད་དོན་འདི་སེལ་དགོས་ན། ང་ཚོ་དང་ལྷག་པར་དུ་འབྲེལ་ཡོད་ལས་བྱེད་པར་འགན་འཁྲི་གང་དག་ཡོད།
ཏང་གི་དགེ་རྒན། འདིའི་ཐད་ཀྱི་གནད་དོན་གཙོ་བོ་གཅིག་ཏང་ཁག་ཡིན་ན་ཏང་ཁག་རང་ཉིད་ལ་ཡིད་ཆེས་ཡོད་པ་རེད། ནམ་རྒྱུན་གཞི་རིམ་གྱི་བྱ་འགུལ་ཆུང་ཆུང་རིགས་སྤེལ་ན། དེ་ལ་དོགས་སློང་དང་མྱུར་དུ་ཞྭ་མོ་གཡོག་རྒྱུ་དེར་བྲེལ་བ་བྱེད་མི་ཉན། དཔེར་ན། ན་ནིང་གཞིས་ནིང་གླུ་བ་གླུ་མ་ཚོའི་གཞིས་ཚིག་ནང་ཆབ་སྲིད་གནད་དོན་ཡོད་མེད་ཙམ་གྱིས། རྒྱལ་ཁབ་ཀྱི་སྲིད་དབང་ལ་གཏོར་བརླག་གཏོང་གི་འདུག་ཟེར་ནས་ནག་ཉེས་གཡོགས་ཡོད་པ་རེད། གལ་སྲིད་གནད་དོན་ཡོད་པའི་དབང་དུ་བཏང་ནའང་དེ་ལ་དཔག་པའི་ཐག་གཅོད་བྱས་ན་འགྲིག་པ་རེད། འོན་ཀྱང་། མཚམས་རེར་གླུ་ཚིག་ནང་གནད་དོན་ཡོད་མེད་ཙམ་གྱི་མཚམས་ནས་རྒྱལ་ཁབ་ཀྱི་སྲིད་དབང་ལ་གཏོར་བརླག་བྱེད་ཀྱི་ཡོད་ལུགས་བརྗོད་ན། ཁྲིམས་རྩོད་པ་དང་ཁྲིམས་ཀྱི་གོ་རྟོགས་ཡོད་མཁན་ཚོའི་མིག་ལམ་དུའང་གནད་དོན་དེ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། ངས་རྒྱུན་དུ་བོད་རིགས་ལས་བྱེད་ཚོར་ཆབ་སྲིད་ཟེར་བ་འདི་ལ་ག་དུས་ཡིན་ནའང་ཤ་སྒྲིམ་རྒྱུ་མང་དྲགས་ན་ཡག་པོ་ཡོད་པ་མ་རེད། ལྷོད་ལ་བབས་ནས་མང་ཚོགས་དང་མཉམ་དུ་སྤྱི་ཚོགས་དེ་ཇི་ལྟར་འཛུགས་སྐྲུན་བྱེད་པར་བསམ་བློ་གཏོང་རྒྱུ་གཙོ་བོ་རེད། མ་གཞི་ནས་ཏང་ཁག་དང་སྲིད་གཞུང་གང་ཞིག་ཡིན་རུང་སྲིད་དབང་གིས་བརྒྱ་ཆ་བརྒྱ་སྐྱོང་ཐུབ་པ་ཞིག་སའི་གོ་ལའི་ཐོག་ཡོད་པ་མ་རེད། སྲིད་དབང་གིས་ཚད་ཡོད་ཀྱི་ལས་ཀ་བྱེད་རྒྱུ་མ་གཏོགས་ཚད་མེད་ཀྱི་ལས་ཀ་བྱེད་ས་ཡོད་པ་མ་རེད། དེའི་ཕྱིར་ད་ལོ་ནས་བཟུང་སྤྱི་ཚོགས་བཀོད་འདོམས་ཟེར་བའི་ཐ་སྙད་ལའང་འགྱུར་བ་ བཏང་ནས་སྤྱི་ཚོགས་བདག་སྐྱོང་ཟེར་གྱི་ཡོད་པ་རེད།
བརྙན་འཕྲིན་ཁང་། ས་གནས་ལས་བྱེད་པའི་སྤུས་ཚད་གོང་མཐོར་གཏོང་དགོས་ན། ལས་བྱེད་པ་རང་ངོས་ནས་རང་ཉིད་ལ་རེ་བ་གང་འདྲ་ཞིག་འདོན་འོས་པ་རེད།
ཏང་གི་དགེ་རྒན། ངས་བལྟས་ན་གནད་དོན་ཁ་ཤས་ཤིག་གི་ཐོག་ནས་རང་ནུས་མཐོར་འདེགས་གཏོང་དགོས་ཀྱི་འདུག གཅིག་ནས་སྐད་རིགས་གཉིས་ངེས་པར་དུ་ཤེས་དགོས། བོད་སྐད་ཡིག་གཅིག་པུ་ཤེས་པས་མི་འགྲིག་ལ། རྒྱའི་སྐད་ཡིག་གཅིག་པུ་ཤེས་པས་ཀྱང་མི་འགྲིག ལོ་རབས་ ༥༠ དང་ ༦༠ ནང་གི་བོད་ཁུལ་གྱི་རྒྱ་རིགས་ལས་བྱེད་པ་ཚོས་བོད་ཀྱི་གཏམ་དཔེ་སོགས་དྲངས་ཏེ་བོད་སྐད་བཤད་ཤེས་ཀྱི་ཡོད་པ་རེད། དེང་སང་རྒྱ་རིགས་ལས་བྱེད་པ་ཕར་ཞོག ལོ་རབས་ ༨༠ དང་ ༩༠ ནང་གཞུང་ཞབས་ལ་རྒྱུགས་འཕྲོད་པའི་བོད་རིགས་ལས་བྱེད་པའི་ཁྲོད་དུའང་བོད་ཡིག་བོད་སྐད་མི་ཤེས་མཁན་མང་པོ་རེད། དེར་བརྟེན། སྐད་གཉིས་སློབ་གསོའི་ལམ་ལུགས་ཡང་དག་ཅིག་ཡོང་དགོས་ཀྱི་འདུག་ལ། དེ་ལ་དེ་ཙམ་གྱིས་དོགས་པ་ཟོས་ན་མི་འགྲིག་གི དཔེར་ན། ན་ནིང་གཞེས་ནིང་བར་སྐད་གཉིས་སློབ་གསོ་རྐྱང་རྐྱང་བཤད་དེ། སྐད་གཉིས་སློབ་གསོ་ཟེར་དུས་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་མ་རེད། སློབ་གསོའི་དམིགས་ཡུལ་དང་ཆོས་ཉིད་ག་རེ་རེད་ཟེར་ན་སློབ་མ་ཚོར་ཧ་གོ་རུ་འཇུག་རྒྱུ་དེ་རེད། ཆབ་སྲིད་བསྒྲུབ་དགོས་ཟེར་ནས་དཔེར་ན་རྫས་འགྱུར་དང་དངོས་ལུགས་ལྟ་བུ་སྤྱིར་བཏང་བོད་ཡིག་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་ལ། སློབ་མ་ཚོས་ལས་སླ་བོས་གོ་བ་ལེན་ཐུབ་ཀྱི་ཡོད། ཡིན་ནའང་གློ་བུར་དུ་བསླབ་གཞི་དེ་ཚོ་རྒྱ་ཡིག་ཏུ་བསྒྱུར་རྗེས། སློབ་མ་ཕར་ཞོག་རྒྱུན་དུ་རྫས་འགྱུར་དངོས་ལུགས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཚོ་ལའང་རྒྱ་ཡིག་གི་དོན་གོ་བའི་ནུས་པ་ཆེན་པོ་མེད་སྟབས། རྫས་འགྱུར་དང་དངོས་ལུགས་ཀྱི་གཞུང་ལུགས་གང་ཡིན་ཡང་བརྡ་འཕྲོད་ལ་མ་འཕྲོད་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་དུས། ཆབ་སྲིད་བསྒྲུབས་ཏེ་སློབ་གསོའི་ཆོས་ཉིད་རྦད་དེ་ལྡོག་ཕྱོགས་ཤིག་ཏུ་ཕྱིན་བཅུག་པ་རེད། དེ་བས་སྐད་གཉིས་སློབ་གསོ་རྒྱུན་ལྡན་གྱི་རྣམ་པའི་ཐོག་ནས་སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། སྐད་གཉིས་སློབ་གསོ་སྤེལ་བ་དང་སྐད་གཉིས་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སློབ་གསོའི་ཆོས་ཉིད་ལ་མཐོང་ཆེན་མ་བྱས་པར་མུ་མཐུད་འདི་ལྟར་བྱས་ནས་སྐད་གཉིས་ལས་བྱེད་པ་ཇེ་ཉུང་དུ་ཕྱིན་པ་ཡིན་ན། གཞི་རིམ་མང་ཚོགས་དང་སྲིད་གཞུང་བར་གྱི་འབྲེལ་བའི་ཟམ་པ་རྦད་དེ་ཆད་འགྲོ་ངེས་རེད། དེ་ཆད་སོང་ན་རྣམ་པ་ག་འདྲ་ཞིག་འབྱུང་མིན་ཡང་བཤད་ཤེས་ཀྱི་མ་རེད། གནད་དོན་གཞན་ཞིག་ནི། གཞི་རིམ་ལས་བྱེད་དང་མང་ཚོགས་བར་བརྩེ་སེམས་དང་འབྲེལ་བ་དམ་པོ་ཡོད་དགོས་པ་རེད། དེང་སང་གཞི་རིམ་གྱི་ལས་བྱེད་པ་ཟེར་དུས་མང་ཚོགས་དང་བར་ཐག་རིང་པོ་ཞིག་ཆགས་འདུག ལས་བྱེད་པ་ཚོས་ང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་བསམ་ནས་རང་སྣང་མཐོན་པོ་བཟུང་སྟེ། རང་ཉིད་ཀྱི་མང་ཚོགས་ནང་མང་པོ་འགྲོ་ཡི་ཡོད་པ་མ་རེད། བསང་ཕུད་པ་དང་ལ་རྩེ་སྟོད་པ། ལོ་གསར་སོགས་སུ་ཕྱིན་པ་ཡིན་ནའང་མང་ཚོགས་དང་བར་ཐག་བཟུང་སྟེ། ཁ་བརྡ་བྱས་ནའང་འཐད་ལ་མི་འཐད་བྱེད་ཀྱི་འདུག དེ་འདྲ་ཁྱོན་ནས་བྱེད་རྒྱུ་ཡོད་པ་མ་རེད། གཞི་རིམ་ལས་བྱེད་པས་རང་གི་སྡེ་བར་ཕན་ཐོགས་པའི་བྱ་བ་ཡིན་ན་འདྲ་ལ། ཁྲིམས་ལུགས་དང་འབྲེལ་བའི་བྱ་བ་གང་ཡིན་ཡང་གཙིགས་ཆེན་བྱེད་དགོས། དེང་སང་སྤྱི་ཚོགས་ཀྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་རེད། ང་ཚོ་མདོ་སྨད་ཕྱོགས་ལྟ་བུར་མཚོན་ན། དཔལ་འབྱོར་གྱི་ཡོང་ཁོངས་གཙོ་བོ་ཞིག་དབྱར་རྩྭ་དགུན་འབུ་ཆགས་ཡོད། ཡིན་ནའང་། དེས་ང་ཚོར་གྱོང་གུད་ཀྱང་ཆེན་པོ་བཟོ་བཞིན་ཡོད་པ་རེད། སྲོལ་རྒྱུན་གྱི་ཐོན་ཁུངས་ལ་གཏོར་བརླག་བཟོས་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་སྡེ་བའི་སྒྲིག་ལམ་དེ་ཚོར་གཏོར་བཤིག་བཏང་སྟེ། སྤུན་ཟླ་ནང་འཛིང་སོགས་ཀྱི་གནད་དོན་ཆེན་པོ་འབྱུང་བཞིན་ཡོད། གཞི་རིམ་ལས་བྱེད་ཚོས་སོ་སོའི་སྔོན་ཐོན་གྱི་ཤུལ་བཞག་རིག་གནས་དང་ཕྱི་ལོགས་ཀྱི་ཆ་འཕྲིན་མང་པོ་ཧ་གོ་ཡི་ཡོད་སྟབས། སོ་སོའི་སྡེ་མི་དང་གཏིང་ཟབ་ཀྱིས་མཉམ་འབྲེལ་བྱས་ཏེ། མང་ཚོགས་ལ་ལམ་སྟོན་རོགས་རམ་བྱེད་ཐུབ་རྒྱུ་ཧ་ཅང་གལ་ཆེན་རེད། དེའི་ཕན་ཆད་ནས་ངེས་པར་དུ་འགན་འཁྲིའི་རང་བཞིན་དགོས་པ་རེད། དཔེར་ན། གཞི་རིམ་དུ་གནད་དོན་ཙག་ཙིག་ཡོད་ན་གོང་རིམ་མགོ་ཁྲིད་ཚོར་ངེས་པར་དུ་ཧ་གོ་རུ་འཇུག་དགོས་པ་དང་། དེ་བཞིན་སློབ་གསོ་དང་འཕྲོད་བསྟེན་སོགས་ལས་བྱེད་པས་འགན་འཁུར་དགོས་པའི་དོན་དག་ཧ་ཅང་མང་པོ་ཡོད་པ་རེད།
བརྙན་འཕྲིན་ཁང་། གཞི་རིམ་དུ་ཏང་གི་ལམ་ཕྱོགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་བྱ་འགུལ་སྤེལ་སྟངས་འདྲ་མིན་ཡོང་གི་ཡོད་སྟབས། བྱ་འགུལ་འདི་ཚད་ག་འདྲ་ཞིག་གི་ཐོག་ནས་སྤེལ་ན་ད་གཟོད་ཕན་ནུས་ཐོན་ཐུབ།
ཏང་གི་དགེ་རྒན། མི་མང་སྲིད་གཞུང་གི་བྱ་བར་འདོད་བློ་མ་ཚིམ་པ་དང་སྲིད་གཞུང་གི་དཔོན་རིགས་ཚོས་རང་གི་ཁེ་སྤོགས་རྐྱང་རྐྱང་བསམ་སྟེ། མང་ཚོགས་ལ་ཤ་མ་ཚ་བ་སོགས་ཀྱི་གནད་དོན་མང་བའི་རྐྱེན་གྱིས་ཏང་གི་ལམ་ཕྱོགས་སློབ་གསོ་འདི་གཏན་འབེབས་བྱས་པ་རེད། ལམ་ཕྱོགས་སློབ་གསོ་ཟེར་དུས་མང་ཚོགས་ལ་ཀྲུང་དབྱང་གི་སྲིད་བྱུས་ཤེས་སུ་འཇུག་དགོས་པ་མ་ཟད། མགོ་ཁྲིད་རང་ཉིད་ཀྱི་གནད་དོན་སོགས་བཤད་དེ་མང་ཚོགས་དང་མཉམ་འབྲེལ་བྱེད་དགོས། མང་ཚོགས་ལ་མགོ་ཁྲིད་ཚོས་ཏང་གི་སྲིད་བྱུས་ཚུལ་བཞིན་ལག་བསྟར་བྱེད་ཀྱི་ཡོད་མེད་ངེས་པར་དུ་གསལ་བོ་ཡར་ཞུ་དགོས་པའི་སྐུལ་མ་གཏོང་དགོས་པ་དང་། ཡར་ཞུ་བྱས་ཀྱང་ཐག་གཅོད་བྱེད་མ་ཐུབ་ཚེ། ང་ཚོས་ཀྱང་རྣམ་པ་ཙམ་གྱི་ལས་ཀ་བྱེད་ཀྱི་ཡོད་པ་ཐག་ཆོད་ཚར་བ་རེད། གལ་སྲིད་ཐག་གཅོད་བྱེད་ཐུབ་པ་ཡིན་ན། ང་རང་གི་བསམ་ཚུལ་ལྟར་ན། དམག་མི་མང་པོ་བཏང་སྟེ་བརྟན་འཇགས་སྲུང་སྐྱོབ་བྱེད་པ་ལས་ལམ་ཕྱོགས་སློབ་གསོ་སྤེལ་ཏེ་མི་མང་ལ་ཡིད་ཆེས་བསྐྲུན་རྒྱུ་དང་། རང་ཉིད་ལ་ཡིད་ཆེས་ཡོད་དགོས་པ་སོགས་རེད། སྤྱིར་བཏང་ལམ་ཕྱོགས་སློབ་གསོ་འདི་ལག་བསྟར་ཐུབ་ན། མི་མང་ཚོས་གྲོང་སྡེ་ནང་གི་མགོ་ཁྲིད་ཚོས་ཁྲིམས་མཐུན་མིན་པའི་བྱ་བ་ག་རེ་བྱས་ཀྱང་། གོང་རིམ་ལ་ཡར་ཞུ་བྱས་ན་ཆོག་པ་རེད། གནད་དོན་དེ་ཚོ་སྲིད་གཞུང་ལ་འོས་འགན་ཡོད་པ་རྐྱང་རྐྱང་ཡིན་པས་ངེས་པར་དུ་བསྒྲུབ་དགོས་པ་རེད།
བརྙན་འཕྲིན་ཁང་། རྒྱལ་ཁབ་འདི་དང་ཞིང་ཆེན་འདི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཞིག་ཡིན་སྟབས། མི་རིགས་མཐུན་སྒྲིལ་གྱི་བྱ་བ་ཇི་ལྟར་གཉེར་ན་ད་གཟོད་འོས་ཤིང་འཚམ་པ་ཞིག་ཡོང་ངེས་རེད།
ཏང་གི་དགེ་རྒན། ཞིང་ཆེན་འདིའི་ནང་མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་ཐད་བརྗོད་གཞི་དང་འཆར་གཞི་གོ་སྒྲིག་བྱས་པ་ཧ་ཅང་གསལ་བོ་ཡིན་ལ། ཚོགས་འདུ་ཞིག་ཚོགས་ནའང་བརྗོད་གཞི་གཙོ་བོ་མི་རིགས་མཐུན་སྒྲིལ་སྐོར་རེད། སྤྱིར་བཏང་ང་རང་གི་བསམ་ཚུལ་ལྟར་ན། མི་རིགས་མཐུན་སྒྲིལ་ཟེར་དུས་དེ་དང་འབྲེལ་བ་ཡོད་པའི་ཆེད་མཁས་པ་ཁ་ཤས་དང་དཔོན་པོ་ཁ་ཤས་ཤིག་གིས་སྲོལ་ཡིག་བྲིས་ཏེ། གོང་རིམ་དཔོན་པོ་འགས་གཅིག་བལྟས་ནས་ཡག་པོ་འདུག་ཅེས་བགྲོ་གླེང་འགའ་ཚོགས་པ་དང་། དེ་ནས་འདི་ང་ཚོའི་མི་རིགས་མཐུན་སྒྲིལ་གྱི་སྲིད་བྱུས་ཡིན་སྟབས་ལག་བསྟར་བྱེད་དགོས་ཟེར་བ་ཙམ་གྱིས་འགྲིག་གི་མི་འདུག གང་ཡིན་ཟེར་ན། ཚོགས་ཆེན་ ༡༨ པའི་ཐོག་སྤྱི་ཚོགས་བཀོད་འདོམས་ཀྱི་བསམ་བློར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་རེད། ཁྲིམས་དང་སྲིད་བྱུས་བཟོ་བཅོས་ཀྱི་འཆར་གཞི་གོ་སྒྲིག་བྱེད་དགོས་ན། ངེས་པར་དུ་མང་ཚོགས་ནང་ལ་ཞུགས་དགོས་པ་རེད། གང་ཡིན་ཟེར་ན། སྤྱི་ཚོགས་ལ་བཀོད་འདོམས་བྱེད་དགོས་ན་སྤྱི་ཚོགས་དང་གོམ་པ་མཉམ་དུ་སྤོས་ནས་འགྲོ་དགོས། མང་ཚོགས་ནང་དུ་མ་ཞུགས་པར་མི་རིགས་མཐུན་སྒྲིལ་གྱི་བྱ་བ་སྤེལ་དགོས་ཟེར་ན་ཡོང་ཐབས་མེད་པ་ཞིག་རེད། མི་རིགས་མཐུན་སྒྲིལ་ཟེར་བ་དེ་གཙོ་བོ་སེམས་ཤུགས་རེད་བསམ་གྱི་འདུག འབྲེལ་ཡོད་ལས་བྱེད་པ་དང་རང་ཞིང་གི་གྲངས་ཉུང་མི་རིགས་ཕན་ཚུན་བར་བརྩི་བཀུར་བྱེད་རྒྱུ་གཙོ་བོ་ཞིག་རེད། རྒྱ་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་བརྩི་བཀུར་བྱེད་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱིས་རྒྱ་མི་རིགས་ལ་བརྩི་བཀུར་བྱེད་དགོས།
རང་ཞིང་ནང་ཡོད་པའི་རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་ཚོས་ཕན་ཚུན་བརྩི་བཀུར་ དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱིས་རྒྱ་མི་རིགས་ཀྱི་རིག་གནས་དང་སྲིད་བྱུས་ལའང་བརྩི་བཀུར་དང་མཐོང་ཆེན། སློབ་སྦྱོང་བཅས་བྱེད་དགོས་པ་ལྟར། རྒྱ་མི་རིགས་ཀྱིས་ཀྱང་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དམངས་སྲོལ་ལ་བརྩི་བཀུར་དང་མཐོང་ཆེན། རྒྱུས་ལོན་བྱེད་རྒྱུ་གལ་ཆེན་པོ་རེད། མི་རིགས་མཐུན་སྒྲིལ་སྐོར་གྱི་གནད་དོན་དེ་ཞིང་ཆེན་འདི་ཙམ་མིན་པར་རྒྱལ་ཡོངས་ ནང་འབྱུང་བཞིན་པའི་གནད་དོན་ཞིག་རེད། རྒྱ་མི་རིགས་ཤིག་ལ་ང་བོད་པ་ཞིག་ཡིན་ཟེར་དུས་ལྟ་ཚུལ་མི་ལེགས་པ་འཛིན་མཁན་མང་པོ་ཡོད་པ་རེད། འདུ་ཤེས་དེ་རང་བཞིན་གྱིས་ཆགས་པ་ཞིག་མ་རེད། སྔོན་མ་གྲངས་ཉུང་མི་རིགས་སྐོར་གྱི་དྲིལ་བསྒྲགས་ཡིག་ཆ་སོགས་ཀྱི་ནང་གྲངས་ཉུང་མི་རིགས་ཀྱི་རྣམ་པ་ཞིབ་འབྲི་བྱས་པའི་ཁྲོད་མི་ལེགས་པའི་གནས་ཚུལ་མང་པོ་བྲིས་ཡོད་སྟབས། གྲངས་ཉུང་མི་རིགས་ཀྱི་གནད་དོན་མང་པོ་ཞིག་ཁོང་ཚོའི་བསམ་བློའི་ནང་ཡག་པོ་ཞིག་ཡོད་པ་མ་རེད། གནད་དོན་དེ་རྒྱ་ནག་ནང་གི་མགོ་ཁྲིད་གཅིག་པུ་མིན་པར་རང་ཞིང་གི་མགོ་ཁྲིད་ཚོའི་ནང་དུའང་མི་རིགས་ཀྱི་གནད་དོན་དང་ཆོས་ལུགས་ཀྱི་གནད་དོན་ཐོག་རྒྱུན་ལྡན་མིན་ པའི་འདུ་ཤེས་བཟུང་ཡོད་སྟབས། མི་རིགས་མཐུན་སྒྲིལ་ཡོང་དགོས་ན་སེམས་ཁམས་ཀྱི་གནད་དོན་ཐོག་མར་ཐག་གཅོད་བྱེད་དགོས། སེམས་ཁམས་གནད་དོན་ཐག་མ་བཅད་པར་ཕྱིའི་རྣམ་པ་ཙམ་གྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡོང་དགོས། ཆོས་ལུགས་མཐུན་སྒྲིལ་ཡོང་དགོས་ཟེར་ནས་རྫོང་དང་ཁུལ་རིམ་པས་ཟླ་གཅིག་གཉིས་རིང་བྱ་འགུལ་སྤེལ་བ་ཙམ་གྱིས་ཡོང་ཐབས་མེད་པ་ཞིག་རེད།
པདྨ་མཚོས་བསྡུ་སྒྲིག་བྱས།
དྲི་བ་དྲིས་ལན་ཧ་ཅང་ཡག་པོ་འདུག ཁྱེད་རང་དམར་ཕྱོགས་སློབ་གྲྭའི་དགེ་རྒན་ཞགི་རེད། སློབ་གྲྭ་དེའི་སློབ་ཕྲུག་རྣམས་དང་དམར་ཕྱོགས་གི་ཕྲུ་གུ་ཚོར་འདི་ལྟར་སློབ་གསོ་སྤྲོད་ཐུབ་ན་མི་རབས་རྗེས་མ་ཞིག་ལ་རྒྱ་ནག་ནང་གི་དཀའ་རྙོག་སེལ་ཐུབ་པའི་རེ་བ་འདུག
མགོ་ནས་མཇུག་བར་ཞིབ་ཚགས་ཀྱིས་ཀློག་པ་ཡིན། བོད་ནང་གི་མི་ཞིག་གིས་འདི་འདྲ་ཤོད་ཐུབ་པ་དེ་ཧང་སང་པ་རེད། ལྷག་པར་དུ་གུང་ཁྲན་ཏང་གི་གནད་ཡོད་མི་སྣ་ཞིག་གིས་འདི་འདྲ་ཤོད་པ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་རྗེས་ཀྱི་ཡིག་ཆ་གལ་གནད་ཆེ་ཤོས་སུ་མཐོང་སོང་བས་བཅར་འདྲི་འདི་དབྱིན་ཡིག་དང་རྒྱ་ཡིག་སོགས་སྐད་ཡིག་གཞན་ནང་བསྒྱུར་ཏེ་ཁྱབ་བསྒྲགས་བྱས་ན་ཡག་པོ་འདུག
ཁ་ནས་བཤད་པ་ལ་བལྟ་རྒྱུ་ཅི་ཡོད། ལག་ལེན་བྱུང་ན་ཤིན་ཏུ་ལེགས།
ཆོས་ལུགས་མཐུན་སྒྲིལ་ཡོང་དགོས་ཟེར་ནས་རྫོང་དང་ཁུལ་རིམ་པས་ཟླ་གཅིག་གཉིས་རིང་བྱ་འགུལ་སྤེལ་བ་ཙམ་གྱིས་ཡོང་ཐབས་མེད་པ་ཞིག་རེད།ཟེར།་འོ་ན་གང་འདྲ་ཞིག་ཇི་ལྟར་ཙི་ཙམ་ལ་བྱེད་དགོས་སམ།