མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐོང་ཡིག་དང་སོགས་སྒྲའི་ནང་གི་ལྡོང་མི་ཉག

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐིའུ་སྟོབས་ལྡན།

ང་ཚོ་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་མི་ཉག་གི་ལོ་རྒྱུས་དེབ་གཟུགས་སུ་བཀོད་པ་དང་། ཡང་ན་མི་ཉག་སྐོར་གྱི་དཔྱད་རྩོམ་དང་ཆེད་རྩོམ་སོགས་ནི་མཛུབ་རྩེའི་གྲངས་ཀ་ཙམ་ལས་ཧ་ཅང་མཐོང་དུ་དཀོན་པ་དང་། ལྷག་པར་དུ་རང་རེ་བོད་ཀྱི་དེ་བྱུང་རིག་པ་ལ་མཁས་པར་རློམ་པའི་སྨྱུག་ཐོག་པ་མང་པོས་ཨ་འོ་ལྡོང་མི་ཉག་གི་སྐོར་ལ་གོ་རྟོགས་ཞན་པ་དང་ཕྱོགས་རིས་ཀྱི་བསམ་བློ་ཆེ་བ། དེ་མིན་ཅུང་རྒྱུས་མངའ་དང་གོ་རྒྱ་ཆེ་བ་དག་གིས་ཀྱང་རང་གི་ཞེན་འདོད་གཙོར་བཟུང་ལས་ལོ་རྒྱུས་དངོས་ལ་རྟོགས་ཞིབ་ནན་པོ་མི་བྱེད་པར། དུས་རབས་བཅུ་བཞི་རབ་བྱུང་དྲུག་པའི་ནང་ཚལ་པ་ཀུན་དགའ་རྡོ་རྗེས་(༡༣༠༩-༡༣༦༤)བརྩམས་པའི་<<དེབ་ཐེར་དམར་པོ།>>ལས་མི་ཉག་རྒྱལ་རབས་ཤིས་ཞཱ་མདོར་བསྡུས་ཞེས་པར་གཞིར་བཅོལ་ཏེ། བོད་རབ་བྱུང་བདུན་པའི་ནང་སྟག་ཚང་དཔལ་འབྱོར་བཟང་པོས་(༡༤༣༤-)བརྩམས་པའི་<<རྒྱ་བོད་ཡིག་ཚང་ཆེན་མོ།>>ལས་མི་ཉག་གི་རྒྱལ་རབས་ཞེས་པ་དང་། རབ་བྱུང་བརྒྱད་པའི་ནང་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས་(༡༥༠༤-༡༥༦༦)བརྩམས་པའི་<<ཆོས་འབྱུང་མཁས་པའི་དགའ་སྟོན།>>ལས་མི་ཉག་གི་རྒྱལ་པོ་དང་ཆོས་ཀྱི་བྱུང་བ་བརྗོད་པ་སོགས་ཀྱི་ནང་དུ། ལྡོང་མི་ཉག་གི་ལོ་རྒྱུས་དཀྱུས་གཅིག་ཏུ་བཀོད་པ་དག་ལ་བསྐྱར་ཟློས་དང་ཡང་ཟློས་ཀྱིས་ཁ་ཁྲལ་འཇལ་བ་ཙམ་ལས། ཨ་འོ་ལྡོང་མི་ཉག་གི་རིགས་རུས་མཆེད་ཁོངས་ངོ་མ་བོད་ཀྱི་རུས་ཆེན་བཞིའི་ཁོངས་སུ་ལྡོང་གི་རུས་རྒྱུད་ལས་མཆེད་པ་དང་། སུང་གི་རྒྱལ་པོ་རིན་ཙུན་ནམ་ཁྲི་རབས་ (༢༠༠-༣༠༠) བར་དང་ཙོང་ཁའི་རྒྱལ་པོ་ཁྲི་ནམ་ལེགས་སྨོན་གྱི་སྐབས་སུ། མི་ཉག་རྒྱལ་ཁབ་ཀྱི་རྒྱལ་ཁྲིར་འཁོད་པའི་རྒྱལ་པོ་ཆེས་ཐོག་མ་སྟེ་ཡོོའན་རྒྱལ་པོའམ་ཡོའན་ཧུན་ནས་རྒྱལ་རབས་མཐའ་མ་རྡོ་རྗེ་དཔལ་བར་ (༡༠༣༨-༡༢༢༧) གྱི་རྒྱལ་རབས་ཙམ་མ་ཡིན་པར། སྤྱི་ལོའི་ཡར་སྔོན་ཟེར་ནའང་འདྲ་སྟོད་ལྷ་རབས་དུས་སྐབས་ཀྱི་ལྡོང་མི་ཉག་གི་གནས་བབ་དང་། ཆོས་རྒྱལ་རིམ་བྱོན་ནམ་བར་སྔ་དར་སྐབས་ཀྱི་མི་ཉག་གི་གནས་ཚུལ། ལྷག་པར་དུ་སྨད་སིལ་ཆད་ཀྱི་སྐབས་སུ་མཐའི་རྒྱལ་ཁབ་ཁག་དང་ཕན་ཚུན་འདྲ་མཉམ་གྱི་མཛའ་འབྲེལ་བཙུགས་ཏེ་རྟེན་ཆས་འབུལ་རེས་དང་གཉེན་གྱི་འབྲེལ་བ་ཡང་བྱུང་། ལྷག་པར་དུ་ཐང་རྒྱལ་རབས་ཀྱི་དུས་དཀྱིལ་ནས་བཟུང་རྒྱལ་པོ་ཡོའན་ཧའོ་ཡིས་ད་ལྟའི་ཉིང་ཞ་དང་། ཀན་སུའུ། ཧྲའན་ཞིའི་ནུབ་བྱང་བཅས་ཀྱི་ས་ཁུལ་དུ་བཙན་ས་བཟུང་སྟེ་ཐང་རྒྱལ་རབས་ཀྱི་དུས་མཇུག་དང་རྒྱལ་རབས་ལྔའི་དུས་སྐབས་སུ། ལྡོང་སྤྱང་མི་རིགས་དེ་ནུབ་བྱང་ས་ཁུལ་གྱི་སྟོབས་ཤུགས་ཆེས་ཆེ་བའི་རུ་ཚོ་ཆེན་པོ་ཞིག་ཏུ་གྱུར།

སྤྱི་ལོ་ ༡༠༣༨ ལོར་ལྡོང་སྤྱང་གི་མགོ་པ་ཡོོའན་ཧའོ་མི་ཉག་རྒྱལ་ཁབ་ཀྱི་རྒྱལ་ཁྲིར་བཀོད་དེ་མི་ཉག་རྒྱལ་ཁབ་དངོས་སུ་བཙུགས་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང་མི་ཉག་རྒྱལ་ཁབ་ཀྱི་མིང་ཡང་ཁྱབ་བསྒྲགས་བྱས། དཔོན་མཁར་དང་ཕོ་བྲང་བརྩིགས། དཔོན་འབངས་ཀྱི་གོས་རྒྱན་གཏན་ལ་ཕབ། མི་ཉག་གི་ཡི་གེ་གསར་བཏོད་མཛད། གཞན་ཡང་བོད་རིག་པ་དང་ལོ་རྟགས་ཀྱང་བཙུགས། དམག་དཔོན་ལམ་ལུགས་འཐུས་ཚང་གསར་བཙུགས་ཐོག་དམག་དོན་གྱི་སྒྲིག་འཛུགས་གཏན་ལ་ཕབ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཚང་མ་དྲག་པོའི་ཐོག་བསྒྱུར། ཁོང་གིས་བོད་བཙན་པོ་དང་སུང་རྒྱལ་ཁབ་ཀྱི་ལམ་ལུགས་ལ་ལེགས་ཆ་བླངས་ཏེ་དཔོན་གྱི་གོ་གནས་རིམ་པ་གསར་དུ་བཙུགས། དཔོན་གྱི་གོ་གནས་ནང་ནས་བོད་དཔོན་ནི་ཆེས་མཐོ་བ་ཞིག་ཡིན། མི་ཉག་རྒྱལ་ཁབ་ཀྱི་རྒྱལ་པོ་ཐོག་མ་ཧའོ་རྒྱལ་པོ་ནི་དཔའ་མཛངས་གཉིས་ལྡན་གྱི་རྗེ་བོ་ཞིག་ཡིན་ཏེ་སུང་གི་རྒྱལ་རབས་སུ། ཡོའན་ཧའོ་ཞེས་པ་དཔའ་རྩལ་ལྡན། ཤེས་རིག་བཀྲ། བྲིས་དང་། བཟོ་དང་། སངས་རྒྱས་ཀྱི་ཆོས་ལ་མཁས། རྒྱ་བོད་གཉིས་ཀྱི་སྐད་ཡིག་ལ་ཤིན་ཏུ་མཁས་པ་ཡོད་ཅེས་པ་ལྟར་རྒྱའི་ལོ་རྒྱུས་ནང་དུའང་ཁོང་གི་མཚན་སྙན་ཕྱོགས་མཐར་གྲགས་ཡོད་ནའང་། དེ་དག་ལ་བློ་གཟུར་གནས་ཐོག་ཞིབ་འཇུག་གནང་མཁན་མེད་ཟེར་ནའང་མ་འཐུས་པ་མེད་པའི་སྐབས་མཚམས་སུ། མུ་གེའི་ཐོག་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་ལྡོང་མི་ཉག་གི་མི་རིགས་ཀྱིས་ས་གཞི་ཆེན་པོ་འདིའི་སྟེང་རལ་གྲི་ཁྲག་ལ་སྦང་པའི་རྒྱལ་སྲུང་གི་ཕར་རྒོལ་དང་། དཔྱོད་ཤེས་རྩལ་དུ་བཏོན་ཏེ་མི་ཉག་གི་ཤེས་རིག་གསར་སྐྲུན་སོགས་ཀྱི་མཛད་རྗེས། མདོར་ན་མི་ཉག་གི་ལས་དབང་དང་ཁ་རྗེ་དབང་ཐང་སོགས་ཡོད་ཚད་ཀོ་བཏུམས་དགུ་བརྩེགས་ཀྱིས་སྐོང་ཡིག་དང་སོགས་སྒྲའི་ནང་དུ་བསྡུ་གསོག་བརྒྱབ་སྟེ། མིའི་ལོ་རྒྱུས་ཀྱི་རི་མོའི་འོད་ཀོར་ལས་འཕུད་གང་ཐུབ་ཀྱི་ལས་སུ་ཞུགས་ཏེ་སྦྱོར་བ་ངན་པའི་ལས་བརྩམས་པ་ནི། རང་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ནག་ཉེས་ཅན་ཞིག་ཏུ་གྱུར་ཡོད།

ཞིབ་མོར་བསམ་ན་རང་རེ་བོད་ཀྱི་ཆེས་རྒན་ཡིག་ཚང་ཁུངས་མ་རྣམས་དང་གཟུར་གནས་བོད་ཀྱི་དེ་བྱུང་རིག་པ་སྨྲ་བའི་དྲན་དབང་དག་གིས་མི་ཉག་གི་མི་རྒྱུད་ཀྱི་མཆེད་ཁུངས་ནི་ལྡོང་ཡིན་པ་དང་། ལྡོང་ནི་བོད་ཡིན་པ། བོད་ནི་རོང་ཡིན་ཟེར་བའི་ཤེས་བྱེད་བརྒྱ་ཕྲག་ཡོད་པ་ལས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་<<རྒྱ་བོད་ཡིག་ཚང་ཆེན་མོ།>>ཡི་ཤོག་གྲངས་ ༡༣ ལས་“ད་ཕོ་བོ་ལྡོང་ལ་མཆེ་དྲུག་ཡོད། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེ་རག་་་་་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས་”ཞེས་པ་དང་། <<བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།>>གྱི་ཤོག་གྲངས་ ༧, པ་ལས་“བྱི་བ་ལ་སོགས་ལོ་སྐོར་བཅུ་གཉིས། དེ་ལའང་བརྡ་མིང་འདི་ལྟ་སྟེ། ཤིང་དང་སྟག་ཡོས་སྟོང་སུམ་ཞེས། །མེ་དང་རྟ་སྤྲུལ་སེང་འ་ཞ། །ལྕགས་དང་བྱ་སྤྲེལ་སྦྲ་ཞང་ཞུང་། །ས་དང་གཤེད་བཞི་རྒྱལ་དྲང་རྗེ། །ཆུ་དང་བྱི་ཕག་ལྡོང་མི་ཉག་”ཞེས་པ་དང་ཡང་དེ་ཉིད་ལས་ཕྱི་འགྱུར་གྱི་<<གཏོ་ཕུག་>>ལས་ལུང་འདྲེན་བྱས་ཏེ་“མི་ནི་མི་ཉག་ལྡོང་། མི་ནི་སོ་སྟོང་སུམ་བྷ། མི་ནི་སྦྲ་རྒྱལ་ཞང་ཞུང་། མི་ནི་སེང་རྒ་འ་ཞ། མི་ནི་རྒྱལ་རྗེ་དྲང་དཀར་” ཞེས་པ་སོགས་མཚོན་<<ལ་དྭགས་རྒྱལ་རབས་འཆི་མེད་གཏེར།>>དང་། <<ཞང་བོད་ལོ་རྒྱུས་ཏི་སེའི་འོད།>>། <<ཡར་ལུང་ཇོ་བོའི་ཆོས་འབྱུང་།>>། <<བོད་ཀྱི་ལོ་རྒྱུས་སྤྱི་བཤད་པདྨ་ར་གའི་ལྡེ་མིག>>། <<བོད་ཀྱི་གནའ་རབས་ལོ་རྒྱུས།>>སོགས་མདོར་དྲིལ་ན་མི་ཉག་གི་རུས་རྒྱུད་ཀྱི་འགོ་ཁུངས་ནི་བོད་མི་ཚོ་རུས་ཀྱི་ཕྱི་མོ་བཞི་རུ་གྱེས་ཟེར་བའི་ནང་ཚན་ལྡོང་གི་རྒྱུད་པ་ལས་མཆེད་པའི་ཁུངས་ལྡན་ལུང་རིགས་རྫོགས་ག་ལ་ཐུབ།

དུས་རབས་ཉི་ཤུ་པའི་མཇུག་ནས་རྒྱ་ནག་དང་ཕྱི་གླིང་གི་ཉམས་ཞིབ་པ་མང་པོས་ལྡོང་མི་ཉག་གི་ལོ་རྒྱུས་དང་རིག་གནས། སྐད་ཡིག་སོགས་ལ་དོན་གཉེར་ཆེན་པོས་ཞིབ་འཇུག་དང་བགྲོ་གླེང་། དཔྱད་བརྗོད་སོགས་ཀྱི་དེབ་ཐེར་བརྒྱ་ཕྲག་ལ་ཉེར་བ་འགྲེམས་སྤེལ་བྱས་དང་བྱེད་མུས་ལྟར། དཔེར་ན་རྒྱའི་ཡིག་རིགས་ཐོག་ཐོན་ཞིང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གིས་པར་དུ་བསྐྲུན་པའི་<<མི་ཉག་ཞིབ་འཇུག>>ཅེས་པའི་དེབ་ཕྲེང་བརྒྱད་དང་། རྩོམ་པ་པོ་ཏུའུ་ཅི་ལུའུ་ཡིས་བརྩམས་ཤིང་ཧྲང་ཧེ་གནའ་རྩོམ་པར་སྐྲུན་ཁང་ནས་པར་དུ་བཏབ་པའི་<<མི་ཉག་རིག་པའི།>>དེབ་ཕྲེང་བཅོ་བརྒྱད། རྩོམ་པ་པོ་ཀྲུའུ་ཧྥན་ཀྲུའུ་ཡིས་བརྩམས་ཤིང་ཀྭ་ཤི་དགེ་འོས་སློབ་གྲྭའི་པར་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་<<ཐང་རྒྱལ་རབས་སྐབས་ཀྱི་ལྡོང་བྱང་།>>སོགས་ཀྱི་དཔེ་དེབ་བཅུ་ཕྲག་ལྔ་ལྷག་དང་། གཞན་ཡང་དཔྱད་རྩོམ་དང་ཆེད་རྩོམ། ད་དུང་བདག་གིས་མ་མཐོང་པའི་མི་ཉག་སྐོར་གྱི་བརྩམས་ཆོས་ནི་བདག་གིས་མཐོང་པ་ལས་ལྡབ་འགྱུར་གྱིས་མང་བ་ཡོད་པ་ནི་སྨྲོས་མི་དགོས་སོ།། ལྷག་པར་དུ་ཨུ་རུ་སུ་མི་ཆོས་རིག་གནས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་རྒྱ་ནག་གི་རྒྱལ་སྤྱི་མཉམ་འབྲེལ་ཚན་པའི་གྲུབ་ཆ་ཡན་ལག་གཙོ་བོས་འགྲོ་གྲོན་གྱི་མ་དངུལ་ཕོན་ཆེན་བཏང་སྟེ། སྐབས་དང་པོ་<<རྒྱལ་སྤྱི་མི་ཉག་རིག་པའི་རྩོམ་རིགས་གླེང་སྟེགས།>>ཞེས་པའི་ཚོགས་ཆེན་ཉིང་ཞཱ་དབྱིན་ཁྲོན་དུ་ཚོགས་ཡོད་པ་དང་། སྐབས་གཉིས་པའི་རྒྱལ་སྤྱི་མི་ཉག་རིག་པའི་རྩོམ་རིགས་གླེང་སྟེགས་གོ་སྒྲིག་གནང་མཁན་ནི་ཉིང་ཞ་སློབ་གྲྭ་ཆེན་མོའི་མི་ཉག་ཤིས་ཞ་སློབ་གླིང་དང་། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་མི་ཉག་རིག་གནས་ཞིབ་འཇུག་ལྟེ་གནས། ཀན་སུའུ་དབུ་རུ་ཐུན་མོང་བཅས་ནས་གཙོ་སྒྲུབ་གནང་ཐོག ཕྱི་རྒྱལ་གྱི་ཚོགས་བཞུགས་པ་ ༡༢༠ ལྷག་མཉམ་ཞུགས་བྱས་ཡོད་ལ། དཔྱད་གཞིའི་རྩོམ་ཡིག་ ༡༠༦ ཙམ་སྤེལ་ཐུབ་པ་བྱུང་ཡོད།

སྐབས་དེའི་བགྲོ་གླེང་གི་ནང་དོན་གཙོ་བོ་ནི་མི་ཉག་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་། མི་ཉག་གི་སྐད་དང་ཡི་གེ རྩོམ་རིགས་དང་མནའ་དཔེ། མནའ་བོའི་རིག་དངོས་ཤུལ་བཞག་སོགས་ལ་བགྲོ་གླེང་གནང་དང་གནང་མུས་བཞིན། མི་རིགས་དང་རུས་རྒྱུད་དབྱེར་མེད་ཀྱི་སྨྱུག་ཐོགས་པ་དང་བསམ་བློ་བ་ཚོ་གོམ་པ་མཉམ་སྤོ་དང་མེ་ཏོག་མཉམ་བཞེད་ཐོག མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཨ་འོ་ལྡོང་མི་ཉག་གི་ལོ་རྒྱུས་ཀྱི་ཡིག་ཚང་སྔོག་པའི་གཡོ་རླབས་ཁྲོད། ཤ་ཁྲག་དང་རིགས་རུས་ཁུངས་གཅིག་ལས་མཆེད་པའི་མི་རིགས་ཀྱི་མདུན་ལམ་འཚོལ་ཞིང་། དྲང་བདེན་རང་དབང་གི་སློང་མོ་བའི་འཐབ་གྲོགས་ཚོས་ནི་དེ་ལས་ལྡོག་སྟེ་ལྡོང་མི་ཉག་གི་ལོ་རྒྱུས་དང་རིག་གནས་ལ་སྣང་ཆུང་དང་ཁྱད་གསོད། མདོར་ན་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་རུ་ཐ་སྙད་ཙམ་ཡང་མ་བཀོད་པར་ཟུར་བཏོན་བྱེད་ཅི་ཐུབ་དང་། སྐོང་ཡིག་དང་སོགས་སྒྲའི་ནང་དུ་སྦས་པའི་ལས་སུ་ངལ་བར་ལྷུན་ལེན་པའི་བྱས་ཉེས་ཀྱི་སེམས་ཚོར་ཟབ་མོ་ནི་ངོ་མ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད།

བློ་རྣལ་དུ་ཕབ་སྟེ་བསམ་ན་སྟོད་ལྷ་རབས་ཀྱི་དུས་སུ་བྱོན་པའི་ལོ་ཙཱ་བ་སངས་རྒྱས་གྲགས་ལ་གཞིགས་ནའང་མི་ལོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་མི་ཉག་གི་ཡུལ་དུ་ཆོས་རིག་ཤུགས་ཆེན་དར་ཡོད་པ་མ་ཟད། སྐབས་དེ་དང་དེའི་དུས་ཀྱི་སྤྱི་ཚོགས་ལ་མི་ཉག་བ་ཚོས་ཕན་ཐོག་ཀྱང་ཆེན་པོ་ཡོང་གི་ཡོད་པ་མཚོན་ཐུབ། བར་མངའ་དར་གྱི་དུས་སུའ་ཞང་བོད་ཡིག་སྒྱུར་གྱི་སྒོ་འཕར་ཕྱེ་བར་མི་ཉག་གི་ལོ་ཙཱ་བ་ལྕེ་ཚ་མཁར་བུས་མཛད་རྗེས་རླབས་ཆེན་བཞག་ཡོད་པ་དང་། བོད་ཡུལ་གཅིག་གྱུར་མཛད་པའི་ལས་སུ་ལྡོང་བྱང་མངའ་འོག་ཏུ་འཇུག་པར་རྒྱལ་པོ་གནམ་རི་སྲོང་བཙན་སྐུ་དངོས་ནས་ཁྲི་དམག་གཅིག་དྲངས་ཏེ་དམག་འཐབ་ལ་ཞུགས་དགོས་བྱུང་བ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་མུ་ནེ་བཙན་པོ་གཉིས་ཀྱིས་གཉེན་གྱི་འབྲེལ་བ་མཛད་ཕྱོགས་ལ་བསམས་ནའང་རིགས་རྒྱུད་གཅིག་པའི་ཚོ་བའི་སྟོབས་ཤུགས་མཉམ་འབྲེལ་ཡོང་བའི་ཆེད་དུ་ཡིན་པ་ཤིན་ཏུ་གསལ་བ་སོགས་ལ་གཞིགས་ན། བོད་བཙན་པོའི་དུས་སྐབས་སུ་ལྡོང་མི་ཉག་གི་རྒྱལ་ཕྲན་སྟོབས་ཤུགས་ཇི་ཙམ་དར་ཡོད་མེད་ནི་ལོ་རྒྱུས་ཀྱི་ཟིན་ཐོ་ལས་གསལ་ལྷམ་མེར་མཐོང་ཐུབ།

འདིར་བཤད་འདོད་པ་ནི་ལྡོང་མི་ཉག་གི་མི་རིགས་འདི་མ་ཤི་སྔུན་ནས་དུར་འཇུག་མི་བྱེད་པར་འཚལ་ཞུ། ཕུ་བོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་གཉིས་ལས་མཆེད་ཅིང་ལྡོང་གི་རུས་རྒྱུད་འཛིན་པའི་ཨ་འོ་ལྡོང་མི་ཉག་བ་ཚོ་ད་ལྟའི་དབང་དུ་བྱས་ན་དར་རྩེ་མདོ་རྫོང་དང་བརྒྱད་ཟུར་རྫོང་། ཉག་ཆུ་རྫོང་། རྟའུ་རྫོང་བཅས་ཀྱི་ས་ཁུལ་དུ་ལས་སུ་འབྲོག་ལས་དང་ཞིང་ལས་བྱེད། མགོ་ལ་ཕྱིང་ཞྭ་གྱོན། ལུས་སུ་པགས་ལྭ་འདབ་རིང་ཅན་གོན། ཐ་གུའི་སྐ་རགས་བཅིངས། སྐ་རགས་ལ་གྲི་ཆུང་དང་མེ་འཆའ་འདོགས། རྐང་ལ་རྐོ་བའི་ལྷམ་གོན། རྣ་བར་རྣ་ལུང་འདོགས། མོ་རྣམས་ཀྱིས་ལུས་ལ་ཕུ་རུང་རིང་ཞིང་གོང་བ་ཕྱིར་སློགས་པའི་སྣམ་བུའི་ལྭ་གོན། ནས་འབྲུ་བསྙལ་ནས་ཨ་རག་བཟོ་སྟེ། མི་ལོ་སྟོང་ཕྲག་མང་པོ་འཕྲང་དུ་བརྒྱུད་པའི་རང་གི་ཡབ་མེས་ཀྱི་ཕ་ཁྱིམ་དྲོན་མོ་སྲུང་ནས་འཚོ་ཞིང་ཡོད་ན་ལྡོང་མི་ཉག་རྒྱལ་ལོ།། །།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༣ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese